ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ས་གནས་ཀྱིས་ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་བྱ་བ་བཟང་པོར་སྒྲུབ་པར་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པའི་མཛུབ་སྟོན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ས་གནས་ཀྱིས་ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་བྱ་བ་བཟང་པོར་སྒྲུབ་པར་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་།

ཞི་ཅིན་ཕེན་གྱིས་བསྟན་དོན། ཉེ་ལམ་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་པ་དང་། ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་ལས་འགན་ཧ་ཅང་ལྕི་བས། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་དེའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཆུ་ལོག་གི་གནས་ཚུལ་གསར་བ་དང་གནོད་སྐྱོབ་ཀྱི་དགོས་མཁོ་གསར་བ་གཞིར་བཟུང་ནས། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འབྲེལ་ཡོད་དམག་དཔུང་མྱུར་དུ་ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་འཐབ་ཕྱོགས་དང་པོར་སོང་ནས། ང་ཚོའི་དམག་དཔུང་གི་འཐབ་འཁྲུག་དྲག་པོ་བྱེད་ཕོད་པའི་གཟི་བརྗིད་ཀྱི་སྲོལ་བཟང་དར་སྤེལ་དང་། ཐོལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ། ས་གནས་ཀྱིས་ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་བྱ་བ་བཟང་པོར་སྒྲུབ་པར་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་དང་། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པར་བྱས་རྗེས་འཇོག་པར་བཀོད་འདོམས་བྱེད་དགོས་ཟེར།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕེན་གྱིས་མཛུབ་སྟོན་གལ་ཆེན་ལགག་བསྟར་མཐའ་འཁྱོལ་བྱས་ཏེ། དམག་དཔུང་གིས་ས་གནས་ཀྱིས་ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་བྱ་བ་བཟང་པོར་སྒྲུབ་པར་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་པར་བཀོད་སྒྲིག་བྱས། མིག་སྔར་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་གི་འབྲེལ་ཡོད་དམག་དཔུང་གིས་ཆུ་ལོག་འགོག་པ་དང་གནོད་འཚེ་སེལ་བའི་འཐབ་ཕྱོགས་དང་པོ་ན་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད་ལ། འབྲེལ་ཡོད་དམག་དཔུང་གིས་གྲ་སྒྲིག་གང་ལེགས་བྱས་ཏེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཅུས་བཀའ་བབས་མ་ཐག་མྱུར་དུ་འགུལ་སྐྱོད་སྤེལ་བར་ཁག་ཐེག་བྱས་ཡོད།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།