ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

mokeer.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ལྔ་ཉིན་ཧང་ཀྲིག་ནས་ཀྲུང་གོ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ལྔ་ཉིན་ཧང་ཀྲིག་ནས་ཀྲུང་གོ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་འཇར་མན་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་ལ། མིག་སྔར། འཛམ་གླིང་གི་གནས་བབ་དེ་རྙོག་འཛིང་འགྱུར་ལྡོག་ཁྲོད་གནས་ཡོད་པས། ཕྱོགས་སོ་སོས་མཉམ་དུ་ཁ་གཏད་འཇལ་དགོས་པ་དང་། མཉམ་ལས་མཉམ་རྒྱལ་གྱི་ལམ་དུ་བསྐྱོད་དགོས། ཀྲུང་གོ་དང་འཇར་མན་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་བརྟན་པོ་འདིང་བ་དང་། མཐོ་རིམ་བར་གྱི་བརྗེ་རེས་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། དུས་ལྟར་ཕྱོགས་གཉིས་ཀའི་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཆེན་པོ་ཐད་ནས་བརྗེ་རེས་གཏིང་ཟབ་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བྱུང་ཟིན་པའི་ཐུན་མོང་གི་ལྟ་བ་ལག་བསྟར་ནན་མོ་བྱས་ནས། གསར་གཏོད་མཉམ་ལས་སྤེལ་དགོས། མི་གཞུང་བརྗེ་རེས་ཀྱི་ཐག་སྦྲེལ་རྒྱ་བསྐྱེད་པ་དང་། ན་གཞོན་ལོ་ཆུང་གི་བརྗེ་རེས་ལོ་གོ་སྐབས་སུ་བརྩིས་ནས། སློབ་གསོ་དང་ཚན་རྩལ། རིག་གནས། འཕྲོད་བསྟེན། གནས་སྐོར། ན་གཞོན་གྱི་གསར་གཏོད་ལས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། ཕྱོགས་མང་པོའི་ངོས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པའི་འབད་འཐབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་གཏན་ནས་མི་འགྱུར་བ་དང་། ཡོ་རོབ་གླིང་ལ་འགྲན་རྩོད་དེར་ཁ་གཏད་འཇལ་བའི་ནུས་པ་དང་རིག་སྟོབས་ཡོད་པར་ཡིད་ཆེས་ཡོད་ཟེར།

མའོ་ཁི་ཨར་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་དོན་དང་གྲུབ་འབྲས་དེ་འཇར་མན་གྱིས་སང་ལོར་གཙོ་སྒྲུབ་བྱེད་པའི་ཧན་པོ་མཐོ་རིམ་གྲོས་ཚོགས་ཀྱི་བསམ་ཚོད་དང་མཐུན་ལ། ཧན་པོ་མཐོ་རིམ་གྲོས་ཚོགས་བསྡུ་བར་གྲ་སྒྲིག་བྱེད་པའི་གོ་རིམ་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཐོབ་པར་རེ་སྒུག་བྱེད་ཀྱིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་མཐོ་རིམ་བར་གྱི་བརྗེ་རེས་ཇེ་དམ་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་ཤུགས་བསྣན་ནས། མི་གཞུང་ཐད་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་བཅས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།