ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་འཕེལ་རྒྱས་སུ་བཏང་ནས་གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

914bbd347d6616cdd47bdfef50221869.jpg

རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

9cb2b22e5f055a788140eeefdc565ba8.jpg

རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། གནས་བབ་གསར་བའི་འོག ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་བྱས་ཏེ། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་བྱ་བའི་གནས་བབ་ལ་དབྱེ་ཞིབ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་བྱ་བའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཞིབ་འཇུག་བྱེད་པ། ཆོས་ལུགས་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ། རྒྱ་ཆེའི་དད་ལྡན་མང་ཚོགས་སྔར་ལས་བཟང་བོར་རྩ་འཛུགས་དང་གཅིག་སྡུད་བྱེད་པ་བཅས་བྱས་ཏེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་སྡོམ་གཏམ་བཤད་གནང་།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ཆོས་ལུགས་གནད་དོན་ནི་ནམ་ཡིན་ཡང་ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་བྱེད་སྐབས་ངེས་པར་དུ་ཐག་གཅོད་བཟང་བོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཡིན་པ་དང་། ཆོས་ལུགས་བྱ་བར་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཀྱི་ཁྲོད་དུ་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལྡན་ལ། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཕེལ་རྒྱས་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གྱི་གཅིག་གྱུར་བཅས་ལ་འབྲེལ་བ་ཡོད། རང་རྒྱལ་གྱི་ཆོས་ལུགས་བྱ་བའི་གནས་བབ་སྤྱིར་བཏང་གིས་བཟང་བ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་དོན་ཐོག་ཏུ་འཁྱོལ་ཡོད་ལ། ཏང་དང་ཆོས་ལུགས་ལས་རིགས་བར་གྱི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དུ་འགྲོ་བཞིན་ཡོད་ཅིང་། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་མངོན་གསལ་སྒོས་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ཆོས་ལུགས་ཀྱི་ཆོ་ག་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ལ་གོ་རིམ་ལྡན། ལག་ལེན་ལས་ང་ཚོའི་ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ནི་ཡང་དག་ཡིན་པ་ར་སྤྲོད་བྱུང་ཡོད།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་ན། ངེས་པར་དུ་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་དགོས་པ་དང་། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ནི་ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་གནས་ཚུལ་དང་ཆོས་ལུགས་ཀྱི་བྱེ་བྲག་གི་དོན་དངོས་ལ་དམིགས་ནས། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཐད་ཀྱི་ཉམས་མྱོང་བསྡུ་ལེན་བྱས་པ་ལས་གཏན་འབེབས་བྱས་པ་ཡིན་ལ། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱེད་པའི་རྐང་འཛུགས་ས་དང་མཇུག་སྒྲིལ་ས་ནི་ཚད་ཆེས་མཐོ་བའི་སྒོ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་རྣམས་མཐུན་སྒྲིལ་ཡོང་བར་བྱེད་རྒྱུ་དེ་ཡིན། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཧུར་ཐག་གིས་ཁྲིད་སྟོན་བྱེད་ན། དད་ལྡན་མང་ཚོགས་ཀྱིས་མེས་རྒྱལ་དང་མི་དམངས་ལ་དགའ་ཞེན་བཅངས་པ་དང་། མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་ལ་བརྩི་བཀུར་བྱེད་པ་དང་ཞབས་འདེགས་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཧུར་ཐག་གིས་ལག་བསྟར་དང་ཀྲུང་ཧྭའི་རིག་གནས་དར་སྤེལ་བྱས་ཏེ། ཆོས་ཀྱི་སྙིང་བོ་དང་ཀྲུང་ཧྭའི་རིག་གནས་ཧུར་ཐག་གིས་མཉམ་འདྲེས་ཡོང་བར་བྱེད་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་མཐུན་དོ་དམ་རང་རྟོགས་ཀྱིས་དང་ལེན་བྱེད་པ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་བ་བཅས་ལ་ཁྲིད་སྟོན་བྱེད་དགོས།

ཞི་ཅིན་ཕེན་གྱིས་ཏང་གི་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་ནས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བཟང་བོ་བྱེད་དགོས་ན། གནད་འགག་ནི་སྟོན་ཞེས་པའི་ཐད་ནས་བསམ་པས་གཏིང་དཔོགས་པ་དང་ལྟ་བས་མཐིལ་བརྟོལ་བ། རྟོགས་པས་གནད་ཕིགས་པ་བཅས་བྱེད་དགོས་ཤིང་། སྟོན་ཞེས་པར་ཐབས་ཡོད་པ་དང་ཤུགས་ཡོད་པ། ཕན་ཡོད་པ་བཅས་བྱས་ཏེ། ཆོས་ལུགས་བྱ་བའི་རང་འགུལ་དབང་ཆ་དམ་དུ་འཛིན་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་བསྟན་དོན། གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་ན། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་བཀོལ་ནས་ཆོས་ལུགས་ལ་རྒྱུས་ལོན་དང་ངོས་འཛིན་བྱེད་པ་དང་། ཆོས་ལུགས་དང་ཆོས་ལུགས་བྱ་བའི་ཆོས་ཉིད་བརྩི་སྲུང་བྱེད་པ། ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་སྣ་ཚོགས་ལ་ཞིབ་འཇུག་ཟབ་མོ་དང་དེ་དག་འོས་འཚམ་གྱིས་ཐག་གཅོད་བཅས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཆོས་ལུགས་བྱ་བའི་དོན་དངོས་དང་སྦྲེལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆོས་ལུགས་གཞུང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་དུ་བཏང་སྟེ། དེ་རང་རྒྱལ་གྱི་ཆོས་ལུགས་བྱ་བའི་ལག་ལེན་ལ་མཛུབ་སྟོན་སྔར་ལས་བཟང་བོ་བྱེད་པར་བཀོལ་དགོས། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཧུར་ཐག་གིས་ཁྲིད་སྟོན་བྱེད་ན། ཆེས་གལ་ཆེ་བའི་ལས་འགན་ཞིག་ནི་རང་རྒྱལ་གྱི་ཆོས་ལུགས་ཀྱིས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བཀོལ་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱེད་པ་དང་སློབ་གསོ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གོམས་སྲོལ་བཟང་བོ་དར་སྤེལ་བྱེད་དགོས་ལ། མཐུན་སྒྲིལ་ཡར་ཐོན་དང་ཞི་བདེ་བཟོད་སྒོམ་སོགས་ཀྱི་ལྟ་བས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱེད་དགོས་པ་དང་། ཆོས་ལུགས་སོ་སོས་རང་གི་རྩ་བའི་དད་མོས་དང་། ཆོས་ཀྱི་སྙིང་བོ། ཆོ་ག་འདུལ་ཁྲིམས་སོགས་སྲུང་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་མཉམ་དུ། ཆོས་ཀྱི་སྙིང་བོ་དང་ཆོས་