《ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བརྗོད་རྒྱུ)པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནན་ཏན་ངང་ལག་ལེན་བསྟར་རྒྱུའི་བླང་བྱ་ཡང་བཏོན་པ་རེད།

《བསམ་འཆར》ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱས་ནས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་དང་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་དུས་བབ་གསར་པ་དང་བླང་བྱ་གསར་པར་རང་འགུལ་ངང་འཚམས་པ་བྱས་ཏེ་མི་སྣའི་གྲུབ་ཆ་དང་། བསམ་བློའི་ལྟ་བ། བྱེད་སྒོ་སྤེལ་སྟངས། ཞབས་ཞུ་དོ་དམ་སོགས་ཀྱི་ཐད་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཁ་གཏད་ཧུར་ཐག་བཅག་ནས་དུས་བབ་གསར་པའི་འོག་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་བླང་བྱ་བཏོན་པ་དང་བཀོད་སྒྲིག་བྱས་ཡོད་པ་རེད།

《བསམ་འཆར》ནང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་དོན་ནི་ཏང་གི་རྩ་འཛུགས་ལས་དོན་དང་མི་དོན་ལས་དོན་གྱི་གྲུབ་ཆ་གལ་ཆེ་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པར་ཐུགས་ཁུར་གནང་བའི་ལས་འགན་གལ་ཆེ་ཁུར་བས་གནས་བབ་དམིགས་བསལ་གལ་ཆེ་ལྡན་ཡོད། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་དོན་སྒོ་ཀུན་ནས་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་ལྟར། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དྲང་ནུས་ལྡན་པའི་རིན་ཐང་གཏད་ཕྱོགས་འཕར་མར་སྦྱིན་ནས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་མངོན་པར་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བའི་ཁ་ཕྱོགས་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་དང་ཧུར་ཐག་གཏོང་བ་དང་། རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད། བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་མ་གཏོང་དགོས་ཞེས་བསྟན་ཡོད།

《བསམ་འཆར》ནང་། ས་ཁུལ་དང་སྡེ་ཚན་ཁག་གིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་དོན་དེ་གནས་བབ་གལ་ཆེར་བཞག་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། འགན་འཁྲི་ཆེ་རུ་གཏོང་བ། འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལས་དོན་ལ་མཐོང་ཆེན་བྱས་ཏེ་སྣེ་འཁྲིད་ནས་འབྲེལ་གཏུག་བྱེད་པ་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པར་རྟག་ཏུ་འཚམས་འདྲི་བྱེད་པར་སྐྱོད་དགོས། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གིས་གཅིག་འདོམས་མཐུན་སྦྱོར་དང་མཛུབ་ཁྲིད་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེར་ཞིབ་འཇུག་ཐག་གཅོད་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།