ཞི་ཅིན་ཕེན་གྱིས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། མཁར་གྲོང་ཅན་ནི་དེང་རབས་ཅན་དུ་བགྲོད་པར་ངེས་པར་དུ་མཁོ་བའི་བགྲོད་ལམ་ཡིན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱངགིས་རྣམ་པར་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ཐད་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། རྗེས་ཕྱོགས་གནད་འགག་ནི་སེམས་ཤུགས་གཅིག་སྒྲིལ་གྱིས་དངོས་འབེབས་དམ་འཛིན་བྱེད་རྒྱུ་དང་གོམ་སྟབས་བརྟན་པོས་མུ་མཐུད་མདུན་དུ་སྐྱོད་རྒྱུ་དེ་ཡིན། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་ལ། རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་ན་ངེས་པར་དུ་མགོ་རྩོམ་ས་གསར་བ་ནས་འཕེལ་རིམ་གསར་བ་ལེན་དགོས། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཀྱིས་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྱིམ་ཐོའི་མི་གྲངས་ཀྱི་མཁར་གྲོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དུ་གཏོང་བ། ཁོར་ཡུག་ལེགས་ཤིང་ལོ་རྒྱུས་སྲོལ་བཟང་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་ཇེ་མཐོར་གཏོང་བ་བཅས་ལ་སྔར་ལས་མཐོང་ཆེན་བྱེད་དགོས། ཚན་རིག་གི་ཆོས་ཉིད་བརྩི་སྲུང་བྱེད་པ་དང་། སྟེང་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་པ། འབྲེལ་ཡོད་ཆ་སྡེབས་བཅོས་སྒྱུར་མཐུན་སྦྱོར་སྒོས་སྤེལ་བ། ས་བབ་དང་བསྟུན་པ། ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། སྤོབས་པ་ཆེན་པོས་གསར་གཏོད་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་རྣམ་པ་གསར་བའི་མཁར་གྲོང་ཅན་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་བརྟན་པོར་བཅངས་པ་དང་། མཁར་གྲོང་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པའི་རེ་བ་ལྟར། འཕར་སྣོན་བརྟན་འཇགས་ཡོང་བར་བྱེད་པ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ་བཅས་ལ་དམིགས་ནས། བཅོས་སྒྱུར་གྱི་བྱེད་ཐབས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་དགོས་ཞེས་བསྟན།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚེས་ཉེར་གསུམ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་། ཀྲང་ཀའོ་ལིས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས་རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བའི་བསམ་འཆར་རབ་དང་རིམ་པ་དཔར་ནས་བཀྲམ་ཡོད། རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པ་ནི་དེང་སྐབས་དང་ཡུན་རིང་གཉིས་ཟུང་དུ་སྦྲེལ་བ་དང་། འཕར་སྣོན་བརྟན་འཇགས་ཡོང་བར་བྱེད་པ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ་བཅས་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པའི་འཐབ་ཇུས་བྱེད་ཐབས་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོས་བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་བརྟན་པོར་བཅངས་པ་དང་ལག་བསྟར་མཐའ་འཁྱོལ་བྱས་ནས། རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་གཟབ་ནན་ངང་བཟང་བོར་བསྒྲུབ་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།