ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དབུས་ནུབ་ས་ཁུལ་གྱི་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ་མི་འདང་ས་ཁ་གསབ་བྱེད་པ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བ། སྤྱི་ཚོགས་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་བཀོད་སྒྲིག་བྱས་པ་དང་། རིག་གནས་རིག་དངོས་ལས་ཁུངས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ཏེ། སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་དང་རྒྱལ་ཁབ་ཀྱི་མཉེན་སྟོབས་མཐོར་འདེགས་སུ་གཏོང་དགོས་པ་བསྟན་པར་མ་ཟད། ཞིང་ཁའི་ཆུ་བེད་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། དབུས་ནུབ་ས་ཁུལ་གྱི་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། ཆེས་དབུལ་ཕོངས་ས་ཁུལ་གྱི་སློབ་གསོའི་འདོན་སྤྲོད་ནུས་པ་དང་ཆེས་དཀའ་ཁག་མང་ཚོགས་ཀྱི་སློབ་གསོ་ཐེབས་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དེ་ལས་འགན་གཙོ་བོ་ཞིག་ཏུ་བརྩི་དགོས་ལ། སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་དེ་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། སློབ་གསོ་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་བ། དམངས་ཚིས་ལ་ཁག་ཐེག་དང་ལེགས་བཅོས་བྱེད་པ། ཁྱོན་ཡོངས་ནས་དབུལ་ཕོངས་ལས་ཐར་བར་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར།

གྲོས་ཚོགས་སྟེང་བལྟས་ན། རིག་གནས་རིག་དངོས་ལས་ཁུངས་ཀྱིས་ཉར་གསོག་བྱས་པའི་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དེ་ཕུལ་བྱུང་རིག་གནས་དར་སྤེལ་བྱེད་པ་དང་། ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་སྙམ།

ཞིང་ཁའི་ཆུ་བེད་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་པ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་བྱེད་ཆེད། གྲོས་ཚོགས་སྟེང་ཞིང་ཁའི་ཆུ་བེད་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།