ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་ཀྲུང་གོའི་མཁའ་སྐྱོད་ཉིན་མོ་ཐེངས་དང་བོའི་སྐབས་སུ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་ཏེ་ཀྲུང་གོའི་མཁའ་སྐྱོད་ཉིན་མོ་ཐེངས་དང་བོའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཛུབ་སྟོན་གལ་ཆེན་གནང་ནས། ལོ་ངོ་དྲུག་ཅུའི་རིང་ལ་མཁའ་སྐྱོད་ལས་དོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་བཞག་པའི་བློ་མཐུན་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། རྒྱ་ཆེའི་མཁའ་སྐྱོད་ཚན་རྩལ་ལས་དོན་སྒྲུབ་མཁན་གྱིས་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་རྒྱུན་འཁྱོངས་ཀྱིས་ཀྲུང་གོའི་མཁའ་སྐྱོད་ལས་དོན་གྱི་ལོ་རྒྱུས་གསར་བ་སྐྲུན་ནས། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་བསྟན་དོན། ཡངས་པའི་འཇིག་རྟེན་ལ་འཚོས་རྟོག་བྱེད་པ་དང་མཁའ་སྐྱོད་ལས་དོན་འཕེལ་རྒྱས་སུ་བཏང་ནས་མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་རྒྱུ་ནི་ང་ཚོས་འབད་བརྩོན་ལྷོད་མེད་བྱེད་པའི་མཁའ་སྐྱོད་ཀྱི་ཕུགས་འདུན་ཡིན། རབས་འགའི་མཁའ་སྐྱོད་པས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་དེ། རང་རྒྱལ་གྱིས་མཁའ་སྐྱོད་ལས་དོན་ཐད་ནས་འབར་མདེལ་གཉིས་དང་འཁོར་སྐར་གཅིག་དང་། མི་སྡོད་མཁའ་སྐྱོད། ཟླ་བའི་གོ་ལའི་འཚོལ་ཞིབ་སོགས་འཐུས་ཚབ་ཡིན་པའི་འོད་སྟོང་འབར་བའི་གྲུབ་འབྲས་བླངས་ཏེ། རང་སྟོབས་རང་སྤེལ་དང་རང་བདག་གསར་གཏོད་ཀྱི་འཕེལ་རྒྱས་བགྲོད་ལམ་ཞིག་ཏུ་སྐྱོད་པ་དང་། གཏིང་ཟབ་ཅིང་རྒྱ་ཆེ་བའི་མཁའ་སྐྱོད་སྙིང་སྟོབས་སྐྲུན་ཡོད། ཀྲུང་གོའི་མཁའ་སྐྱོད་ཉིན་མོ་གཏན་ཁེལ་བྱས་པ་ནི། ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱས་ཏེ། དམངས་ཡོངས་དང་ལྷག་པར་དུ་ན་གཞོན་ལོ་ཆུང་གིས་ཚན་རིག་ལ་བརྩི་བཀུར་དང་མ་འོངས་པར་འཚོལ་རྟོག གསར་གཏོད་བྱེད་ཕོད་པ་བཅས་ཀྱི་སྤྲོ་སེམས་བསྐྱེད་དེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་བསྡུ་བྱེད་པའི་ཆེད་ཡིན་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་མཁའ་སྐྱོད་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཞུས། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། རྒྱ་ཆེའི་མཁའ་སྐྱོད་པས་རྒྱལ་གཅེས་ཀྱི་བརྩེ་སེམས་ཡིད་ལ་བཅངས་ཤིང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འགན་འཁྲི་ཁག་ཏུ་ཁུར་ནས། དཀའ་སྤྱད་ལས་སྐྲུན་དང་འབད་འཐབ་ལྷོད་མེད་ཀྱིས་འོད་སྟོང་འབར་བའི་གྲུབ་འབྲས་རབ་དང་རིམ་པ་བླངས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། རང་བདག་གསར་གཏོད་ཀྱི་ཀྲུང་གོའི་སྟོབས་ཤུགས་ཀྱང་མཚོན་པར་བྱས་ཡོད། རྒྱ་ཆེའི་མཁའ་སྐྱོད་ཚན་རྩལ་ལས་དོན་པས་མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གཟི་བརྗིད་ཀྱི་ལས་འགན་ཁག་ཏུ་ཁུར་ཡོད་པས། གོམས་སྲོལ་བཟང་བོ་རྒྱུན་འཛིན་དང་གསར་གཏོད་སྐུལ་ཁྲིད་རྒྱུན་འཁྱོངས་སྒོས་མཁའ་སྐྱོད་བཟོ་སྐྲུན་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། བར་སྣང་ལག་རྩལ་དང་བར་སྣང་ཉེར་སྤྱོད། བར་སྣང་ཚན་རིག་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཚན་རིག་ལ་བརྩི་བཀུར་དང་ཡང་རྩེར་སྙེག་པའི་སྣང་ཚུལ་ཟབ་མོ་ཞིག་ཧུར་ཐག་གིས་སྐྲུན་ནས། གསར་གཏོད་ཀྱི་འཇོན་མི་སྔར་ལས་མང་བོ་སྐྱེད་སྲིང་བྱེད་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་ཁྲིད་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་ཆེ་རུ་བསྐྱེད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་གཅིག་སྡུད་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་མཐོར་གཏོང་བར་བྱས་རྗེས་གསར་བ་བཞག་སྟེ། མཁའ་སྐྱོད་ཕུགས་འདུན་ལ་བརྟེན་ནས་ཀྲུང་གོའི་ཕུགས་འདུན་སྔ་མོ་ནས་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།