ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུའི་སྟེང་དེང་སྐབས་ཆུ་ལོག་འགོག་པ་དང་གནོད་སེལ་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིན་ཞ་རང་སྐྱོང་ལྗོངས་ན་རྟོག་ཞིབ་མཛད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུའི་སྟེང་དེང་སྐབས་ཆུ་ལོག་འགོག་པ་དང་གནོད་སེལ་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་གསུངས་བཤད་གལ་ཆེན་གནང་སྟེ། དེང་སྐབས་ཆུ་ལོག་འགོག་པ་དང་གནོད་སེལ་རྒུད་སྐྱོབ་གནས་བབ་ཛ་དྲག་ཆེ་བ་དང་ལས་འགན་ཧ་ཅང་ལྕི་བས། འབྲེལ་ཡོད་ས་གནས་དང་ལས་ཁུངས། སྡེ་ཁག་བཅས་སོ་སོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་གོ་གནས་གལ་ཆེན་བཞག་སྟེ་མྱུར་དུ་འགུལ་སྐྱོད་སྤེལ་ཞིང་བྱེད་ཐབས་ནུས་ལྡན་སྤྱོད་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་ཆུ་ལོག་འགོག་པ་དང་གནོད་སེལ་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཉེ་ལམ། མཁའ་དབུགས་འཁྱག་དྲོད་ཀྱི་ཤུགས་རྐྱེན་མཉམ་ཐེབས་བྱས་པས། རང་རྒྱལ་གྱི་ས་གནས་སྐོར་ཞིག་ལ་དྲག་ཆར་བབས་དང་འབབ་བཞིན་ཡོད། ཞི་ཅིན་ཕེན་གྱིས་དེང་སྐབས་ཆུ་ལོག་འགོག་པ་དང་གནོད་སེལ་རྒུད་སྐྱོབ་བྱ་བ་བ་བཟང་བོར་བསྒྲུབ་པའི་ཐད་ལ་རེ་བ་དྲུག་བཏོན། གཅིག ཆུ་ལོག་འགོག་པ་དང་གནོད་སེལ་རྒུད་སྐྱོབ་འགན་འཁྲིའི་ལམ་ལུགས་དངོས་འབེབས་བཟང་བོ་བྱེད་དགོས། གཉིས། ཚན་རྩལ་གནད་ཕིགས་ཀྱི་སྒོ་ནས་ནམ་ཟླའི་སྔོན་བརྡ་ལ་བརྟག་དཔྱད་བྱེད་དགོས། གསུམ། སྔོན་འགོག་བྱ་བ་གཙོར་བཟུང་ནས་དམ་འཛིན་བྱེད་དགོས། བཞི། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མི་སྣའི་བདེ་འཇགས་འགན་སྲུང་བྱེད་དགོས། ལྔ། དམག་དམངས་མཉམ་འབྲེལ་འགོག་སྲུང་རྐྱེན་སྲོལ་ཇེ་དྲག་ཏུ་གཏོང་དགོས། དྲུག གནོད་ཐེབས་རྗེས་ཀྱི་ཆུ་བེད་འཛུགས་སྐྲུན་ཐད་ལ་འཆར་གཞི་བཟང་བོ་འགོད་དགོས་པ་བཅས་རེད།

ཞི་ཅིན་ཕེན་གྱིས་བསྟན་དོན། རིམ་པ་སོ་སོའི་མགོ་ཁྲིད་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་གཙོ་བོ་ཡུལ་དངོས་ལ་སོང་ནས་བཀོད་འདོམས་བྱེད་པ་དང་། འབྲེལ་ཡོད་ས་གནས་དང་ལས་ཁུངས། སྡེ་ཁག་བཅས་སོ་སོས་རང་རང་གི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས་ལ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྟོབས་ལྡན་མགོ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། རིམ་པ་སོ་སོའི་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་ལ། རྒྱ་ཆེའི་གུང་ཁྲན་ཏང་མིས་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རང་བྱུང་གནོད་འཚེ་ལ་འཐབ་འཛིང་བྱེད་པའི་ཁྲོད་དུ་ཉམས་སད་ཐེག་པར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།