ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཞིང་ཆེན་དང་གྲོང་ཁྱེར་ཉེར་དགུའི་འཚོ་བཅུད་ལེགས་བཅོས་འཆར་འགོད་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བརྡ་ཐོ་བཏང་སྟེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཉེར་དགུའི་འཚོ་བཅུད་ལེགས་བཅོས་འཆར་འགོག་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་རེད། ཐེངས་འདིའི་ལྟ་སྐུལ་མཛུབ་སྟོན་བྱེད་པའི་གནད་ཆེ་ས་ནི་ས་གནས་སོ་སོའི་ཚོད་ལྟ་བྱ་བ་དང་ཟས་རིགས་མཁོ་སྤྲོད་དང་དོ་དམ། ཟ་ཁང་འཛུགས་སྐྲུན། འགྲོ་གྲོན་བཀོལ་སྤྱོད་དང་དོ་དམ། སློབ་མའི་འཚོ་བཅུད་སློབ་གསོ་སོགས་ཕྱོགས་དྲུག་ཐད་ཀྱི་ནང་དོན་ཉེར་གསུམ་རེད། ལྟ་སྐུལ་ཞིབ་བཤེར་བྱེད་པའི་དམིགས་ཡུལ་ནི་སློབ་མའི་ཟས་རིགས་ཀྱི་གནས་ཚུལ་དང་ཧུར་བརྩོན་གྲོན་ཆུང་བྱེད་པའི་བྱ་སྤྲོད་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། ས་གནས་སོ་སོས་འཚོ་བཅུད་ལེགས་བཅོས་འཆར་འགོད་དོ་དམ་དང་ལག་བསྟར་བྱེད་པའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་སྟེ། འཚོ་བཅུད་ལེགས་བཅོས་འཆར་འགོད་ཚད་མཐུན་སྒོས་བཀོལ་སྤྱོད་བྱེད་པའི་དུས་རིམ་གསར་བར་བསླེབས་པར་ཁག་ཐེག་བྱེད་རྒྱུ་དེ་རེད།

བརྡ་ཐོའི་ནང་ས་གནས་སོ་སོས་རང་ལ་ཞིབ་བཤེར་བྱེད་པར་མྱུར་དུ་རྩ་འཛུགས་བྱེད་པ་དང་། རང་གནས་རང་གི་འཚོ་བཅུད་ལེགས་བཅོས་འཆར་འགོད་བསྒྲུབ་པའི་གནས་ཚུལ་ལ་སྤྱི་བསྡོམས་བྱས་ནས། གནད་དོན་དང་མི་འདང་སར་ཞིབ་བཤེར་ནན་མོ་བྱེད་པ་དང་། དག་ཐེར་ཡོ་བསྲང་བྱ་བ་ཧུར་ཐག་སྒོས་སྒྲུབ་དགོས་པའི་རེ་བ་བཏོན། ས་གནས་སོ་སོའི་རང་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཆེད་དོན་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དགུ་བཙུགས་ཏེ། ཧི་པེ་དང་ཧྲན་ཞི། ནང་སོག ཅི་ལིན། ཧིས་ལུང་ཅང་། ཨན་ཧོས། ཅང་ཞི། ཧི་ནན། ཧུའུ་པེ། ཧུའུ་ནན། ཀོང་ཞི། ཁྲུན་ཆིན། ཟི་ཁྲོན། ཀོས་ཀྲིག ཡུན་ནན། ཧན་ཞི། ཀན་སུའུ། མཚོ་སྔོན་བཅས་ཞིང་ལྗོངས་དང་གྲོང་ཁྱེར་བཅོ་བརྒྱད་ཀྱིས་འཚོ་བཅུད་ལེགས་བཅོས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་ལ་དུས་ཡུན་གཟའ་འཁོར་གཅིག་རིང་ལ་ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།