ཀྲུང་གོ་བོད་ཀྱི་དྲ་བ།

དཀར་ནག་འཇིག་རྟེན་ལ་བརྒྱུས་པའི་བརྙན་མིག་གི་སྐད་ཆ། — གློག་བརྙན《ཐར་ལོ》ལ་བལྟས་པའི་མྱོང་དཔྱད།

  རྩོམ་པ་པོ། : དུང་ཟིན་རྒྱལ་གྱིས་བརྩམས།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།


དང་པོ། གློག་བརྙན་མཚམས་སྦྱོར།

《ཐར་ལོ》ཞེས་པ་ནི་སྐུ་ཞབས་པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་ཞིང་། ཞི་བདེ་ཉི་མ་དང་གཡང་ཕྱུག་མཚོ་གཉིས་ཀྱིས་གཙོ་འཁྲབ་བྱས་པའི་གློག་བརྙན་ཞིག་སྟེ། 2016ལོའི་ཟླ12ཚེས9ཉིན་བསྟན། གློག་བརྙན་འདི་ནི་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཐུང་གྲས་ཤིག་ལ་གཞི་བཅོལ་ནས་མཚོན་མདོག་དཀར་ནག(སྐྱ་བོ)དང་། བརྙན་མིག་རིང་པོ་སྤྱད་པའི་སླ་བསྡུས་རིང་ལུགས①(极简主义)ཀྱི་རིག་རྩལ་གློག་བརྙན་ཞིག་ཡིན་ལ། མཚང་མིང་ལ“རལ་ལི”ཞེས་འབོད་པའི་ལུག་རྫི་ཐར་ལོ་ཡིས་གྲོང་ཁྱེར་དུ་ཐོབ་ཐང་ལག་ཁྱེར་ལེན་པའི་བརྒྱུད་རིམ་ནང་། སྐྲ་བཞར་ཁང་གི་མཛེས་མ་གཡང་མཚོར་འཕྲད་ཅིང་། ཕན་ཚུན་མཛའ་གྲོགས་སུ་གྱུར་མིན་བར་ཕྲད་པའི་དོན་དག་རབ་དང་རིམ་པ་ཞིག་སྤྲོས་བརྗོད་བྱས་ཡོད། གློག་བརྙན་འདིའི་ཐུན་མོང་མ་ཡིན་པའི་བར་སྟོང་མངོན་སྟངས(空间布局)དང་། ཡང་དང་བསྐྱར་དུ་ལྡོག་གཟུགས་འཇིག་རྟེན(镜像世界)གྱི་བརྙན་མིག་སྤྱད་དེ་དོན་དག་གི་བྱུང་རིམ་ཚད་ཡོད་བར་སྟོང་ནང་བཅུག་སྟེ། དེང་རབས་རང་བཞིན་གྱི་འཕེལ་རྒྱས་ཁྲོད་ཀྱི་བས་མཐའི་མི་སྣའི་ཐོབ་ཐང་གི་སེམས་ཁྲལ་དང“མི་སྣ་ཆུང་ངུའི”གནས་བབ། དེང་རབས་ཅན་དང་ཁེར་རྐྱང་བར་ཀྱི་གདོང་ཐུག་བརྗོད་ཡོད། གློག་བརྙན་འདིར་སྐབས52པའི་ཐའེ་ཝན་གྱི་འཁྲབ་གཞུང་ཡག་ཤོས་ཀྱི་གསེར་གྱི་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ་མྱོང་།

གཉིས་པ། “བས་མཐའི་མི་སྣའི"ཐོབ་ཐང་གི་སེམས་ཁྲལ།

གློག་བརྙན་ནང་ཐར་ལོའི་ཐོབ་ཐང་ལ་ངོས་འཛིན་གཅིག་མཐུན་ཡིན་མིན་གཙོར་བཟུང་སྟེ། ཐར་ལོ་ནི་སྲོལ་རྒྱུན་དང་དེང་རབས་བར་གྱི་བརྡབ་གསིག་བརྒྱུད། “ང་ཚོ་སུ་རེད་དང་ང་ཚོ་གང་ནས་འོངས”ཞེས་པའི་མཚན་ཉིད་རིག་པའི་དྲི་བ་ལྟར། རང་ཉིད་ཀྱི་ཐོབ་ཐང་ལ་མགོ་འཐོམ་གྱི་ཡོད་དེ།   དེའང་དེང་རབས་སྤྱི་ཚོགས་ཀྱི་སྒྲིག་ལམ་གསར་རྙིང་གི་གདོང་ཐུག་འོག་འབུར་དུ་དོད་པའི་ཐོབ་ཐང་གི་གནད་དོན་ཞིག་རེད།  གློག་བརྙན་ནང་མི་སྣ་གཙོ་བོ་ཐར་ལོ་ལ“ཐོབ་ཐང"གསུམ་ཡོད་པ་སྟེ། དང་པོ་ནི་ཁོའི་རང་བྱུང་ཐོབ་ཐང་རེད། “བས་མཐའི་མི”(边缘人)ཞིག་ཡིན་པའི་ཆ་ནས། ཁོ་ལ“རལ་ལི"མ་གཏོགས་དངོས་མིང་ནས་འབོད་མཁན་མེད་ཅིང་དེ་ལ་དོ་སྣང་བྱེད་མཁན་ཡང་མེད་དེ། ཐར་ལོ་ལ་མཚོན་ནའང་མཚང་མིང་དེ་རྒྱུན་འབྱམས་སུ་སོང་བས། སའོ་ཀྲང་རྡོ་རྗེ་ཡིས་ཁོ་ལ་ཐར་ལོ་ཞེས་འབོད་དུས་ཐར་ལོས་དེ་ཧ་ཅང་དགོད་བྲོ་བ་ཞིག་ཏུ་སྣང་བ་ལྟ་བུ་རེད། འདི་ལྟར་སྤྱི་ཚོགས་ཀྱིས་བོར་ཟིན་པའམ་བརྗེད་ཟིན་པའི་བས་མཐའི་མི་ཞིག་གི་ཐོབ་ཐང་དང་པོ་འདི་གླེང་དུས། དེ་ནི་ཧ་ཅང་སྙིང་རྗེ་བའམ་སྣང་བརྙན་རབ་རིབ་ཅིག་རེད། གཉིས་པ་ནི་ཐར་ལོའི་སྤྱི་དམངས་ཀྱི་ཐོབ་ཐང་རེད། སྟེས་དབང་གིས་སྡེ་དཔོན་གྱི་སྐུལ་འདེད་འོག་ཐོབ་དཔང་ལེན་ཏུ་བཅུག་པ་མ་གཏོགས། ཐར་ལོ་རང་ངོས་ནས་ཐོབ་དཔང་ཡོད་མེད་ལ་སྣང་དོགས་སྤུ་ཙམ་བྱེད་ཀྱིན་མེད། འོན་ཀྱང་སའོ་ཀྲང་རྡོ་རྗེ་ཡིས་“ཐོབ་ཐང་ལག་ཁྱེར་ཡོད་ཚེ་ད་གཟོད་གྲོང་ཁྱེར་དུ་སོང་ན་མི་གཞན་གྱིས་ཁྱོད་སུ་ཡིན་པ་ཤེས་ཐུབ”ཅེས་ནན་བཤད་བྱས་པས། ཐར་ལོས་ཀྱང་ངེས་པར་དུ་ཐོབ་ཐང་ལག་ཁྱེར་ཞིག་ལེན་དགོས་ཀྱི་ཡོད། དོན་དངོས་ཐོག་དེ་ནི་སྤྱི་དམངས་ཀྱི་ཐོབ་ཐང་ཞིག་སྟེ་དར་མའི་ལོ་ཚོད་ལ་ངེས་པར་དུ་ཐོབ་དགོས་པའི་ཐོབ་ཐང་ཞིག་ཀྱང་རེད། མཚོན་བྱེད་རིང་ལུགས(象征主义)ཀྱི་སྟེང་ནས་བཤད་ན། མངགས་གཏོང་ཁང་གིས་དབང་ཆའི་ལས་ཁུངས་ཤིག་མཚོན་ཡོད་དེ། གློག་བརྙན་ནང་དུ་ལྟོས་བཅས་ཀྱི་སྐད་ཆའི་དབང་ཆ(话语权)ཡོད་ཅིང་། ཐར་ལོས་ཀྱང་དབང་ཆའི་ལས་ཁུངས་བརྒྱུད་དེ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ཀྱིས་ད་གཟོད་རང་ཉིད་ཀྱི་ཐོབ་ཐང་ར་སྤྲོད་བྱེད་དགོས་པ་ཤེས་རྟོགས་བྱུང་ཡོད། འདི་ནི་དེང་རབས་ཅན་གྱིས་བཏང་བའི“བཀའ་རྒྱ"ཞིག་ཀྱང་རེད་དེ། དེའི་དོན་སྙིང་ནི་ཐོབ་དཔང་མེད་ན་དེང་རབས་ཀྱི་ཐོབ་ཐང་མེད་པའི་མཚོན་བྱེད་ཅིག་རེད། ཐར་ལོས་རང་ཉིད་ཀྱི་ལུག་རྫིའི་ཐོབ་ཐང་བོར་བ་ནས་བཟུང་། དེང་རབས་སྤྱི་ཚོགས་ཁྲོད་དུ་ངོས་འཛིན་གཅིག་མཐུན་གྱི་ཐོབ་ཐང་གསར་པ་ཞིག་རྙེད་མ་བྱུང་བས། ཐར་ལོའི་འཐོམ་སྦྲིད་དང་སོམ་ཉི་ནི་དེང་རབས་སྤྱི་ཚོགས་ཁྲོད་ཀྱི་མི་མང་པོ་ཞིག་ལ་འཕྲད་པའི་ཐོབ་ཐང་ངོས་འཛིན་ཐད་ཀྱི་གནད་དོན་མཚོན་སྟངས་ཤིག་ཀྱང་རེད། གསུམ་པ་ནི་ཐར་ལོའི་བསམ་པའི་ཐོབ་ཐང་མཚོན་ཡོད་དེ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཤུགས་རྐྱེན་འོག ཐར་ལོས་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་ཀུན་སྤྱོད་ཅིག་ལ་དད་མོས་བྱེད་བཞིན་ཡོད། དེ་ནི་མའོ་ཙེ་ཏུང་གི《མི་དམངས་ལ་ཞབས་འདེགས་ཞུ་བ》ཞེས་པའི་སློབ་ཚན་དེ་བློ་ལ་ངེས་ཤིང་། ཀྲང་སི་ཏིག་དང་འདྲ་བར་ཤི་རྗེས“རི་བོ་ཐའེ་ཧྲན་ལས་ལྕི་བར”རེ་བ་བྱེད་ཀྱི་ཡོད་ལ། ཕྱུགས་བདག་ལ་ལུག་འཚོ་རོགས་བྱེད་རྒྱུ་དེའང་ཁོས“མི་དམངས་ལ་ཞབས་འདེགས་ཞུ་བའི”བྱ་སྤྱོད་ཅིག་ཏུ་བརྩི་བཞིན་ཡོད། ཐོབ་ཐང་བརྩེགས་མའི་སྒྲིག་གཞི་འདིའང་གློག་བརྙན་འདིའི་སྤྲོས་བརྗོད་བྱེད་པའི་ཁོང་ཐིག་ཅིག་དང་། གློག་བརྙན་གྱི་གཏིང་དུ་སྦས་པའི་ཐོབ་ཐང་ཐད་ཀྱི་སྐྱ་ཐིག་ཅིག་ཀྱང་རེད། མ་གཞི་ཐར་ལོའི་འཇིག་རྟེན་དུ་ཐོབ་ཐང་ལག་ཁྱེར་ལེན་རྒྱུ་ནི་ཁུངས་ལུང་མེད་པ་ཞིག་རེད། གལ་ཏེ་ཐོབ་ཐང་ལག་ཁྱེར་ལེན་ཆེད་གྲོང་ཁྱེར་དུ་འཛུལ་བ་མིན་ཚེ། ཁོ་ནི་སྔར་བཞིན་འཚོ་བར་རང་དབང་ལྡན་པ་དང་། ལྷད་མེད། ཡིད་འཛིན་གྱི་ནུས་པ་ཧ་ལས་པའི“རལ་ལི”དེ་ཡིན་སྲིད། དེ་བས། གྲོང་ཁྱེར་ཅན་གྱི་སྒྲིག་ལམ་གསར་པས་རྒྱུན་ཆད་མེད་པར་སྔར་ཡོད་ཀྱི་ཁོར་ཡུག་རྙིང་པར་བརྡབ་གསིག་དང་འགྲན་སློང་བྱེད་སྐབས། མི་མང་པོ་ཞིག་ཐར་ལོ་ནང་བཞིན་ཐོབ་ཐང་བོར་བ་དང་འཚོ་གནས་བསྐྱར་སྒྲིག་བྱེད་པའི་གནད་དོན་ལ་འཕྲད་དང་ཕྲད་བཞིན་པའང་གཡོལ་ཐབས་མེད་པ་ཞིག་རེད།