ཀྱི་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་། དུས་རབས་ཡར་ཐོན། བདེ་ཐང་དཔལ་ཡོན་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་ཟབ་མོ་བྱས་ཏེ། ཆོས་ཀྱི་འདུལ་ཁྲིམས་དང་ཆོས་ཀྱི་སྙིང་བོར་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་རེ་བ་དང་མཐུན་ཞིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པའི་འགྲེལ་བཤད་རྒྱག་དགོས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དགེ་མཚན་ལྡན་ཞིང་བདེ་ཐང་ཡིན་པའི་ཆོས་ལུགས་ཀྱི་འབྲེལ་བ་འཛུགས་དགོས། རང་རྒྱལ་ལ་མཚོན་ན། ཆོས་ལུགས་ཀྱི་འབྲེལ་བའི་ནང་དུ་ཏང་དང་སྲིད་གཞུང་དང་ཆོས་ལུགས་བར་གྱི་འབྲེལ་བ་དང་། སྤྱི་ཚོགས་དང་ཆོས་ལུགས་བར་གྱི་འབྲེལ་བ། རྒྱལ་ནང་གི་ཆོས་ལུགས་མི་འདྲ་བའི་བར་གྱི་འབྲེལ་བ། རང་རྒྱལ་གྱི་ཆོས་ལུགས་དང་ཕྱི་རྒྱལ་གྱི་ཆོས་ལུགས་བར་གྱི་འབྲེལ་བ། དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་བར་གྱི་འབྲེལ་བ་བཅས་འདུ་བས། ཆོས་ལུགས་ཀྱི་འབྲེལ་བ་འཆམ་མཐུན་ཡོང་བར་ཡར་སྐུལ་བྱེད་ན། འབྲེལ་བ་དེ་དག་ཚང་མ་ཐག་གཅོད་ལེགས་པོ་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་འབྲེལ་བ་ཐག་གཅོད་བྱེད་ན། ངེས་པར་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བ། ཏང་གི་སྲིད་འཛིན་རྨང་གཞི་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་གཞི་རྩ་འདི་སེམས་ལ་དམ་པོར་འཛིན་དགོས་པ་དང་། ངེས་པར་དུ་ཆོས་སྲིད་སོ་སོར་འབྱེད་པ་རྒྱུན་འཁྱོངས་དང་། ཆོས་ལུགས་ཀྱིས་སྲིད་འཛིན་དང་ཁྲིམས་འཛིན། སློབ་གསོ་སོགས་རྒྱལ་ཁབ་ཀྱི་འགན་ནུས་ལག་བསྟར་ལ་ཐེ་གཏོགས་བྱེད་མི་ཆོག་པ་རྒྱུན་འཁྱོངས། སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་དང་འབྲེལ་བའི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། བཅའ་ཁྲིམས་བཀོལ་ནས་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། བཅའ་ཁྲིམས་བཀོལ་ནས་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་འབྲེལ་བ་སྣ་ཚོགས་མཐུན་སྦྱོར་བྱེད་དགོས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་རྒྱལ་ཁྲིམས་དང་འདུལ་ཁྲིམས་ཀྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ་དང་དེ་ཐག་གཅོད་ཡང་དག་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས། ཁྲིམས་སྐྱོང་གི་འདུ་ཤེས་ཇེ་མཐོར་གཏོང་དགོས།

ཞི་ཅིན་ཕེན་གྱིས་བསྟན་དོན། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུ་ཡིན་པས། ཁོ་ཚོས་བྱ་བ་སྒྲུབ་པར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་དང་། ཁོ་ཚོའི་ཆོས་ལུགས་ནང་ཁུལ་གྱི་ལས་དོན་ཁྲོད་ཀྱི་ནུས་པར་བརྩི་བཀུར་བྱེད་པ་དང་དེ་འདོན་སྤེལ་བྱེད་དུ་བཅུག་ནས། ཆབ་སྲིད་ཀྱི་ཐད་ནས་ཡིད་ཆེས་བྱེད་ཆོག་པ་དང་སྤྱོད་ལམ་གྱི་ཐད་ནས་དམངས་གཙོ་ཡིན་པ། བྱ་བའི་ཐད་ནས་ཕན་འབྲས་མཐོ་བ་བཅས་ཀྱི་བྱང་ཚད་མཐོ་བའི་མགོ་ཁྲིད་ཚན་ཁག་ཧུར་ཐག་གིས་འཛུགས་དགོས། ཆབ་སྲིད་ཀྱི་ཐད་ནས་བློ་གཏད་ཆོག་པ་དང་ཆོས་ལུགས་ཀྱི་ཐད་ནས་མཁྱེན་རྒྱ་ཡངས་པ། སྤྱོད་ལམ་གྱི་ཐད་ནས་ཁས་ལེན་པ། གནད་འགག་གི་སྐབས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱིས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བཟང་བོར་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། ཕྱི་ཕྱོགས་ཀྱིས་ཆོས་ལུགས་བཀོལ་ནས་སིམ་འཛུལ་བྱེད་པར་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། ཆོས་ལུགས་མཐའ་ལྷུང་བསམ་བློའི་གནོད་པར་དོགས་ཟོན་བྱེད་དགོས། མཉམ་འབྲེལ་དྲ་བའི་ཆོས་ལུགས་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། མཉམ་འབྲེལ་དྲ་བའི་སྟེང་ཏང་གི་ཆོས་ལུགས་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་ཤུགས་ཆེར་བྱས་ནས། དྲང་ཕྱོགས་ཀྱི་ལྟ་བ་སྒྲོག་སྤེལ་བྱེད་དགོས།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། གནས་བབ་གསར་བའི་འོག ཆོས་ལུགས་བྱ་བའི་ཁྱབ་རྒྱ་ཆེ་བ་དང་ལས་འགན་ལྕི་བས། ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ་དང་མཉམ་དུ། གནད་ཆེ་སའི་བརྒལ་གཏོར་ཡང་བྱེད་དགོས། ཆོས་ལུགས་སོ་སོའི་གནས་ཚུལ་དང་སྦྲེལ་ནས། འགལ་བ་གཙོ་བོ་དམ་འཛིན་དང་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། གནད་སའི་བྱ་བ་བཟང་བོར་སྒྲུབ་པར་བརྟེན་ནས་ཁྱོན་ཡོངས་ཀྱི་བྱ་བར་སྐུལ་སྤེལ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས་ཆོས་ལུགས་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། ཆོས་ལུགས་བྱ་བ་དེ་གྲོས་དོན་ཉིན་རིམ་གལ་ཆེན་དུ་བཀོད་དེ། ཆོས་ལུགས་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དུས་ལྟར་ཞིབ་འཇུག་བྱས་ནས། ཆོས་ལུགས་བྱ་བའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། ཆོས་ལུགས་ཀྱི་གཞི་རྩའི་ཤེས་བྱའི་སློབ་སྦྱོང་ལ་ཤུགས་བསྣན་ནས། ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་ཁྲོད་བཀོད་དེ། རིམ་པ་སོ་སོའི་ལས་བྱེད་པར་དེའི་སྐོར་གྱི་ཤེས་བྱ་མང་ཙམ་ཤེས་སུ་འཇུག་དགོས། སྟོབས་ཤུགས་ཆེན་པོ་ལྡན་པའི་མགོ་ཁྲིད་རྐྱེན་སྲོལ་འཐུང་ཚང་དུ་བཏང་ནས། ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པར་ཁྲིད་སྟོན་དང་འཆར་འགོད། མཛུབ་སྟོན། ལྟ་ཞིབ་བཅས་བཟང་བོ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར་འགན་འཁྲི་ཁག་ཏུ་ཁུར་བ་དང་། ཆོས་ལུགས་བྱ་བའི་སྡེ་ཁག་གིས་ཁྲིམས་ལྟར་དོ་དམ་བྱེད་པའི་འགན་འཁྲི་ཁག་ཏུ་ཁུར་བ། འབྲེལ་ཡོད་སྡེ་ཁག་སོ་སོ་དང་བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཚན་རྩལ་མཐུན་ཚོགས་སོགས་མི་དམངས་ཚོགས་པས་མཉམ་འཛིན་མཉམ་བདག་བྱེད་པ་བཅས་བྱས་ཏེ། མཉམ་དུ་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་དགོས། ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་། ཆོས་ལུགས་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱས་ཏེ། ཆོས་ལུགས་ཕྱོགས་ཀྱི་དྲིལ་སྒྲོག་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དགོས། ཏང་གི་གཞི་རིམ་རྩ་འཛུགས་དང་ལྷག་པར་དུ་ཆོས་ལུགས་བྱ་བའི་ལས་འགན་ལྕི་བའི་ས་གནས་གཞི་རིམ་རྩ་འཛུགས་ཀྱིས་ཆོས་ལུགས་བྱ་བ་དངོས་སུ་བཟང་བོར་སྒྲུབ་ནས། དད་ལྡན་མང་ཚོགས་ཀྱི་བྱ་བར་ཤུགས་སྣོན་དགོས། གུང་ཁྲན་ཏང་མི་རྣམས་ནི་མར་ཁེ་སི་རིང་ལུགས་ཀྱི་ལྷ་མེད་སྨྲ་བ་བརྟན་ཚུགས་ཅན་བྱས་ཏེ། ཏང་གི་སྒྲིག་ཡིག་གི་གཏན་ཁེལ་བརྩི་སྲུང་ནན་མོ་བྱེད་པ་དང་ཕུགས་བསམ་ཡིད་ཆེས་ལ་འགྱུར་བ་མེད་པ། ཏང་གི་དམིགས་ཡུལ་སེམས་ལ་དམ་པོར་འཛིན་པ་བཅས་བྱེད་པ་ལས། རང་གི་རིན་ཐང་དང་དད་མོས་དེ་ཆོས་ལུགས་ཁྲོད་ནས་གཏན་དུ་འཚོལ་མི་རུང་། ན་གཞོན་ལོ་ཆུང་གི་ཚན་རིག་འཇིག་རྟེན་ལྟ་བའི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། ཁོ་ཚོས་ཚན་རིག་ལ་ཡིད་ཆེས་དང་ཚན་རིག་སློབ་སྦྱོང་།ཚན་རིག་སྒྲོག་སྤེལ་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བཅངས་སུ་འཇུག་དགོས།

ཞི་ཅིན་ཕེན་གྱིས་བསྟན་དོན། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་འོག་ཏུ་ཆོས་ལུགས་ལས་རིགས་དང་འཐབ་ཕྱོགས་གཅིག་གྱུར་བྱེད་པ་ནི། ང་ཚོའི་ཏང་གིས་ཆོས་ལུགས་གནད་དོན་ཐག་གཅོད་པའི་ཁྱད་ཆོས་གསལ་བོ་དང་ཆབ་སྲིད་ཀྱི་ཁྱད་སྟོབས་ཡིན་པས། ཆབ་སྲིད་ཀྱི་ཐད་ནས་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་། དད་མོས་ཀྱི་ཐད་ནས་ཕན་ཚུན་བརྩི་བཀུར་བྱེད་པ་རྒྱུན་འཁྱོངས་སྒོས་འབྲེལ་འདྲིས་མང་ཙམ་བྱེད་པ་དང་། སེམས་གཏམ་མང་ཙམ་བཤད་པ། རོགས་རམ་མང་ཙམ་བྱེད་པ་བཅས་བྱས་ཏེ་མི་སེམས་བརྩེ་བས་འགུག་པ་དང་། དཀའ་ངལ་དངོས་ཐག་གཅོད་པར་བརྟེན་ནས་མི་བསྡུ་འགུག་བྱེད་པ་དང་མི་ལ་མཐུན་སྒྲིལ་བྱེད་དགོས།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས། ཆོས་ལུགས་བྱ་བའི་གནས་བབ་དང་ལས་འགན་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་མཛད་པ་དང། ཆོས་ལུགས་བྱ་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་ཟབ་མོ་མཛད་པ་མ་ཟད། གནས་བབ་གསར་བའི་འོག་ཆོས་ལུགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དེར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས། ཚང་མས་དེར་རྒྱུས་ལོན་ཆ་ཚང་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། ཞིབ་བསྡུར་ཟབ་མོ་བྱེད་པ་བཅས་བྱས་ཏེ། བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆོས་ལུགས་བྱ་བའི་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་བྱ་བའི་ཁྲོད་ཀྱི་དམིགས་བསལ་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཆོས་ལུགས་རང་སྟེང་གི་ཆོས་ཉིད་སྔར་ལས་བཟང་བོར་ཁོང་དུ་ཆུད་པར་བྱེད་པ། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་སའི་བྱ་བ་བཟང་བོར་སྒྲུབ་པའི་ཁ་གཏད་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་བ། ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་འཆམ་མཐུན་ལ་ཡར་སྐུལ་བྱེད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་སྤྱི་སྡོམ་གཏམ་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས། ཆོས་ལུགས་བྱ་བའི་གནས་བབ་དང་ལས་འགན་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་མཛད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་གསལ་བོར་བཏོན་ལ། ཆོས་ལུགས