ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཅིག་གྱུར་ཅན་གྱི་རྒྱལ་ཁབ་ཁྲིམས་འཛིན་སྐྱོབ་རོགས་ནང་རྐྱེན་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ཆར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་གསལ་ལྟར་ན། རང་རྒྱལ་གྱི་ཁྲིམས་ཁང་གིས་རྒྱལ་ཁབ་ཁྲིམས་འཛིན་སྐྱོབ་རོགས་ནང་རྐྱེན་འཚོལ་ཞིབ་བྱེད་ཀྱིན་པའི་སྒང་ཡིན་པས།གཅིག་གྱུར་ཅན་གྱི་རྒྱལ་ཁབ་ཁྲིམས་འཛིན་སྐྱོབ་རོགས་ནང་རྐྱེན་བཙུགས་ཏེ། རེ་ཞུ་ཐབས་ལམ་རྒྱ་བསྐྱེད་རྒྱུ་ཡིན་པར་མ་ཟད། སྐྱོབ་རོགས་ཁྱབ་ཁོངས་དང་ཚད་གཞི་གཅིག་གྱུར་གཟབ་ནན་གྱིས་དངོས་འབེབས་བྱེད་རྒྱུ་རེད།

  ཤེས་གསལ་ལྟར་ན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྐྱོབ་རོགས་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ”དེ་ཁྲིམས་འཛིན་བཅོས་བསྒྱུར་བྱེད་པའི་ལས་འགན་གལ་ཆེན་གྱི་གྲས་སུ་བཞག་པ་དང་། ཐེན་ཅིན་གྲོང་ཁྱེར་དང་སི་ཁྲོན།ཡུན་ནན་བཅས་ཞིང་ཆེན་གྱི་ཁྲིམས་ཁང་ཚོད་ལྟ་བྱ་ཡུལ་དུ་བཞག་ནས། ཧུར་བརྩོན་གྱིས་འཚོལ་ཞིབ་བཅོས་བསྒྱུར་སྣ་ཚོགས་སྤེལ་བཞིན་ཡོད།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《མི་དམངས་ཁྲིམས་ཁང་གི་རྒྱལ་ཁབ་ཁྲིམས་འཛིན་སྐྱོབ་རོགས་བྱ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བསམ་འཆར》བཏོན་ནས།འདྲི་གཅོད་ལག་བསྟར་ཁྲོད་ཀྱི་དཀའ་ཁག་མང་ཚོགས་ཀྱི་རྒྱལ་ཁབ་ཁྲིམས་འཛིན་སྐྱོབ་རོགས་བྱ་བ་ཚད་ལྡན་དུ་བཏང་།

  ཐེན་ཅིན་ཁྲིམས་ཁང་གིས་གྱོད་དོན་བདག་སྤྲོད་དང་སྐྱོབ་རོགས་ཁྱབ་ཁོངས། སྐྱོབ་རོགས་གོ་རིམ། སྐྱོབ་རོགས་ཚད་གཞི། གྲོན་དངུལ་འགན་སྲུང་། མ་དངུལ་གཏོང་སྤྲོད་སོགས་ཀྱི“གཅིག་གྱུར་དྲུག”མངོན་འགྱུར་བྱས་པས།དོན་ཐོག་པའི་ཡིད་ཚིམ་ཚད་བརྒྱ་ཆའི་བརྒྱ་ལ་ཉེ། སི་ཁྲོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྐྱོབ་རོགས་ཐོན་ཁུངས་ཧུར་པོར་གཏོང་བ་དང་སྐྱོབ་རོགས་གོ་རིམ་སྟབས་བདེར་བཟོ་བ། ཀུན་གསལ་སྒོས་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་གསུམ་ནས་མགོ་བརྩམས་ཏེ། འགན་སྲུང་ནུས་ལྡན་དང་མཐུན་སྦྱོར་ནུས་མཐོ། ཕྱོགས་ཡོངས་བཀག་འཛིན་ཅན་གྱི་ཁྲིམས་འཛིན་སྐྱོབ་རོགས་བྱ་བའི་ནང་རྐྱེན་གསར་པ་ཐོག་མར་ཆགས་སུ་བཅུག་ཡོད། ཡུན་ནན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཉམ་འགུལ་ནང་རྐྱེན་མང་པོ་ལག་བསྟར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། གྱོད་དོན་དང་འབྲེལ་བའི་ཁྱད་དབུལ་མང་ཚོགས་ཀྱི“སྤྱི་ཚོགས་འགན་སྲུང་གནས་ཚུལ”དེ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྐྱོབ་རོགས་ཀྱི་རེ་འདུན་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ཏེ།གཏན་འཁེལ་བྱས་ཡོད་པའི་སྤྱི་ཚོགས་འགན་སྲུང་ཆ་རྐྱེན་དང་མཐུན་ན། དམིགས་བསལ་སྒོས་སྤྱི་ཚོགས་འགན་སྲུང་སྐྱོབ་རོགས་བྱེད་རྒྱུ་རེད།