གསུམ་པ། “མི་སྣ་ཆུང་ངུའི”འཚོ་གནས་ཀྱི་གདམ་ག  

མི་ཚང་མས་འཇིག་རྟེན་ནི་དུས་དང་རྣམ་པ་ཀུན་ཏུ་འགྱུར་བཞིན་པ་ཤེས་མོད། འོན་ཀྱང་མི་ཁ་ཤས་ཤིག་འགྱུར་ལྡོག་གི་འཚོ་བའི་ཁྲོད་ཨུ་ཚུགས་ཀྱིས་རང་ཉིད་གོམས་ལོབས་སུ་སོང་བའི་འཚོ་གནས་ལ་འབད་ཐབས་བྱེད་པ་ལས་ཁ་བྲལ་འདོད་མེད། ཡང་མི་ལ་ལ་ཞིག་འགྱུར་ལྡོག་གི་རླབས་རྒྱུན་དང་འགྲོགས་ནས་རང་ཉིད་ཀྱི་འཚོ་གནས་བོར་བཞིན་ཡོད་དེ། འགྱུར་བའི་རང་བཞིན་འདི་དག་ཚང་མ་མི་སྣས“གདམ་གའི”འགྱུར་ལྡོག་ལས་བྱུང་བ་རེད།

གློག་བརྙན་ནང་དུའང་མི་སྣ་ཆུང་ངུའམ་མི་སྒེར་ཅན་གྱི་གཞི་གྲུབ་ནས་འགོ་བཙུགས་ཏེ“དད་སེམས"བརྟན་སྲུང་དང་གས་ཆགས་ཀྱི་སོམ་ཉིའི་བར་དུ་སྲུང་བ་དང་དོར་བ་གཉིས་སུ་དབྱེ་སྟེ། གཏམ་རྒྱུད་ཀྱི་གོ་རིམ་ལྟར་ན། ཐར་ལོ་མངགས་གཏོང་ཁང་དུ་ཐེངས་དང་པོར་སླེབ་སྐབས། ཐར་ལོས་དྲང་ཐད་དུ་ལྟད་མོ་པ་རྣམས་ལ་བལྟས་ཡོད་པ་དང་། ཁོའི་རྒྱབ་ལྗོངས་ནི“མི་དམངས་ལ་ཞབས་འདེགས་ཞུ”ཞེས་པའི་རྒྱ་ཡིག་ཆེན་པོ་ལྔ་དང་། བརྙན་རིས་ཀྱི་དཀྱིལ་དུ་དུད་ཁུང་གིས་བཅད་ཡོད། ཐར་ལོ་ཏག་ཏག་དུད་ཁུང་གི་མདུན་དུ་ལངས་ནས་བརྙན་རིས་ཕྱོགས་གཉིས་སུ་བགོས་ཏེ“མི་ནི་གང་ལྟར་ཤི་དགོས་པ་རེད། ལ་ལ་ཞིག་ཤི་བ་ནི་རི་བོ་ཐའེ་ཧྲན་ལས་ལྕི་བ་དང་། ཡང་ལ་ལ་ཞིག་ཤི་བ་ནི་བྱ་སྤུ་ལས་ཀྱང་ཡང”ཞེས་པའི་གསུང་ཚིག་དེ་བློ་ལ་ངེས་མོད། དེའི་དོན་མི་ཤེས་པའང་ཐར་ལོས་ཡིན་མིན་གྱི་ལྟ་བ་འདི་འདྲ་ལ་འགལ་བ་དང་གོ་བ་ལེན་མི་ཐུབ་པའི་གསང་བརྡ་བཏང་ཡོད། གཞན་ཐར་ལོ་དང་དུད་ཁུང་གཉིས་ཀྱིས་མཉམ་དུ་བརྙན་རིས་དུམ་བུ་གཉིས་སུ་བགོས་རྗེས། ད་གཟོད་གློག་བརྙན་འདིའི་རྒྱུ་གཉིས་ལྡོག་འགལ②(二元对立)ཀྱི་རིན་ཐང་ལངས་ཕྱོགས་གསལ་པོར་མཚོན་ཡོད་དེ། སའོ་ཀྲང་བརྙན་རིས་སུ་བརྒྱུད་པ་དང་བསྟུན་ནས་ཐར་ལོས་བརྙན་རིས་ཀྱི་སྣེ་གཞན་ཞིག་གདམ་ག་བྱས་པ་དང་། མི་སྣའི་བྱ་སྤྱོད་དེ་རིགས་ཀྱིས་ལངས་ཕྱོགས་ཀྱི་གདམ་ག་ཞིག་མཚོན་གྱི་ཡོད་པས། ཐར་ལོས་མངོན་གསལ་དོད་པས་རང་གི“དད་མོས"བརྟན་སྲུང་བྱ་རྒྱུ་གདམ་ག་བྱས་བྱུང་ལ། དེའང“མི་སྣ་ཆུང་ངུའི”འཚོ་གནས་ཀྱི་གདམ་ག་ཞིག་ཀྱང་རེད།  

