རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་དང་བོར་རྩ་ཁྲིམས་ལ་དམ་བཅའ་འབུལ་བའི་མཛད་སྒོ་བསྡུས་པ་དང་ཀྲང་ཏི་ཅང་གིས་མགོ་འཛིན་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐོག་དང་བོར་རྩ་ཁྲིམས་ལ་དམ་བཅའ་འབུལ་བའི་མཛད་སྒོ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མགོ་འཛིན་མཛད་པ་དང་དམ་བཅའ་འབུལ་བར་ལྟ་སྐུལ་གནང་།

གྲོལ་མ་ཐག་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བའི་སྟེང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོགས་རྒྱལ་ཁབ་ཀྱི་བྱ་བ་སྒྲུབ་མཁན་དྲུག་བསྐོ་འཇོག་བྱས་པ་དང་། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་བོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ལ་དམ་བཅའ་འབུལ་བའི་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་ཆོད་དོན་ལྟར་ན། གོང་གི་མི་སྣ་དེ་དག་གིས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་འབུལ་དགོས།

ཕྱི་དྲོའི་དུས་ཚོད་ལྔ་ཡས་མས་སུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་རྩ་ཁྲིམས་ལ་དམ་བཅའ་འབུལ་བའི་མཛད་སྒོ་མགོ་བརྩམས་པ་ཁྱབ་སྒྲོག་མཛད་པ་དང་། ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

གསར་དུ་བསྐོ་འཇོག་བྱས་པའི་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིག་ཡོན་གྱིས་མགོ་ཁྲིད་ནས་དམ་ཚིག་བསྒྲགས། གསར་དུ་བསྐོ་འཇོག་བྱས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཁྲའོ་དབྱིན་དང་ཀྲང་ཡུང་། ཞུའུ་ཨན་པེའོ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཝེ་དང་ཀྲུའུ་མེན་ཁྲུན་བཅས་ཀྱིས་མཉམ་དུ་དམ་ཚིག་བསྒྲགས།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།