ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཧུང་ཞིག་ཀྲུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

111.jpg

ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུའུ་ཞི་ཧུང་ཞིག་ཀྲུའུ་ཡིས་ཁྲིད་པའི་ཀྲུང་གོ་གོ་མིན་ཏང་གི་སྐམ་ས་ཆེན་མོའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཀྲུའུ་ཞི་ཧུང་ཞིག་ཀྲུའུ་ཡིས་ཁྲིད་པའི་ཀྲུང་གོ་གོ་མིན་ཏང་གི་སྐམ་ས་ཆེན་མོའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཧུང་ཞིག་ཀྲུའུ་ཡིས་ཚོགས་པ་ཁྲིད་དེ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་དུ་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་བར་དུ་དགའ་སྐྱོའི་ལོ་རྒྱུས་མང་པོ་ཡོད་མྱོང་། དེ་དང་མཉམ་དུ་ཀྲུང་ཧྭ་མི་རིསག་འཕེལ་རྒྱས་ཀྱི་གནད་འགག་གི་སྐབས་སུ། ཏང་གཉིས་ཀྱིས་མི་རིགས་ཀྱི་ལ་རྒྱའི་ཆེད་དུ་མཉམ་ལས་ཐེངས་འགར་བྱས་ཏེ། མི་རིགས་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ལ་ནུས་པ་གལ་ཆེན་བཏོན་མྱོང་། ཉིས་སྟོང་ལྔ་ལོར་ཏང་གཉིས་ཀྱིས་ལོ་རྒྱུས་ཀྱི་བཀག་རྒྱ་གཏོར་ནས། འགྲོ་འོང་གི་ལམ་གསར་བ་བཏོད། ཏང་གཉིས་ཀྱི་མགོ་ཁྲིད་པས་མཉམ་དུ་མཚོ་འགག་འགྲམ་གཉིས་ཞི་བས་འཕེལ་རྒྱས་ཀྱི་ཐུན་མོང་གི་དམིགས་འདུན་བསྒྲགས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་གསལ་བོ་བསྟན། ཉིས་སྟོང་བརྒྱད་ལོར། གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་དང་མཉམ་དུ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་བཏོད་ནས། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་དངོས་སུ་ཕན་མང་པོ་བཏགས། བདེན་ལུགས་ནི་གཟུར་གནས་ཀུན་གྱིས་རྟོགས་པ་བཞིན་དུ། གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བའི་ཐད་བཞག་པའི་བྱས་རྗེས་དེ་ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། མཚོ་འགག་འགྲམ་གཉིས་ནི་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་ལས་དབང་གི་ཕུང་པོ་ཞིག་ཡིན། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི་གོ་གཉིས་ལོའི་ཐུན་མོང་ལྟ་བའི་ཆབ་སྲིད་རྨང་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོབ་བྱེད་པ་བཅས་ནི། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་འདོད་བློ་ཡིན་ལ། རྒྱལ་ཁབ་ཆ་ཚང་བར་གཏོར་བརླག་མི་ཐེབས་པར་ཁག་ཐེག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་ནི། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ཞིང་། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་དར་རྒྱས་ཀྱི་བསྐལ་པ་བཟང་པོ་ཡང་བསྐྱར་སྐྲུན་པ་ནི། འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན་ཟེར།

ཞི་ཅིན་ཕེན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་དགོངས་འཆར་དྲུག་བཏོན། གཅིག ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི་གོ་གཉིས་ལོའི་ཐུན་མོང་ལྟ་བ་རྒྱུན་འཁྱོངས་བྱེད་དགོས། གཉིས། ཐེ་ཝན་རང་བཙན་གྱི་ཁ་བྲལ་སྟོབས་ཤུགས་དང་དེའི་བྱ་འགུལ་ལ་ངོ་རྒོལ་མཐའ་འཁྱོལ་བྱེད་དགོས། གསུམ། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་དགོས། བཞི། ཀྲུང་ཧྭའི་རིག་གནས་མཉམ་དུ་དར་སྤེལ་བྱེད་དགོས། ལྔ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་སྔར་ལས་བདེ་སྐྱིད་སྐྲུན་དགོས། དྲུག ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།

ཧུང་ཞིག་ཀྲུའུ་ཡིས་བསྟན་དོན། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱིས་མུ་མཐུད་དུ་གོ་གཉིས་ལོའི་ཐུན་མོང་ལྟ་བ་དང་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་རྨང་གཞིའི་སྟེང་། འབྲེལ་འདྲིས་རྐྱེན་སྲོལ་ལ་ཤུགས་བསྣན་ནས། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དམངས་ཁྲོད་བརྗེ་རེས་འགྲོ་འོང་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་བརྗེ་རེས་ལ་ཡར་སྐུལ་བྱེད་པ། འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་དར་སྤེལ་བྱེད་པ། མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེའི་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བར་གྲོས་སྡུར་གང་ལེགས་བྱེད་པ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྲུང་སྐྱོབ་བྱེད་པ། སྤུན་ཟླར་སྔར་ལས་བདེ་སྐྱིད་སྐྲུན་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལམ་སྐྲུན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།