གཞི་གྲུབ་རིང་ལུགས(存在主义)ཀྱིས“གདམ་ག”ལ་ཧ་ཅང་གཟབ་ནན་གྱི་སྟོབས་ཤུགས་ཤིག་སྤྲད་ཡོད་པ་དང་། དེས་མི་རེ་རེ་བཞིན་རང་ཉིད་ཀྱི་ཐག་གཅོད་ལ་འགན་འཁུར་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། དཔེར་ན། ཐར་ལོས་ཐ་མག་གསར་པ་འཐེན་ཤེས་པ་དང་། ཆང་ཁང་དུ་ཉུལ་བ། ཐ་ན་རལ་ལི་ཡང་བཅད་པ་སོགས་ཀྱི་གདམ་ག་འདི་དག་གི་གོ་རིམ་ཁྲོད་དུ་ཁོས་རང་ཉིད་ཀྱིས་བཙུགས་པའི“མི་དམངས་ལ་ཞབས་འདེགས་ཞུ་བའི”བསམ་པའི་གུར་ཁང་དེ་རིམ་བཞིན་སིམ་པར་གྱུར་བ་དང་། གློག་བརྙན་ལས་ལྡོག་འཕྲོའི་བརྙན་མིག་ཕུད་པའི་བརྙན་རིས་གཞན་དག་གིས་ཁོ་ལ་སྤྲད་པའི་གནས་ཡུལ་དག་ཀྱང་བརྙན་མིག་གི་སྒྲོམ་གཞིའི་མཐའ་རུ་འདེད་བཞིན་པའམ་ཡང་ན་བརྙན་རིས་ཀྱི་འོག་ཏུ་ལྷུང་བཞིན་པ། ཡང་ན་མི་སྣའི་འདུག་གནས་དོ་མཉམ་མིན་པ(不对称构图)སོགས་ལས་རྟོགས་འོངས། བརྙན་མིག་འདི་དག་གི་སྟེང་དུ་ལེགས་སྒྲིག་བྱས་པ་ནི་མི་སྣ་ཆུང་ངུའི་གནས་ཐབས་ལས་རིམ་བཞིན་བས་མཐའི་ཕྱོགས་སུ་སྤོ་བཞིན་པ་མཚོན་འདུག ད་དུང་ཐར་ལོ་ཐེངས་གསུམ་པར་མངགས་གཏོང་ཁང་དུ་སླེབ་དུས། ཁོས་རལ་ལི་བཅད་ཅིང་སྐྲ་ལོ་བཞར་བ་དང་། གཡང་མཚོས་དངུལ་འབོར་ཆེན་ཁྱེར་ནས་བྲོས་སོང་བའི་ཤུལ་དུ། ཐར་ལོ་སྔར་བཞིན་ཐེངས་དང་པོའི་བརྙན་མིག་ནང་བཞིན་དུད་ཁུང་གི་གཡོན་འགྲམ་དུ་ལངས་ཡོད་མོད། འོན་ཀྱང་འཁྲབ་ཁྲིད་པས་བརྙན་མིག་དེ་ལྡོག་བརྙན་དུ་བསྒྱུར་ནས་ཁ་ཕྱོགས་ལྡོག་པའི“མི་དམངས་ལ་ཞབས་འདེགས་ཞུ”ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་དེ་དག་ལས་ཀྱང“མི་སྣ་ཆུང་ངུའམ”ཐར་ལོའི་དད་སེམས་དེ་སྐད་ཅིག་ཉིད་དུ་བརྡིབས་ནས་སྔར་ཀྱི་འཚོ་བར་གཏད་ནས་ལོག་མི་ཐུབ་པ་མཚོན་ཡོད། དེའི་ཕྱིར་གློག་བརྙན་འདིར་སྤྱི་ཚོགས་ཀྱི་རྣམ་པ་འགྱུར་བའི་སྐབས་ཀྱི་མི་སྣ་ཆུང་ངུའི་དཔེ་མཚོན་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད་ལ།  ཐར་ལོའམ་མི་སྣ་ཆུང་ངུའི་རིགས་ནི་གོ་ལ་ཧྲིལ་པོ་ཅན་གྱི་མ་རྩའི་ལམ་ལུགས་ཀྱི་འཇབ་རྒོལ་དྲག་པོའི་ཁྲོད་ཉམ་ཆུང་དང་གནོད་འཚེ་ཕོག་མཁན་ཞིག་ཏུ་གྱུར་མོད། འོན་ཀྱང་སྒྲིག་སྲོལ་གྱིས་ད་གཟོད་བདེ་བླག་ངང་རྩ་བ་ནས“བསྒྱུར་བཅོས”གཏོང་ཐུབ་པ་སྟེ། དཔེར་ན་མངགས་གཏོང་ཁང་གི་སའོ་ཀྲང་གི་མིག་ནང་དུ“མི་དམངས་ལ་ཞབས་འདེགས་ཞུ་བ”དང“ཁྱིམ་ཚང་སྐྱོང་པ”གཉིས་ལ་འགལ་བ་མེད་དེ། རྒྱུ་མཚན་ནི། གདམ་ག་ནི་མི་གཤིས་བཞེངས་སྐྲུན་བྱེད་པའི་ཆེས་རྨང་གཞིའི་རྒྱུ་ཆ་ལྟ་བུ་དང་། སྒྲིག་སྲོལ་ནི་གདམ་གར་ལེགས་སྒྲིག་བྱེད་པའི་སྟེགས་བུ་ལྟ་བུ་ཡིན་པས་སོ། །

