ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་འཇར་པན་གྲོས་ཞུགས་ཁང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

11.jpg

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོ་དང་འཇར་པན་གྲོས་ཁང་གི་དུས་བཅད་བརྗེ་རེས་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་འཇར་པན་གྲོས་ཞུགས་ཁང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲང་ཏི་ཅང་གིས་གསུངས་རྒྱུར། ཁྲིམས་འཛུགས་ལས་ཁུངས་བར་འགྲོ་འོང་བྱེད་པ་ནི་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་རྒྱུན་སྲིང་ངང་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བར་ཧ་་ཅང་གལ་ཆེ་བ་ཞིག་ནི་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞི་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན་ཞིང་། ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་ཏུ་ཕྱོགས་གཉིས་ཀྱིས་གྲོས་མཐུན་བཀོད་པའི་ཐུན་མོང་གི་རྩ་དོན་བཞི་བརྩི་སྲུང་བྱེད་རྒྱུ་དེ་ཡིན། ཀྲུང་གོ་དང་འཇར་པན་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་བྱ་བ་ཅུང་ཙམ་སླར་གསོ་བྱས་ནའང་། ད་རུང་རྙོག་འཛིང་གི་གནད་དོན་དང་འགྲན་རྩོད་ཁ་ཤས་གནས་ཡོད་པས། ཕྱོགས་གཉིས་ཀྱིས་སྲིད་ཇུས་ཐད་ནས་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་དགོས་པ་དང་། ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་ཐག་བཅད་དེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་འཇར་པན་གྲོས་ཞུགས་ཁང་གིས་དུས་བཅད་བརྗེ་རེས་རྐྱེན་སྲོལ་སླར་གསོ་བྱས་ཏེ། འབྲེལ་ཡོད་གནད་དོན་ཐད་ནས་བརྗེ་རེས་བྱས་ན། ཕྱོགས་གཉིས་བར་གྱི་རྒྱུས་ལོན་དང་ཡིད་ཆེས་སྔར་ལས་ཇེ་ཆེར་གཏོང་ཐུབ་པར་ང་ཚོ་ཡིད་ཆེས་ཡོད་ལ། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་ཐུབ་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།