ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཞིང་ཆེན་ཁ་ཤས་ཀྱི་ཆུ་ལོག་འགོག་པའི་བྱ་བའི་སྟེང་ཚན་རིག་དང་མཐུན་པར་བཀོད་སྒྲིག་དང་འགན་འཁྲིའི་ནུས་པ་ཇེ་ཆེར་བཏང་ནས་ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འབྲི་ཆུ་དང་ཧོད་ཧི་གཙང་བོའི་ཆུ་ལོག་འགོག་པའི་བྱ་བར་རྟོག་ཞིབ་བྱས་རྗེས། ཧུའུ་ནན་ཡེའོ་དབྱང་ནས་ཞིང་ཆེན་ཁ་ཤས་ཀྱི་ཆུ་ལོག་འགོག་པའི་བྱ་བའི་གྲོས་ཚོགས་བསྡུས་ཏེ་དུས་སྐབས་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ཏུ་ལིས་ཁི་ཆང་གིས་གསུངས་རྒྱུར། ཆུ་བེད་དར་རྒྱས་དང་ཆུའི་གནོད་འཚེ་བསལ་རྒྱུ་ནི་གནའ་ནས་བཟུང་རྒྱལ་སྐྱོང་བདེ་སྲུང་གི་དོན་ཆེན་ཞིག་ཡིན། ཉེ་བའི་དུས་སྐབས་ཤིག་ལ་ད་དུང་དྲག་ཆར་འབབ་རྒྱུ་ཡིན་པས་ཆུ་ལོག་འགོག་པའི་གནས་བབ་ཧ་ཅང་ཛ་དྲག་ཆེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཆུ་ལོག་འགོག་པ་དང་གནོད་འཚེ་བསལ་བར་རྐང་བཙུགས་ཏེ། ཆུ་ལོག་སྔོན་འགོག་བྱ་བར་གྲ་སྒྲིག་བཟང་བོ་བྱས་ནས་ཚད་མཐོན་པོའི་སྒོ་ནས་གྱོང་གུད་ཇེ་ཉུང་དུ་འགྲོ་བར་བརྩོན་ལེན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། འབྲེལ་ཡོད་ས་གནས་དང་འབྲེལ་ཡོད་ཕྱོགས་སོ་སོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་འགན་འཁྲིའི་ནུས་པ་ཇེ་ཆེར་གཏོང་དགོས། འབྲི་ཆུའི་སྟོད་སྨད་རྒྱུད་དང་བཞུར་རྒྱུན་གཙོ་བོའི་ཆུ་ལོག་འགོག་པའི་བྱ་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས་པ་དང་། བྱ་བ་དོན་ཐོག་ཏུ་མ་འཁྱོལ་པར་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བཟོས་པར་ཁྲིམས་ལྟར་འགན་འཁྲི་འདྲི་གཅོད་བྱེད་དགོས། དམག་དཔུང་དང་ས་གནས་ཀྱི་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་ཁྲོད་དུ་ཞུགས་པར་འགན་སྲུང་བྱེད་པ་དང་ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་ཐད་ནས་རྒྱལ་ཁ་ལེན་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།