ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭ་ཆེན་མོ་བའི་དང་བླངས་པ་ཞང་སྟོང་དང་སྡེ་བ་ཁྲི་རུ་སོང་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་འགུལ་སྐྱོད་ཁྲོད་མཚོ་སྔོན་གྱི་ཐུན་མོང་དང་མི་སྒེར་ལ་རྒྱལ་ཁབ་ཀྱིས་གཟེངས་བསྟོད་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། ཀྲུང་གོ་ཁོར་ཡུག་ཚན་རིག་སློབ་ཚོགས་ཀྱིས2015ལོའི་སློབ་གྲྭ་ཆེན་མོ་བའི་དང་བླངས་པ་ཞང་སྟོང་དང་སྡེ་བ་ཁྲི་རུ་སོང་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་འགུལ་སྐྱོད་ཁྲོད་ཀྱི་ཕུལ་བྱུང་ཐུན་མོང་དང་མི་སྒེར་བདམ་ཐོན་བྱུང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་ཚན་རིག་སློབ་ཚོགས་སོགས་ཐུན་མོང་ལ་ཕུལ་བྱུང་རྩ་འཛུགས་སྡེ་ཁག་དང་། སློབ་གྲྭ་ཆེན་མོ་བའི་དང་བླངས་པ་གཉིས་དང་མཐོ་རིམ་སློབ་གྲྭའི་དགེ་རྒན་གསུམ་ལ་སོ་སོར་ཕུལ་བྱུང་དང་བླངས་པ་དང་། ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་མཚན་སྙན་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། 2015ལོའི་སློབ་གྲྭ་ཆེན་མོ་བའི་དང་བླངས་པ་ཞང་སྟོང་དང་སྡེ་བ་ཁྲི་རུ་སོང་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་འགུལ་སྐྱོད་ཁྲོད་བསྡོམས་པས་ཞིང་ཆེན་དང་གྲོང་ཁྱེར་བཅུ་བཞིའི་ཁོར་ཡུག་ཚན་རིག་སློབ་ཚོགས་དང་། མཐོ་རིམ་སློབ་གྲྭ་བརྒྱད་ཅུའི་ལྷག་གིས་རྩ་འཛུགས་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཚན་རྩལ་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་ཆེད་དོན་རུ་ཁག་ཆུང་བ་དྲུག་བརྒྱ་དང་གྱ་བདུན་ཞིང་སྡེ་རུ་སོང་བ་མ་ཟད། སྔ་གཞུག་ཏུ་སློབ་གྲྭ་ཆེན་མོ་བའི་དང་བླངས་པ་སྟོང་བདུན་ལྷག་གིས་སྲོང་ལམ་ནས་སྒྲོག་འགྲེལ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཟློས་གར་ཐུང་བ་སྒྲིག་བཟོ་བྱས་ནས་འཁྲབ་སྟོན་བྱེད་པ། སློབ་ཆུང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱེད་པ་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་དེ། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཚན་རྩལ་ཤེས་བྱ་ཞིང་སྡེ་རུ་སྐྱེལ་ནས་གྲུབ་འབྲས་མི་དམན་པ་བླངས་ཟེར།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།