བཞི་པ། ལྡོག་བརྙན་ལས་འཕྲོས་པའི་གཡོ་ཟོལ་གྱི་སྐད་ཆ།

ཐོག་མ་ནས་འཁྲབ་ཁྲིད་པས་དེང་རབས་གྲོང་ཁྱེར་ལ་མག་མོག་དང་དོགས་སློང་གི་ལྟ་ཕྱོགས་ཤིག་སྤྲད་ནས་དོན་དངོས་དང་གཡོ་ཟོལ་གྱི་གནད་དོན་ལ་དཔྱད་བསྡུར་བྱས་ཡོད་དེ། གློག་བརྙན་ནང་དུ་མེ་ལོང(ཤེལ་དང་ཆུ་ངོས་འདུས)སོགས་ལ་བརྟེན་ནས་དངོས་ཡོད་འཇིག་རྟེན་གྱི་ལྡོག་འཕྲོའི་བརྙན་མིག་ལས་གྲུབ་པའི“ཁམས"མང་པོ་ཞིག་བསྐྲུན་འདུག སྤྲོས་བརྗོད་ཀྱི་དོན་སྙིང་སྟེང་སྐབས་འགར་བལྟས་ན་ལྷག་མ་ཞིག་ཏུ་སྣང་མོད། འོན་ཀྱང་ཡང་དང་ཡང་དུ“མེ་ལོང་གི་ལྡོག་གཟུགས"(镜视角)སྤྱད་པ་དེས་གློག་བརྙན་གྱི་ཁྱད་ཆོས་རང་བཞིན་གྱི་བརྙན་མིག་གི་སྐད་ཆ་ཞིག་ཏུ་གྲུབ་ཡོད། ལཱ་ཁེང③(拉康)གི་གཞུང་ལུགས་ལྟར་ན། ལྡོག་བརྙན་ཁྲོད་ཀྱི་མི་སྣས་མྱོང་བ་ནི་རང་ཉིད་ངོས་འཛིན་གྱི་ནོར་འཛོལ་ཞིག་ཡིན་ལ།《ཐར་ལོའི》ནང་ཡང་ཡང་བྱུང་བའི་ལྡོག་གཟུགས་ཀྱི་བར་སྟོང་ཡང་ལཱ་ཁེང་གི་བརྙན་མིག་གཞུང་ལུགས་དང་ཧ་ཅང་མཐུན་པོ་འདུག གློག་བརྙན་ནང་མེ་ལོང་གིས་ལྡོག་འཕྲོའི་ཁམས་ཏེ། དཔེར་ན་སྐྲ་བཞར་ཁང་དང་པར་ལེན་ཁང་སོགས་ནི་དེང་རབས་སྤྱི་ཚོགས་ཀྱི་མཚོན་རྟགས་ཡིན་ལ། རྣམ་པ་དེ་དག་ཁྲོད་ཀྱི་མེ་ལོང་ལས་ལྡོག་འཕྲོ་བྱས་པའི་གཟུགས་བརྙན་གྱིས་འཕྲུལ་སྣང་དང་དོན་དངོས་མིན་པའི་རྣམ་པ་ཞིག་མཚོན་ཡོད་ཅིང་། ཐར་ལོའི་རྩྭ་ཐང་གི་འཚོ་བ་དང་བསྡུར་ན་བདེན་རྫུན་གྱི་དབྱེ་བ་འབྱེད་སླ་བོ་བྱུང་ཡོད། མེ་ལོང་སྤྱད་པ་ཆེས་མང་ཤོས་ནི་སྐྲ་བཞར་ཁང་གི་འཁྲབ་ཚན་ཡིན་ལ། ཐར་ལོའི“བརྩེ་དུང”རྙེད་སའང་ཡིན། KTVདང་རོལ་དབྱངས་སྤྲོ་ཚོགས་ཀྱི་མཚན་འཁྲབ་དེ་གཉིས་ཕུད། ཐར་ལོ་དང་གཡང་མཚོའི་འབྲེལ་བ་ཚང་མ་མེ་ལོང་གི་ལྡོག་འཕྲོ་ལ་བརྟེན་ནས་མཚོན་པ་ཡིན་པས། དེ་ལས་འཕྲོས་ཡོད་པ་ནི་ཕོ་མོ་གཉིས་བར་གྱི་འཕྲུལ་སྣང་དང་གཏད་སོ་མེད་པའི་བརྩེ་དུང་གི་འབྲེལ་བ་མཚོན་ཡོད། འཁྲབ་ཚན་ཞིག་ལས། ཐར་ལོས་སྐྲ་བཞར་ཁང་དུ་སྐྲ་བཀྲུས་ཚར་རྗེས། ཕྱི་རོལ་གྱི་ལམ་འགྲམ་དུ་ལངས་ནས་པར་ལེན་པར་བསྒུགས་ཡོད། སྐབས་དེར་འཁྲབ་ཁྲིད་པས་མེ་ལོང་བརྒྱུད་ནས་ཐར་ལོ་དང་གཡང་མཚོ་གཉིས་བརྙན་མིག་གཅིག་གི་ནང་དུ་བཞག་སྟེ། བརྙན་རིས་ནང་དུ་མི་གཉིས་སྔོན་དང་རྗེས་ལ་བགར་ཞིང་། བདེན་དང་རྫུན་དུ་དབྱེ་ཡོད། འཁྲབ་ཚན་གཞན་ཞིག་གི་ནང་ཐར་ལོ་དང་གཡང་མཚོ་གཉིས་མཚན་མོའི་འདོད་པའི་དགའ་བ་བརྒྱུད་རྗེས། ཞོགས་པར་མལ་ལས་ལངས་དུས་མི་དང་རྒྱུ་ནོར་གཉིས་ཀ་སྟོང་པར་འདུག་ལ། སྐབས་དེའི་བརྙན་མིག་ནང་དུ་འཁྱོག་གཟུགས་ཀྱི་ཡུལ་ཞིག་མངོན་ཏེ“ཁམས་གཅིག་དང་བྱ་བ་གཅིག”གི་སྤྲོས་བརྗོད་ཀྱི་ཁྱད་ཆོས་ཤིག་ཀྱང་གྲུབ་འདུག

