ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་པ་ཞིའི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

77777.jpg

 རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གཉིས་ཉིན་ཧང་ཀྲིག་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་པ་ཞིའི་ཙུང་ཐུང་ཐི་མཱེ་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གཉིས་ཉིན་ཧང་ཀྲིག་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་པ་ཞིའི་ཙུང་ཐུང་ཐི་མཱེ་ཨར་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་ཐོག་མར་པ་ཞིས་ལེ་ཡེའོ་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། མི་འགྱང་བར་བསྡུ་རྒྱུ་ཡིན་པའི་ལེ་ཡེའོ་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་སྔར་བཞིན་དུ་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་པ་ཞིའི་མཛའ་མཐུན་འབྲེལ་བར་རྒྱལ་ཁབ་གཉིས་ཀྱི་སྐབས་རིམ་པའི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོས་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཀྲུང་གོ་པ་ཞིའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། ཀྲུང་གོ་དང་པ་ཞིའི་མཉམ་ལས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོ་དང་པ་ཞི་གཉིས་ཀྱིས་མུ་མཐུད་དུ་ཕ་རོལ་བ་ནི་རང་ཉིད་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲོགས་པོར་བརྩི་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་པ་ཞིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་གསར་བ་རུ་གོང་འཕེལ་ལ་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་པ་ཞིས་མཐོ་རིམ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་ཟབ་མོ་སྲུང་འཛིན་བྱེད་དགོས། དཔལ་འབྱོར་གསབ་རེས་ཀྱི་ཁྱད་སྟོབས་འདོན་སྤེལ་དང་འབྱོར་ཚོང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། ཐོན་ལས་སྦྲེལ་མཐུད་དང་ཐོན་ནུས་མཉམ་ལས་ལ་ཤུགས་སྣོན་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྒུལ་ཤུགས་གསར་བ་སྣོན་དགོས། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཏོ་ཧ་གྲོས་མོལ། ནམ་ཟླའི་འགྱུར་ལྡོག་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཀྱི་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་དགོས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་དང་གཞོགས་འདེགས་ཇེ་ཟབ་ཏུ་གཏོང་དགོས།

ཐི་མཱེ་ཨར་གྱིས་བསྟན་དོན། ཙུང་ཐུང་གི་འགན་དངོས་སུ་འཁུར་རྗེས་ཀྲུང་གོར་འཚམས་འདྲིར་ཡོང་ཐུབ་པ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་ཐུབ་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། པ་ཞི་རྒྱལ་ཁབ་ཀྱིས་ཀྲུང་གོའི་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཡུན་རིང་བརྟན་འཇགས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྱོར་ཚོང་དང་ནུས་ཁུངས། མཁའ་འགྲུལ། ཞིང་ཕྱུགས་ལས། དངུལ་གཏོང་དངུལ་བསྡུ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ནམ་ཟླའི་འགྱུར་ལྡོག་སོགས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་རོགས་ལས་དམ་པོར་ཁ་གཏད་འཇལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།