ཞི་ཅིན་ཕེན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་ཚེས་གཉིས་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྒྲོག་འགྲེལ་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་རྩ་འཛུགས་གཅིག་བསྡུས་ཀྱི་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་དེ། ང་ཚོའི་ཏང་གི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གཞི་རིམ་དུ་རྐང་ཚུགས་པ་དང་མང་ཚོགས་ཀྱི་ཁྲོད་དུ་རྐང་ཚུགས་པ། མི་སེམས་དུ་འཐིམ་པར་བྱེད་པའི་བྱ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་བྱེད་ཐབས་འདི་བཀོལ་སྤྱོད་དང་རྒྱུན་འཁྱོངས་བཟང་བོ་བྱེད་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་དགོས་ན་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ཞེས་པའི་བརྗོད་དོན་འདི་འབུར་དུ་ཐོན་པར་བྱེད་པ་དང་། དོན་དངོས་དང་འབྲེལ་ནས་གོ་བ་གཏིང་ཟབ་ལེན་པ། ཉིད་བཅུད་ཁོང་དུ་ཆུད་པར་བྱེད་པ། སྒྲོག་འགྲེལ་གྱི་སྒྱུ་རྩལ་ཁྱད་ནུས་འདོན་སྤེལ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱི་ཚོར་སྣང་མཚོན་པར་བྱེད་དགོས། གནས་བབ་གསར་བའི་འོག་ཏུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་དགོས་ངེས་རང་བཞིན་དང་གལ་ཆེན་རང་བཞིན་སྒྲོག་འགྲེལ་གསལ་བོ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བཏོན་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་བྱེད་ཐབས་གལ་ཆེན་སྒྲོག་འགྲེལ་གསལ་བོ་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་ཡོངས་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པར་བཏོན་པའི་རེ་བ་སྒྲོག་འགྲེལ་གསལ་བོ་བཅས་བྱེད་དགོས། ཚིག་བརྒྱ་མདོར་བསྡུས་ནས་བཤད་ན་ཇི་ལྟར་ལྟ་བ་དང་ཇི་ལྟར་སློབ་པ། ཇི་ལྟར་སྒྲུབ་པ་བཅས་སྒྲོག་འགྲེལ་གསལ་བོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། སྒྲོག་འགྲེལ་བྱ་འགུལ་གྱིས་ཁ་གཏད་རང་བཞིན་དང་དུས་ནུས་རང་བཞིན། ཁྱོན་ཡོངས་ལ་ཁེབས་པར་བྱེད་པའི་ཤུགས་རྐྱེན་ཇེ་དྲག་ཏུ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱི་སྣེ་ཁྲིད་དེ་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་རེ་བའི་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཙོ་གནད་དུ་བཟུང་ནས། ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། ང་ཚོའི་ཏང་གིས་སྔར་ལས་ནུས་པ་ལྡན་པའི་སྒོ་ནས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རླབས་ཆེན་འཐབ་རྩོད་ཁྲོད་རྒྱལ་ཁ་གསར་བ་ལེན་པ་དང་རླབས་ཆེན་ལས་དོན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།