མིས་བཟོས་དངོས་ལུགས་ཀྱི་ལྡོག་འཕྲོའི་གཟུགས་བརྙན་དེས་བཙན་ཤེད་ཀྱི་སྒོ་ནས་དངོས་ལུགས་འཇིག་རྟེན་ལ་ཡོད་པ་དང་འདྲ་ཞིང་། ཡང་མེད་པ་དང་འདྲ་བའི་མཐོང་ཚོར་གྱི་བཀག་རྒྱ་ཞིག་བསྣན་ཡོད་ཅིང་། བཀག་རྒྱ་དེས་དངོས་ལུགས་འཇིག་རྟེན་གྱི་དབྱིབས་འགྱུར་དང་། འཁྱོག་པོ། རབ་རིབ་ཅན་ལ་འགྱུར་བ་བཏང་སྟེ།  ཧ་ཅང“ལྐོག་གྱུར”གྱི་མཛེས་རིག་གི་ཕན་འབྲས་ཐོན་ཡོད་པ་རེད། ལྐོག་གྱུར་རམ་རྒྱུས་མངའ་མེད་པའི་ཕན་འབྲས་དེས་དོན་དངོས་ཀྱི་གཏན་འཁེལ་རང་བཞིན་མེད་པར་བཟོས་པ་དང་། དོན་སྙིང་ལྡན་པའི་བར་སྟོང་ཞིག་གསར་དུ་བཏོད་ནས། དོན་དངོས་འཇིག་རྟེན་ལ་དོགས་གཞི་དང་བསམ་གཞིགས། ཟུར་ཟའི་ལག་ཆ་ཞིག་སྤྲད་ཡོད་པས། ཐར་ལོ་དང་གཡང་མཚོ་བར་འབྲེལ་འདྲིས་བྱེད་སྐབས་མགོ་སྐོར་དང་བསླུ་བྲིད་བར་མེད་དུ་འཁྲབ་ཤིང་། ཐ་ན་ཐར་ལོའི་མཐོང་བ་དང་མྱོང་བ་ཐམས་ཅད་ཀྱང་རྫུན་མ་ཡིན་པའི་དོགས་གཞི་ཧ་ཅང་ཆེ། དེས་ཐར་ལོས་རང་ཉིད་ཀྱི་དྲན་ཤེས་དང་ཤེས་ཚོར་ལ་དོགས་པ་སྐྱེས་སུ་བཅུག་པར་མ་ཟད། ཁོས་དངོས་ཡོད་འཇིག་རྟེན་ལའང་དོགས་པ་སྐྱེས་སུ་བཅུག་པས། འདི་ལས་མཚན་ཉིད་རིག་པའི་ཁྲོད་ཀྱི་དོན་དངོས་དང་རྫུན་མ་གཉིས་ཀྱི་ངོ་བོ་དང་དབྱེ་མཚམས་སྐོར་གྱི་གནད་དོན་མཚོན་ཡོད།

ལྔ་པ། ཐར་ལོའི་ཁེར་རྐྱང་གི་ལས་དབང་།

ཐར་ལོས་ཁེར་རྐྱང་ལ་ངོས་འཛིན་བྱས་པ་ནི་དང་ཐོག་ཁོ་རང་ཆུང་དུས་ནས་རྒྱ་སྐད་ལམ་གྱི《མི་དམངས་ལ་ཞབས་འདེགས་ཞུ་བ》ཞེས་པ་བློ་ལ་ངེས་ཤིང་གཡང་མཚོའི་གསང་བརྡ་ལ་ད་དུང་ཐེ་ཚོམ་བྱེད་ཀྱི་ཡོད་ཅེས་བརྗོད་ན། མི་ཚེའི་མཚན་ཉིད་རིག་པ་དེས་ཁོ་ལ་བཀག་རྒྱ་ཐེབས་ཀྱི་ཡོད་མོད། འོན་ཀྱང་དེ་དག་ཚང་མ་ཁོའི་ལུག་ཁྱུར་སྤྱང་ཀིས་འཇབ་རྒོལ་བྱས་རྗེས་རྩ་བ་ནས་མགོ་རྟིང་སློག་ཅིང་། ཁོའི“རི་བོ་ཐའེ་ཧྲན་ལས་ལྕི་བའི”དད་མོས་དེའང་མཐར་གཞན་གྱིས་དམའ་འབེབས་བྱས་ནས་རིན་ཐང་ཅི་ཡང་མེད་པར་གྱུར། ཁོ་ལ་འགྲམ་ལྕག་ཁ་ཤས་ཕོག་པ་དང་། “ཁྱོས་རང་ཉིད་ལུག་རྫི་ཞིག་ཡིན་པ་མི་ཤེས་སམ”ཞེས་དང་། “སྤྱང་ཀིས་བསད་པའི་ལུག་ལ་རང་གིས་སྐྱིན་ཚབ་རྒྱོབས”ཞེས་གཤེ་གཤེ་བཏང་བས། ཁོས་རལ་ལི་དང་ཐར་ལོ་གཉིས་ཀྱི་ཐོབ་ཐང་བར་གྱི་ཁྱད་པར་ཚོར་མགོ་བརྩམས་པར་མ་ཟད། ལུག་འཚོ་མཁན་གྱི་ཁེར་རྐྱང་དང་ཐབས་ཆག་ལ་བཟོད་ཐབས་བྲལ། 《མི་དམངས་ལ་ཞབས་འདེགས་ཞུ་བ》ཞེས་པའི་ནང་ཁེར་རྐྱང་གི་སེམས་ཁམས་ལ་སེམས་གསོ་བྱེད་ཐབས་བྲལ་ཅིང་ཁེར་རྐྱང་གི་མི་ཞིག་གིས་ཁེར་རྐྱང་གི་འཚོ་བར་བཟོད་ཐབས་བྲལ་བས། ཐར་ལོ་ཁེར་རྐྱང་གི་མི་ཞིག་ལས་ཐར་ནའང་ཁེར་རྐྱང་གཞན་ཞིག་གི་གནས་སུ་ལྷུང་ཞིང་། སླར་ཡང་སུས་ཀྱང་གོ་བ་ལེན་མི་ཐུབ་པའི་ཁེར་རྐྱང་གི་གནས་སུ་ལྷུང་གི་ཡོད། གློག་བརྙན་ལས་ཐར་ལོའི་ཁེར་རྐྱང་དང་མི་གཞན་བར་གྱི་འབྲེལ་བ་བརྒྱུད་དེ། མི་དང་མིའི་བར་གྱི་འབྲེལ་བའི་ངོ་བོ་དང་དོན་སྙིང་ལ་དཔྱད་བསྡུར་བྱས་ཡོད། ཐར་ལོ་དང་གཡང་མཚོའི“བརྩེ་དུང"ཁྲོད། ཐར་ལོས་འོས་མཐུན་དང་བསམ་ཤེས་བསྒོམས་ནས་བརྩེ་དུང་ངོ་མ་ཞིག་འཚོལ་རྩིས་བྱས་ཀྱང་མཐར་ཕམ་ཉེས་བྱུང་ནས་མཇུག་རྫོགས་པས། ཁོ་ལ་སྔར་ལས་ལྷག་པའི་ཁེར་རྐྱང་དང་བློ་ཕམ་བྱུང་བ་སོགས་ནི་མཚན་ཉིད་རིག་པའི་ཁྲོད་ཀྱི་ཁེར་རྐྱང་དང་མི་དང་མིའི་བར་གྱི་འབྲེལ་བའི་སྐོར་གྱི་གནད་དོན་ཏེ། དེས་མི་སྒེར་གང་ཞིག་གིས་བརྩེ་བ་ངོ་མ་ཞིག་འཚོལ་བའི་སྐབས་ཀྱི་བབ་བསྟུན་དང་ཚུར་ལེན་བྱེད་པར་འཕྲད་པའི་དཀའ་ངལ་དག་མཚོན་ཡོད།

