ལིས་ཁི་ཆང་གིས་འཛམ་གླིང་དངུལ་ཁང་གི་མགོ་གཙོ་ཅིན་ཡོན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་འཛམ་གླིང་དངུལ་ཁང་གི་མགོ་གཙོ་ཅིན་ཡོན་ལ་མཇལ་འཕྲད་གནང་།

མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་དལ་ཞིང་རྒྱལ་སྤྱིའི་ཉོ་ཚོང་ཇེ་ཉུང་དུ་འགྲོ་བ་དང་དངུལ་ལོར་ཚོང་ར་བརྟན་འཇགས་མིན་པའི་རྒྱབ་ལྗོངས་འོག་ཏུ་ཀྲུང་གོའི་དཔལ་འབྱོར་བརྟན་འཇགས་ཁྲོད་དུ་འཕེལ་རྒྱས་འགྲོ་བ་དང་བརྟན་འཇགས་ཁྲོད་དུ་ཇེ་བཟང་ལ་འགྲོ་བཞིན་ཡོད་ལ། འཁོར་རྒྱུགས་གནས་བབ་ལུགས་མཐུན་གྱི་བར་སྟོང་དུ་གནས་ཡོད་པ་དང་གྲུབ་ཚུལ་ལེགས་སྒྲིག་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ང་ཚོས་ཧུར་བརྩོན་གྱི་ནོར་སྲིད་སྲིད་ཇུས་དང་བརྟན་འཇགས་ཀྱི་དངུལ་ལོར་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། གསར་གཏོད་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན། ཀྲུང་གོས་འཛམ་གླིང་དངུལ་ཁང་དང་མཉམ་ལས་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས་པ་དེས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་འབྲས་ལྡན་པའི་དཔྱད་གཞིར་འཛིན་པ་འདོན་སྤྲོད་བྱས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ནུས་གསར་བ་ཅི་ལྟར་གསོ་སྐྱོང་བྱེད་པར་ཞིབ་འཇུག་བྱེད་པ་དེས་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕར་སྣོན་འབྱུང་བ་དང་ཆུ་ཚད་མཐོ་བའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་རོགས་རམ་བྱེད་ཐུབ་ཟེར།

ཅིན་ཡོན་གྱིས་བཤད་རྒྱུར། ཀྲུང་གོས་རང་འགུལ་སྒོས་འཕར་སྣོན་རྣམ་པ་སྒྱུར་བ་དང་། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱས་ནས་དཔལ་འབྱོར་ཅུང་མགྱོགས་པའི་སྒོ་ནས་འཕར་བ་སྲུང་འཛིན་བྱས། འཛམ་གླིང་དངུལ་ཁང་གིས་ཀྲུང་གོ་ཕྱོགས་དང་སྲིད་ཇུས་ཐད་ནས་འབྲེལ་འདྲིས་དམ་པོ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་དཔལ་འབྱོར་གྱི་ཕྱི་རོལ་ཡུལ་གྱི་ལྟ་བ་བརྒྱུད་སྤྲོད་བྱེད་པར་མ་ཟད། སྡེ་ཚོགས་ཉི་ཤུའི་མཐོ་རིམ་གྲོས་ཚོགས་དང་འཕེལ་རྒྱས་སོགས་གྲོས་གཞི་ལ་གྲོས་བསྡུར་ཟབ་མོ་བྱེད་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།