ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཉིས་ཉིན་མགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་དུས་རིམ་གྱི་རྒྱལ་ཁ་ལེན་དགོས་ན། གནད་འགག་ཅིག་ནི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བྱེད་པར་ཕན་པའི་སྒྲིག་གཞི་དང་རྐྱེན་སྲོལ་འཛུགས་པར་དམིགས་ཏེ། བཅོས་སྒྱུར་གྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བའི་འོག་གི་འགལ་བ་དང་འགྲན་རྩོད་ལ་གདོང་གཏོད་པ། མི་འདང་ས་དང་ཞན་ཆ་ཡང་དག་པར་འཚོལ་བ། ཁ་གཏོད་ས་གནད་དུ་འཁེལ་བར་བྱེད་པ། མཉམ་དུ་འབད་བརྩོན་བྱེད་པ་བཅས་བྱས་ཏེ། གསར་གཏོད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་འཕེལ་རྒྱས་དོ་མཉམ་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ། སྒོ་འབྱེད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། མཉམ་སྤྱོད་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་བཅས་ཐད་ནས་བརྒལ་གཏོར་གསར་བ་མངོན་འགྱུར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཡུན་ཧྲན་དང་། ཀྲང་ཀའོ་ལིས་གཉིས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས«བཅའ་ཁྲིམས་བློ་འདྲི་ལམ་ལུགས་དང་གཞུང་ལས་ཁྲིམས་རྩོད་པའི་ཀུང་ཟིའི་ཁྲིམས་རྩོད་པའི་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར»དང་། «སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར» «དབུལ་ཕོངས་ཀྱི་གྲས་ནས་འབུད་པའི་རྐྱེན་སྲོལ་འཛུགས་པའི་བསམ་འཆར» «བྱིས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་ཤུགས་སྣོན་པའི་བསམ་འཆར» «དངུལ་གཏོང་དངུལ་བསྲེས་སྒྲིག་གཞིའི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར» «ཁྲིམས་དཔོན་དང་ཞིབ་དཔྱོད་པ་རིམ་པ་བཞིན་དུ་གདམ་གསེས་བྱེད་པའི་ལམ་ལུགས་འཛུགས་པའི་སྐོར་གྱི་བསམ་འཆར» «ཁྲིམས་རྩོད་པ་དང་ཁྲིམས་རིག་པའི་ཆེད་མཁས་པའི་ཁྲོད་དུ་ཁྲིམས་འཛུགས་བྱ་བ་སྒྲུབ་མཁན་དང་ཁྲིམས་དཔོན། ཞིབ་དཔྱོད་པ་གདམ་འཐེན་བྱེད་པའི་སྐོར་གྱི་བསམ་འཆར» «བཅོས་སྒྱུར་ཚོད་ལྟའི་བྱ་བར་ཤུགས་སྣོན་དང་དེ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བསམ་འཆར»བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ལས་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་ལས་འགན་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་བཅོས་སྒྱུར་བྱེད་ཐབས་རྒྱ་བསྐྱེད་དང་ཞིབ་ཕྲ་ཅན་དུ་བཏང་བ་ཞིག་ཡིན་པས། འཆར་འགོད་རྩ་གནད་ཀྱིས་ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་དང་ལམ་ལུགས་འཛུགས་སྐྲུན་ཐད་བཏོན་པའི་དམིགས་འབེན་དང་ལས་འགན་ལ་དབྱེ་ཞིབ་བྱས་ཏེ། རེ་རེ་བཞིན་དངོས་འབེབས་བྱེད་དགོས། ཁྱབ་ཁོངས་སོ་སོའི་རྨང་གཞི་རང་བཞིན་གྱི་བཅོས་སྒྱུར་དམ་དུ་འཛིན་པར་གཙིགས་འཛིན་བྱས་ཏེ། གཙོ་ཕལ་དལ་བྲེལ་གྱི་དབྱེ་བ་གསལ་བོར་འབྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མུ་མཐུད་དུ་འབད་བརྩོན་བྱས་ནས། རྨང་གཞི་རང་བཞིན་གྱི་ལམ་ལུགས་སྣ་ཚོགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྒྲོམ་གཞི་འཛུགས་པར་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྐུལ་སྤེལ་བྱེད་དགོས་ན་མ་ལག་རང་བཞིན་གྱི་བསམ་བློ་བཅངས་ནས། ཆ་རྐྱེན་ཡོད་པའི་ས་གནས་དང་ཁྱབ་ཁོངས་ནས་བཅོས་སྒྱུར་བྱེད་ཐབས་ཀྱི་མ་ལག་ཆགས་པར་བྱེད་དགོས། མཐོ་རིམ་གྱི་ཇུས་འགོད་དང་ལམ་ཐིག་འཆར་གཞི་གསལ་བོར་འགོད་པ་དང་། བཅོས་སྒྱུར་གྱི་བྱེད་ཐབས་ཆ་ཚང་སྤྱོད་པར་གཙིགས་འཛིན་བྱས་ཏེ། བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་དམིགས་འབེན་གཙོ་བོ་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྤྱོད་དགོས། ལྷག་པར་ཁྱབ་ཁོངས་གཅིག་གི་བཅོས་སྒྱུར་བྱེད་ཐབས་དག་སྔ་གཞུག་འབྲེལ་ཆགས་ཤིང་ཕན་ཚུན་གཞོགས་འདེགས་བྱས་ཏེ་སྤྱི་ཕུང་ཞིག་ཆགས་པར་བྱེད་དགོས། ཁྱབ་ཁོངས་སོ་སོའི་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་དཔྱད་ཞིབ་བྱེད་རྒྱུ་དམ་འཛིན་བྱེད་དགོས་ལ། ལག་རྗེས་ལྕགས་ངོས་སུ་འགོད་པ་དང་རྐང་རྗེས་རྡོ་ཐོག་ཏུ་འཇོག་པའི་བརྩོན་སེམས་ལ་བརྟེན་ནས་བཅོས་སྒྱུར་དངོས་འབེབས་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ཟེར།

ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།