ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་གྲོས་ཚོགས་བསྡུས་ནས། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་སྔོན་གྱི་དུས་ཚིགས་གསུམ་གྱི་ནང་རང་རྒྱལ་གྱི་དཔལ་འབྱོར་སྤྱིར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དང་། སྒྲིག་གཞི་ལེགས་སྒྲིག་བྱེད་པའི་ཐད་ལ་གྲུབ་འབྲས་བཟང་བོ་ཐོབ་པར་མ་ཟད། མཐོ་གསར་ལག་རྩལ་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་སོང་བ་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་བ། དངུལ་ལོར་ཚོང་ར་བརྟན་འཇགས་སྒོས་འཁོར་རྒྱུག་བྱས་པ། བཅོས་སྒྱུར་སྒོ་འབྱེད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ། ལྗང་མདོག་འཕེལ་རྒྱས་ཐད་ལ་གྲུབ་འབྲས་ཐོབ་པ། མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་དང་དཔལ་འབྱོར་འཕར་སྣོན་གཉིས་མཐུན་སྦྱོར་ཡོང་བར་བྱས་ཏེ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས་ཡོད་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དེང་སྐབས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བའི་ཁྱད་ཆོས་ལ་དམིགས་ཏེ། སྤྱིའི་མཁོ་སྤྲོད་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་གཙོ་བོར་བཟུང་སྟེ། སྔོན་དཔག་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་པ། བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་མགོ་བཟང་བོ་ཞིག་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།