ཞི་ཅིན་ཕེན་གྱིས་ནེ་པ་ལའི་ཙུང་ལི་ཨོ་ལེ་ལ་མཇལ་འཕྲད་གནང་།

37.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེ་པ་ལའི་ཙུང་ལི་ཨོ་ལེ་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ནེ་པ་ལ་གཉིས་ནི་མི་རབས་ནས་མི་རབས་བར་མཛའ་མཐུན་དང་ཁྱོན་ཡོངས་ནས་མཉམ་ལས་བྱེད་པའི་མཛའ་མཐུན་ཁྱིམ་མཚེས་ཡིན། ཕྱོགས་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་ནམ་ཡང་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་སྟེང་གཉིས་ཕན་མཉམ་ལས་སྤེལ་ནས་ཐུན་མོང་གི་འཕེལ་རྒྱས་ཐད་འབད་པ་བྱས། ཀྲུང་གོ་དང་ནེ་པ་ལ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ། དེང་སྐབས་གཉིས་ཀ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ལ་འཕྲད་ཡོད་པས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་གོམས་སྲོལ་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་དེར་ཤུགས་བསྣན་ནས། ཀྲུང་གོ་དང་ནེ་པ་ལའི་ལས་དབང་གཅིག་མཐུན་ཚོགས་པ་དངོས་སུ་སྐྲུན་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ནེ་པ་ལ་ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་གི་ཆབ་སྲིད་སྣེ་ཁྲིད་ནུས་པ་ཇེ་ཆེར་བཏང་ནས། ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་དེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་བརྟན་བརླིང་ངང་གོང་འཕེལ་དུ་གཏོང་དགོས། ཕྱོགས་གཉིས་ཀྱིས་བགྲོད་ལམ་དང་འགག་སྒོ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་རིམ་པའི་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཨེ་ཤ་ཡ་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་སྟེགས་བུ་གསར་བའི་སྟེང་མཉམ་ལས་སྤེལ་དགོས། ང་ཚོས་ཀྲུང་གོ་དང་ནེ་པ་ལ། རྒྱ་གར་བཅས་ཕྱོགས་གསུམ་གྱི་མཉམ་ལས་ཐད་ནས་གྲོས་སྡུར་སྔར་ལས་ཟབ་མོ་བྱེད་འདོད་ཡོད་ཟེར།

ཨོ་ལེ་ཡིས་བསྟན་དོན། ཀྲུང་གོ་ནི་ནེ་པ་ལའི་རླབས་ཆེ་བའི་གྲོགས་པོ་དང་མཛའ་མཐུན་ཁྱིམ་མཚེས་ཡིན། ནེ་པ་ལས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་འཁྱོལ་བྱེད་བཞིན་ཡོད་པ་དང་། སྟོབས་ཤུགས་གང་ཞིག་ཡིན་རུང་ནེ་པ་ལ་ནས་ཀྲུང་གོའི་ཁེ་ཕན་ལ་གནོད་སྐྱེལ་བའི་བྱ་འགུལ་གཏན་ནས་སྤེལ་དུ་མི་འཇུག ནེ་པ་ལས་ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་དངུལ་རྩ། མཉམ་སྦྲེལ་མཉམ་མཐུད། རྨང་གཞིའི་སྒྲིག་ཆས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ཇེ་དམ་དུ་གཏོང་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།