ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་སྤྱི་སྡོམ་གཟེངས་བསྟོད་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

    སྤེལ་དུས། : 2016-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་སྤྱི་སྡོམ་གཟེངས་བསྟོད་བྱ་བར་མཛུབ་སྟོན་གལ་ཆེན་གནང་སྟེ་གསུངས་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དེ་ནི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག གྲ་སྒྲིག་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ལས་ཁུངས་སོ་སོ། ས་གནས་བཅས་ཀྱིས་བསམ་བློ་གཅིག་གྱུར་དང་རང་རང་གི་འགན་འཁྲི་དང་ལེན་བྱས་པ་དང་། རྩ་འཛུགས་ཞིབ་མོ་བྱས་པའི་འབྲས་བུ་ཡིན་པས། ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ལ་བྱས་རྗེས་བཞག་པའི་མི་སྣར་གཟེངས་བསྟོད་བྱེད་དགོས། ཕྱི་འབྲེལ་དང་ནོར་སྲིད། བདེ་འཇགས་འགན་སྲུང་། དྲིལ་སྒྲོག རིག་རྩལ། འགྲིམ་འགྲུལ། སྤུས་ཚད་ཞིབ་བཤེར་ཚད་ལེན། འཕྲོད་བསྟེན། ནམ་གཤིས། མཁོ་སྒྲུབ་སོགས་ལས་ཁུངས་ཀྱིས་སྤྱི་སྡོམ་དང་གཟེངས་བསྟོད་བྱ་བ་བཟང་བོར་བསྒྲུབ་དགོས། ཀྲེ་ཅང་ཞིང་ཆེན་དང་ཧང་ཀྲིག་གྲོང་ཁྱེར་གྱིས་རྩ་འཛུགས་ཞིབ་མོ་བྱས་ཤིང་ཁྱོན་ཡོངས་སྐུལ་སློང་བྱས་པ་དང་། རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཀྱིས་ཁྱོན་ཡོངས་ལ་དམིགས་ཤིང་རང་འགུལ་སྒོས་ཞབས་ཕྱི་སྒྲུབ་ནས་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ལེགས་འགྲུབ་འབྱུང་བར་བྱས་རྗེས་ཆེན་པོ་བཞག་པས་ཁས་ལེན་བྱེད་འོས་པ་དང་གཟེངས་བསྟོད་བྱ་བ་བཟང་བོར་བསྒྲུབ་དགོས། ང་ཚོས་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱེད་དགོས་པར་མ་ཟད་སྤྱི་ཚོགས་ཡོངས་སུ་བདག་པོའི་འདུ་ཤེས་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས། སྒེར་སེམས་མེད་པར་བྱས་རྗེས་འཇོག་པའི་སྙིང་སྟོབས་དར་སྤེལ་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ནུས་པ་འདོན་སྤྲོད་བྱེད་དགོས་ཟེར།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་ཀྲེ་ཅང་ཞིང་ཆེན་གྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཚེས་ཉི་ཤུ་ཉིན་ཧང་ཀྲིག་ནས་ཚོགས་པ་དང་། ཚོགས་ཐོག་ནས་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་སྒྲོག་འདོན་བྱས། ཚོགས་ཐོག་ནས་མཐོ་རིམ་གྲོས་ཚོགས་ཀྱི་ཞབས་ཕྱིའི་འགན་སྲུང་བྱ་བའི་ཉམས་མྱོང་བཟང་བོ་སྤྱི་སྡོམ་བྱས་པ་དང་མཐོ་རིམ་གྲོས་ཚོགས་ཀྱི་ཞབས་ཕྱིའི་འགན་སྲུང་བྱ་བར་བྱས་རྗེས་བཞག་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས། ཀྲེ་ཅང་ཞིང་ཆེན་དང་ཧང་ཀྲིག་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བ་དང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར། ལས་རིགས་སོ་སོའི་འཐུས་མི་སྟོང་གཉིས་ལྷག་བཅས་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།