ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། གནས་བབ་གསར་བའི་འོག་གི་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ཐད་རེ་བ་གསལ་བོ་བཏོན།

ཞི་ཅིན་ཕེན་གྱིས་བསྟན་དོན། ཏང་གི་སྲིད་ཁྲིམས་བྱ་བ་བཟང་བོར་སྒྲུབ་ན་ངེས་པར་དུ་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བའི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཕྱོགས་གཅིག་ནས་འབུར་ཐོན་གནད་དོན་ལེགས་བཅོས་བྱེད་རྒྱུ་དམ་འཛིན་བྱས་པ་དང་། ཕྱོགས་གཅིག་ནས་ཡུན་ཕན་རྐྱེན་སྲོལ་འཛུགས་པར་དམ་འཛིན་བྱས་པས། སྲིད་ཁྲིམས་དཔུང་སྡེའི་ཆབ་སྲིད་བྱང་ཚད་དང་ལས་སྒོའི་ནུས་པ། སྒྲིག་ལམ་ཀུན་སྤྱོད་སོགས་ཀྱི་ཐད་ནས་དགའ་འོས་པའི་འགྱུར་ལྡོག་བྱུང་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། གནས་བབ་གསར་བའི་འོག སྲིད་ཁྲིམས་དཔུང་སྡེའི་ཁག་ཏུ་ཁུར་བའི་ལས་འགན་སྔར་ལས་ལྕི་བ་དང་མི་དམངས་མང་ཚོགས་ཀྱི་རེ་བ་སྔར་ལས་མཐོ་བས། བསམ་བློ་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་དང་བོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་དང་ལས་སྒོ། འགན་འཁྲི། སྒྲིག་ལམ། ཀུན་སྤྱོད་བཅས་ཀྱི་ཐད་ནས་ཉམས་སད་ཐེག་ཐུབ་པའི་རེ་བ་ལྟར། འབད་བརྩོན་ཆེན་པོས་བཅོས་སྒྱུར་གསར་གཏོད་བྱེད་པ་དང་། ཆད་ལྡན་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཡིད་ཆེས་བརྟན་པ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁག་ཁུར་ཕོད་པ། ཀུན་སྤྱོད་གཙང་བ་བཅས་ཀྱི་སྲིད་ཁྲིམས་དཔུང་སྡེ་ཞིག་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས། ནུས་པའི་འཛུགས་སྐྲུན་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ལས་རིགས་བྱང་ཚད་དང་ཆེད་ལས་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། ཉེན་རྟོག་པ་ནན་མོར་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀུན་སྤྱོད་གཙང་ཞིང་བྱ་གཞག་ལ་འབད་པའི་སྐྱེ་ཁམས་བཟང་བོ་ཞིག་ཧུར་ཐག་གིས་སྐྲུན་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་སྲིད་ཁྲིམས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། སྲིད་ཁྲིམས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་སྒྲིག་སྦྱོར་བཟང་བོ་བྱས་ནས། སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་གྱི་གནད་དོན་གལ་ཆེན་ལ་དུས་ལྟར་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་ལ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ལས་རིགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྲིད་ཁྲིམས་དཔུང་སྡེའི་གསར་གཏོད་ནུས་ཤུགས་དང་མཐུན་སྒྲིལ་ནུས་ཤུགས། འཐབ་འཛིང་ནུས་ཤུགས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།