དྲུག་པ། དེང་རབས་དང་སྲོལ་རྒྱུན་བསྣོལ་མཚམས་ཀྱི་སོམ་ཉི།

རྩྭ་ཐང་ནི་གློག་བརྙན་ནང་གི་སྲོལ་རྒྱུན་གྱི་མཚོན་རྟགས་ཤིག་ཡིན་པ་སྨོས་མེད་ཡིན་ཞིང་། རྩྭ་ཐང་ནི་རྒྱ་ཆེ་ཞིང་མི་འབོར་ཉུང་བས། ཐར་ལོ་དང་ལུག་ཁྱུ་གཉིས་ནི་འབྲོག་མི་དང་འཚོ་བའི་དན་རྟགས་ཡིན། བརྙན་མིག་གི་མཐོང་ཚོར་ལས་མཁར་གྲོང་གི་ཨར་ལས་དང་གངས་འདབས་ཀྱི་རྩྭ་ཐང་ལ་བསྡུར་བ་མངོན་གསལ་བྱས་ཡོད་དེ། ཐར་ལོ་རྩྭ་ཐང་དང་ཁ་གྱེས་པ་ནས་སྲོལ་རྒྱུན་དང་ཁ་གྱེས་དགོས་བྱུང་ལ། གྲོང་ཁྱེར་གདམས་པ་ནས་དེང་རབས་གྱི་རླབས་རྒྱུན་ཁྲོད་དུ་འཕག་འཚག་མི་བྱེད་ཀ་མེད་བྱུང་། འོན་ཀྱང“ལས་བསམ་སར་མ་སོང་བསགས་སར་སོང"ཞེས་པ་ལྟར། ཐར་ལོའི་སྒོར་འབུམ་ལྷག་གཡང་མཚོས་བརྐུས་ནས་གར་སོང་ཆ་མེད་དུ་གྱུར་པས། ཐར་ལོའི་བསམ་འདུན་ཡོད་ཚད་དེང་རབས་ཅན་དུ་བསྐྱོད་མཚམས་ཆད་ཅིང་སྔར་བཞིན་དེང་རབས་དང་སྲོལ་རྒྱུན་བསྣོལ་འཚམས་ཀྱི་སོམ་ཉིའི་རྒྱ་རུ་ཚུད། བསྣོམ་འཚམས་དེ་རུ་ཐར་ལོ་དང་ཁོའི་ཀྱག་ཀྱོག་གི་ལམ་བུ་ལས་རིག་གནས་ཀྱི་འགལ་བ་དེ་མཐོ་རླབས་སུ་འཕྱུར་ཏེ་གཏན་ནས་དོ་མཉམ་འོང་ཐབས་མེད་པ་མཚོན་ཞིང་། རྩྭ་ཐང་ནས་རྫོང་གྲོང་དུ་བསྐྱོད་པའི་གཞུང་ལམ་དུ། བདེན་པའི་མཐར་ཐུག་རྙེད་དཀའ་བའི་སོམ་ཉིའི་འདྲེས་མདོ་རུ། ཐར་ལོས་རང་ཉིད་ཀྱི་ཚེ་སྲོག་ཤོག་སྤག་ཅིག་དང་འདྲ་བར་སྐད་ཅིག་ཉིད་དུ་མཇུག་བསྒྲིལ་རྒྱུ་གདམ་ག་བྱས་པས། ཁོ་རང་སྲོལ་རྒྱུན་དང་དེང་རབས་ཅན་གང་གི་ཁོངས་སུའང་གཏོགས་མེད་ལ། ཐར་ལོ་ལས་བྱུང་བའི་རྒྱུ་གཉིས་འགལ་ཟླར་གྱུར་པའི་འགལ་བ་ཡང་ཐག་གཅོད་ཅི་ཡང་བྱས་མེད་དེ། དེ་གློག་བརྙན་མགོ་རྩོམ་པའི་དུས་ཀྱི་བརྙན་རིས་དུམ་བུ་དེ་དང་འདྲ་བར། ཁོའི་ལས་དབང་ཡང་གཏན་འཁེལ་བྱ་ཐབས་མེད་པའི་སྣེ་གཉིས་སུ་བྲལ་བ་དང་མཚུངས།  སྤྱི་ཚོགས་ཀྱི་དོན་དངོས་ཀྱང་གཏམ་རྒྱུད་དེའི་ཐོག་ནས་མངོན་པ་ལྟར། སྲོལ་རྒྱུན་དང་དེང་རབས་ཅན་བར་གྱི་འགལ་བའི་ཁྲོད། སྲོལ་རྒྱུན་གྱིས་དོར་ཞིང་དེང་རབས་ཅན་གྱིས་ཀྱང་དང་ལེན་མི་བྱེད་པའི་བས་མཐའི་ས་ཁུལ་གྱིས་སྔར་བཞིན་འཕག་འཚག་དང་འགལ་བ་དེ་རིགས་ཀྱི་ཁྲོད་ནས་རང་ཉིད་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་པ་ལྟ་བུ་རེད། གློག་བརྙན་ལས། ཐར་ལོ་དང་ཁ་འབྲལ་ཐབས་མེད་པའི་ལུ་གུ་ནི་ཐར་ལོའི་སྲུང་འཁོར་ལྟ་བུ་ཡིན་ལ། ཁོའི་ཁེར་རྐྱང་གི་བསམ་པའི་རྟེན་ས་དང་ལས་དབང་གི་བསྟི་གནས་ཀྱང་ཡིན། ཐར་ལོས་མ་འོངས་པའམ་གྲོང་ཁྱེར་ཅན་ལ་བསམ་བློ་གཏོང་སྐབས། ལུ་གུ་ཆུང་ཆུང་གི“འབའ”སྐད་དེས་ཐར་ལོའི་རྒྱང་དུ་གྱེས་བཞིན་པའི་བསམ་བློ་དང་། ཆེས་ཆེར་རྒྱས་བཞིན་པའི་འདོད་པར་ཆེས་གདོད་མའི་འབོད་སྒྲའམ“འབོད་སྐད"བཏང་མོད། ཐར་ལོའི་དེང་རབས་ཅན་གྱི་འཇིག་རྟེན་ལ་བཅངས་པའི་བརྩེ་དུང་དང་། གྲོང་ཁྱེར་གྱི་འཚོ་བར་བཅངས་པའི་ཧམ་སེམས་དེ་ནི་གཟུགས་མེད་ཀྱི“སྤྱང་ཀི”ཞིག་ཏུ་གྱུར་ཏེ། རང་ཉིད་ཀྱི་མཚོན་རྟགས་སུ་བརྩི་བའི“ལུག་ཁྱུ"ཞིག་ཁྱུར་མིད་དུ་བཏང་རྗེས། ཐར་ལོའི་ཐོབ་ཐང་ཀྱང“ལུག་གི་ཨ་མ”ནས་ལུག་ཤ་ཟ་བའི“སྤྱང་ཀི”རུ་གྱུར།