་བྱ་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་ཟབ་མོ་མཛད་པ་དེས་ང་ཚོའི་ཏང་གི་ཆོས་ལུགས་གནད་དོན་དང་ཆོས་ལུགས་བྱ་བའི་གོ་རྟོགས་མཐོ་ཚད་གསར་བར་སླེབས་པ་མཚོན་ཞིང་། དེ་ནི་ང་ཚོས་གནས་བབ་གསར་བའི་འོག་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཡིན། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ན། གནད་འགག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་དེར་གོ་བ་ཟབ་མོ་བླངས་ཏེ། ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པའི་གནད་འགག་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། གསུང་བཤད་ཁྲོད་ཀྱི་ཆོས་ལུགས་གནད་དོན་སྐོར་གྱི་དགོངས་པ་གསར་བ་དང་ལྟ་བ་གསར་བ། རེ་བ་གསར་བ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ། བསམ་སྦྱོར་གཉིས་ཀ་དངོས་སུ་གསུང་བཤད་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་རྒྱུ་དེ་ཡིན་པས། ཆོས་ལུགས་བྱ་བའི་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། སྔར་ལས་ཧུར་ཐག་དང་རང་འགུལ་སྒོས་གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་དགོས་པ་དང་། ཆོས་ལུགས་བྱ་བའི་ངོ་བོ་ནི་མང་ཚོགས་ཀྱི་བྱ་བ་ཡིན་པར་རྒྱུས་ལོན་ཟབ་མོ་བྱས་ཏེ། མང་ཚོགས་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་བཀོལ་ནས་བྱ་བ་སྒྲུབ་མཁས་པར་བྱེད་དགོས་ལ། རང་རྒྱལ་གྱི་ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་རྒྱུས་ལོན་ཟབ་མོ་བྱས་ཏེ། ཆོས་ལུགས་ཀྱི་དགེ་བའི་ནུས་པ་ཚད་ཆེས་མཐོ་བའི་སྒོ་ནས་འདོན་སྤེལ་དང་། ཆོས་ལུགས་ཀྱི་མི་དགེ་བའི་ནུས་པར་ཚད་ཆེས་མཐོ་བའི་སྒོ་ནས་བཀག་འགོག་བྱེད་དགོས་ཤིང་། རང་རྒྱལ་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་རྒྱུས་ལོན་ཟབ་མོ་བྱས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་ཡངས་ཚད་དང་ཟབ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་པ་དང་། དགེ་མཚན་ལྡན་ཞིང་བདེ་ཐང་ཡིན་པའི་ཆོས་ལུགས་ཀྱི་འབྲེལ་བ་འཛུགས་པར་རྒྱུས་ལོན་ཟབ་མོ་བྱས་ཏེ། ཆོས་ལུགས་འབྲེལ་བའི་འཆམ་མཐུན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་རྒྱུས་ལོན་ཟབ་མོ་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཁྲིམས་ལྟར་ཐག་གཅོད་ཡང་དག་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་རྒྱུ་དངོས་སུ་དམ་འཛིན་བྱས་ཏེ། སློབ་སྦྱོང་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། གནད་དོན་དངོས་སུ་ཐག་གཅོད་པ། བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ཀྲུང་དབྱང་གི་དགོངས་དོན་དང་རེ་བ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས།

སློབ་གསོ་པུའུ་དང་སྤྱི་བདེ་པུའུ། ཧི་པེ་ཞིང་ཆེན། ཅང་སུའུ་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་གྲོས་ཚོགས་སྟེང་གཏམ་བཤད།

པེ་ཅིན་ན་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་། ཞིང་ཆེན་གཞོན་པ་རིམ་པའི་གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།