ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་གྱི་འཆར་ཟིན་ལ་གྲོས་སྡུར་བྱས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་ཉེར་གཉིས་ཉིན་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་གྲོས་ཞིབ་བྱེད་པར་སྤྲོད་རྩིས་ཡོད་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་མ་ཡིག་དང་ཞིབ་བཤེར་བྱེད་པར་སྤྲོད་རྩིས་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་འཆར་ཟིན་གྱི་མ་ཡིག་ལ་གྲོས་སྡུར་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་སྟེང་བསྟན་དོན། ཉིས་སྟོང་བཅོ་ལྔ་ལོར། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་འགྱུར་བ་མེད་པའི་ཡིད་ཆེས་དང་སྤྱིར་བཏང་མིན་པའི་སྤོབས་པ་ལ་བརྟེན་ནས། དཀའ་ངལ་ཁྱད་བསལ་དང་ཡར་བརྩོན་ལྷོད་མེད་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བརྟན་བརླིང་ཁྲོད་ནས་གོང་འཕེལ་དུ་སོང་བ་དང་བརྟན་བརླིང་ཁྲོད་ནས་ཇེ་བཟང་དུ་སོང་སྟེ། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་བླངས་ཟེར།

གྲོས་ཚོགས་སྟེང་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་སྤྱིར་བཏང་མིན་པའི་དུས་སྐབས་ཤིག་ཡིན་པ་དང་། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་བཅས་ཀྱི་ལས་འགན་ལ་དམིགས་ནས། ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་བརྩོན་ལྷོད་མེད་དང་གསར་སྤེལ་ཡར་བརྩོན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་རྣམ་པ་གསར་བ་བཏོད། དཔལ་འབྱོར་རྒྱུན་སྲིང་དང་ཅུང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་། གྲུབ་ཚུལ་ལེགས་སྒྲིག་ཐད་ཚབ་མཚོན་རང་བཞིན་གྱི་གྲུབ་འབྲས་བླངས་ལ། རྨང་གཞིའི་སྒྲིག་ཆས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་སོང་ཞིང་། ཚན་རྩལ་གསར་གཏོད་ཐད་བརྒལ་གཏོར་གལ་ཆེན་མངོན་འགྱུར་བྱས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ནས། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། རིག་གནས་མཉེན་ཤུགས། རྒྱལ་སྤྱིའི་ཤན་ཤུགས་བཅས་ཆུ་ཚད་གསར་བ་ཞིག་ཏུ་འཕར། འདིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་སྟོབས་ཆེན་པོ་དང་གསོན་ཤུགས་ཆེན་པོ་མཚོན་ཡོད་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་མུ་མཐུད་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་ཐུབ་ངེས་ཡིན་ཟེར།

གྲོས་ཚོགས་ནས་བལྟས་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་གི་དུས་རིམ་ཡིན་པས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཚན་རིག་དང་མཐུན་པར་གཏན་འབེབས་བྱེད་པ་དེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་བསྟུན་པ་དང་དེར་ཁྲིད་སྟོན་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་གྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་བ་བཏོད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གྱི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ནི་ལས་འགན་དང་བོ་ཡིན་པ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཅངས་པ་དང་ལག་བསྟར་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དཀྱིལ་སྙིང་དུ་འཛིན་པ། མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་བཟུང་སྟེ་ནུས་ལྡན་གྱི་མཁོ་འདོན་རྒྱ་བསྐྱེད་པ་དང་ནུས་ལྡན་གྱི་དགོས་མཁོ་བསྐོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་ཁྲིད་སྟོན་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་དང་འཕེལ་རྒྱས་རྣམ་པ་མྱུར་དུ་ཆགས་པར་བྱེད་པ། འཐབ་ཇུས་ཀྱི་ཆོད་ཤུགས་སྲུང་འཛིན་བྱེད་པ་པ་དང་བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་བཅས་གཅིག་གྱུར་གྱིས་སྤེལ་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་སྤྱི་ཚོགས་དུས་ལྟར་འགྲུབ་པར་ཁག་ཐེག་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས་ཟེར།

གྲོས་ཚོགས་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་འཆར་ཟིན་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞིབ་བཤེར་བྱེད་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་གྲོས་སྡུར་བྱེད་པར་སྤྲོད་པའི་བརྒྱུད་རིམ་ཁྲོད་དུ། དམངས་གཙོ་དར་སྤེལ་གང་ལེགས་དང་བསམ་འཆར་ཡོངས་ཁྱབ་ཏུ་བསྡུ་ལེན་བྱས་ཏེ། འཆར་འགོད་རྩ་གནད་གཏན་འབེབས་བཟང་བོ་བྱས་ནས། འཆར་འགོད་རྩ་གནད་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་གནད་འགག་དུས་རིམ་མགོ་རྩོམ་པའི་ལོ་ཡིན་ལ། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་སྤེལ་བའི་མཁྲེགས་གཏོར་གྱི་ལོ་ཡང་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ལྟར་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལྟར་དུ། འཕེལ་རྒྱས་ལས་འགན་དང་བོ་ཡིན་པ་རྒྱུན་འཁྱོངས་དང་། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་བསྟུན་པ་དང་། ཆེ་ཕྱོགས་སྲིད་ཇུས་བརྟན་བརླིང་ཡིན་དགོས་པ་དང་ཐོན་ལས་སྲིད་ཇུས་ཡང་དག་ཡིན་དགོས་པ། ཕྲ་མཐོང་སྲིད་ཇུས་ལ་གསོན་ཤུགས་ཡོད་དགོས་པ། བཅོས་སྒྱུར་སྲིད་ཇུས་རྣལ་མ་ཡིན་དགོས་པ། སྤྱི་ཚོགས་སྲིད་ཇུས་ཀྱིས་རྨང་གཞི་འདིང་དགོས་པ་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་གྱི་མགོ་བཟང་བོ་རྩོམ་པར་འབད་བརྩོན་བྱེད་དགོས་ཟེར།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།