  སྡོམ་རྩིས་བྱས་པ་ལྟར་ན། 2014ལོ་དང2015ལོར། ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་རྒྱལ་ཁབ་ཁྲིམས་འཛིན་སྐྱོབ་རོགས་མ་དངུལ་གྱི་སྤྱི་གྲངས་ནི་སོ་སོར་སྒོར་དུང་ཕྱུར24.7དང་སྒོར་དུང་ཕྱུར29.49རེད། 2014ལོར་རྒྱལ་ཡོངས་སུ་བསྡོམས་པས་མི་ཁྲི8ལྷག་ལ་ཁྲིམས་འཛིན་སྐྱོབ་རོགས་ཐོབ།

  ཉེ་ཆར་བསྡུས་པའི་རྒྱལ་ཡོངས་ཁྲིམས་ཁང་གི་རྒྱལ་ཁབ་ཁྲིམས་འཛིན་སྐྱོབ་རོགས་བཅོས་བསྒྱུར་སྐུལ་འདེད་ཚོགས་འདུའི་སྟེང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཐའོ་ཁེ་ཡོན་གྱིས་བསྟན་དོན།རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས“སྐྱོབ་རོགས་ལམ་ལུགས་ཁྲིམས་ལུགས་ཅན་དང་། སྐྱོབ་རོགས་གྱོད་དོན་ཁྲིམས་འཛིན་ཅན”དུ་བསྒྱུར་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཐེན་ཅིན་ཁྲིམས་ཁང་གིས་བསྐྲུན་པའི“གཅིག་གྱུར་དྲུག”གི་བཅོས་བསྒྱུར་ཉམས་མྱོང་དཔེ་སྟོན་དུ་བཟུང་བ། ཕྱི་གསལ་ནང་གསལ་ཡོང་བར་འགན་སྲུང་བྱས་པ་བཅས་ཀྱིས་དངོས་གནས་ཁྲིམས་འཛིན་གྱི་ཡིད་རྟོན་ནུས་པ་ཇེ་མཐོར་གཏོང་དགོས།

  ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དུས་མཚུངས་སུ་བསྟན་དོན། རིམ་པ་སོ་སོའི་ཁྲིམས་ཁང་གིས་རྒྱལ་ཁབ་ཁྲིམས་འཛིན་སྐྱོབ་རོགས་བྱ་བའི་ནང་རྐྱེན་དང་གྲོན་དངུལ་འགན་སྲུང་ནང་རྐྱེན། ལྟ་སྐུལ་དོ་དམ་ནང་རྐྱེན། ཆ་འཕྲིན་མཉམ་སྤྱོད་ནང་རྐྱེན་བཅས་འཐུས་ཚང་དུ་གཏོང་རྒྱུ་རེད། ཁྲིམས་འཛིན་གཟབ་ནན་བྱེད་པ་རྒྱུན་འཁྱོངས་དང་།གྱོད་བསྒྲུབ་ནུས་པ་ཇེ་མཐོར་གཏོང་བ་དང་། ཁྲིམས་འཛིན་སྐྱོབ་རོགས་ལམ་ལུགས་དང་ཏང་ཨུའི་སྲིད་གཞུང་། སྤྱི་ཚོགས་འགན་སྲུང་ལམ་ལུགས།ཁྲིམས་འཛིན་བྱ་བ་གཞན་དག་བཅས་འབྲེལ་མཐུད་ཡོང་བར་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྐྱོབ་རོགས་བཅོས་བསྒྱུར་བརྒྱུད་དེ་དངོས་གནས་མི་དམངས་མང་ཚོགས་ལ་ཐོབ་སྣང་མང་པོ་ཡོད་དུ་འཇུག་དགོས་སོ།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།