ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ2030ལོའི་བར་གྱི་བདེ་ཐང་ཀྲུང་གོ་འཆར་འགོད་རྩ་གནད་ཅེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་གྲོས་ཚོགས་བསྡུས་ཏེ། 2030ལོའི་བར་གྱི་བདེ་ཐང་ཀྲུང་གོ་འཆར་འགོད་རྩ་གནད་ཅེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་སྟེང་བལྟས་ན། 2030ལོའི་བར་གྱི་བདེ་ཐང་ཀྲུང་གོ་འཆར་འགོད་རྩ་གནད་འགོད་པ་དང་ལག་བསྟར་བྱེད་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་ལ་ཁག་ཐེག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། དེ་དང་མཉམ་དུ་དེ་ནི་རང་རྒྱལ་འཛམ་གླིང་ཡོངས་ཀྱི་བདེ་ཐང་བཅོས་སྐྱོང་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་། རང་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ཁྲོད་བཞག་པའི་དམ་བཅའ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པར་སྙམ།

གྲོས་ཚོགས་སྟེང་བསྟན་དོན། 2030ལོའི་བར་གྱི་བདེ་ཐང་ཀྲུང་གོའི་འཆར་འགོད་རྩ་གནད་ནི་ཕྱིན་ཆད་ལོ་བཅོ་ལྔའི་རིང་ལ་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་རྩ་གནད་ཡིན་པས། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཅངས་པ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཡང་དག་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བདེ་ཐང་སྔོན་སྐྱོད་དང་བཅོས་སྒྱུར་གསར་གཏོད། ཚན་རིག་ལྟར་འཕེལ་རྒྱས། དྲང་གཞག་དྲང་བདེན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་གཙོ་བོར་འཛིན་པ་དང་། སྒྲིག་གཞི་དང་ལམ་ལུགས་བཅོས་སྒྱུར་དང་གསར་གཏོད་བྱེད་རྒྱུ་སྒུལ་ཤུགས་སུ་བརྩིས་ནས། བདེ་ཐང་གི་འཚོ་བོ་ཁྱབ་གདལ་དུ་གཏོང་བ་དང་། བདེ་ཐང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། བདེ་ཐང་འགན་སྲུང་འཐུས་ཚང་དུ་གཏོང་བ། བདེ་ཐང་ཁོར་ཡུག་འཛུགས་སྐྲུན་བྱེད་པ། བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་གཙོ་བོར་བཟུང་སྟེ། བདེ་ཐང་སྲིད་ཇུས་ཁྲོད་འགོད་དགོས་པར་མ་ཟད། མི་དམངས་ཀྱི་བདེ་ཐང་ལ་ཁྱོན་ཡོངས་ནས་ཁག་ཐེག་བྱེད་པ་དང་། བདེ་ཐང་གི་ཆུ་ཚད་ཆེས་ཆེར་མཐོར་འདེགས་སུ་གཏོང་བ། བདེ་ཐང་དྲང་བདེན་ཡོང་བར་མངོན་གསལ་སྒོས་ལེགས་བཅོས་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རིམ་པོ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲིའི་རང་བཞིན་དང་དགོས་གཏུག་རང་བཞིན་ཇེ་ཆེར་བཏང་སྟེ། མི་དམངས་ཀྱི་བདེ་ཐང་དེ་སྔོན་ལ་འཛིན་པའི་འཕེལ་རྒྱས་འཐབ་ཇུས་གོ་གནས་སྟེང་བཞག་ནས། ཆ་སྡེབས་སྲིད་ཇུས་ལ་ཞིབ་འཇུག་དང་གཏན་འཁེལ་བྱེད་པ་དམ་འཛིན་བྱེད་དགོས། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མྱུར་དུ་ཞན་ཆ་གསབ་པར་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བདེ་ཐང་གི་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།