བདུན་པ། དཀར་ནག་གི་བརྙན་རིས་དང་དེའི་སྟབས་བདེ་རིང་ལུགས་ཀྱི་ཁྱད་ཆོས།

དཀར་ནག་བརྙན་རིས་ལ་ཁ་དོག་སྟབས་བདེའི་དང་རི་མོ་གཙང་མའི་མཚན་སྙན་འབར་ཡོད་དེ།  ཁྱད་ཆོས་འདིའི་རིགས་རྟག་ཏུ་གནའ་སྲོལ་དང་ལྷིང་འཇགས་ཀྱི་རྣམ་པ་བཞེངས་སྐྲུན་བྱེད་པར་བཀོལ་བ་མང་ཞིང་། གློག་བརྙན་གྱི་བརྗོད་བྱ་དང་བརྩེ་དུང་འབུར་དུ་དོད་པར་སྐུལ་འདེད་གཏོང་གི་ཡོད། དཔེར་ན། གློག་བརྙན《འབག་བཙོག་ཐེབས་པའི་བྱེའུ》(被涂污的鸟)དང《ཞིན་དྷི་ལའི་མིང་ཐོ》(辛德勒的名单)ལྟ་བུ་སོགས་ནི་དཀར་ནག་བརྙན་རིས་ཀྱི་ཁྱད་ཆོས་འབུར་དུ་དོད་དེ། དམག་འཁྲུག་གི་གདུག་རྩུབ་དང་མི་གཤིས་ཀྱི་མུན་པའི་ཆ་སོགས་གསལ་རྗེན་དུ་མངོན་ཡོད་པས། ལྟད་མོ་པར་དམག་འཁྲུག་གིས་མིའི་རིགས་ལ་ཐེབས་པའི་ཆག་སྒོ་དང་ཤུགས་རྐྱེན་སོགས་ཧ་ཅང་ཞིབ་ཆས་ངང་བརྗོད་ཡོད།

གཞན་ཡང་སླ་བསྡུས་རིང་ལུགས(极简主义)ཀྱི་གློག་བརྙན་ནི་དེ་བས་ཀྱང་སྟབས་བདེ་དང་སླ་མོའི་ཁྱད་ཆོས་ལྡན་ལ། གློག་བརྙན་འདིའི་རིགས་ལ་སྒྲོམ་གཞི་སྟབས་བདེ་དང་། འཁྲབ་ཚིག་ཉུང་ཞིང་བྱུང་རིམ་སླ་བ། འགྲོས་དལ་ཅིང་བག་ལྷོད་སྟེར་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། ལྟད་མོ་པས་གློག་བརྙན་གྱི་བརྗོད་བྱ་དང་བརྩེ་དུང་ལ་རོལ་མྱོང་བྱེད་པར་བློ་རྩེ་གཅིག་ཏུ་གཞོལ་བར་སྐུལ་འདེད་གཏོང་ངེས། དཔེར་ན། 《ཐར་ལོ》ལ་མཚོན་ནའང་།  སྟབས་བདེ་རིང་ལུགས་ཀྱི་ཁྱད་ཆོས་གཙོར་བཟུང་ནས་དེང་རབས་སྤྱི་ཚོགས་ཁྲོད་ཀྱི་མི་སྒེར་གྱི་རིན་ཐང་དང་ཐོབ་ཐང་གི་གནད་དོན་ལ་དཔྱད་བསྡུར་གཏིང་ཟབ་བྱས་པ་དང་། དུས་མཚུངས་སུ་སྲོལ་རྒྱུན་རིག་གནས་ལ་དེང་རབས་སྤྱི་ཚོགས་ཁྲོད་འཕྲད་པའི་དཀའ་ངལ་དང་འགྲན་སློང་ཡང་མཚོན་ཡོད། མདོར་ན། དཀར་ནག་བརྙན་རིས་དང་སྟབས་བདེ་རིང་ལུགས་ཀྱི་གློག་བརྙན་ཚང་མར་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་མཚོན་ཐབས་ལྡན་པས། དེ་དག་གིས་ལྟད་མོ་པས་གློག་བརྙན་གྱི་བརྗོད་བྱ་དང་བརྙན་མིག་གི་སྐད་ཆ་སོགས་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ལྟད་མོ་པར་གློག་བརྙན་སྒྱུ་རྩལ་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་སོ། །

ཟུར་མཆན།                                                            

①སླ་བསྡུས་རིང་ལུགས(极简主义)ནི་འཚོ་བ་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཤིག་ཡིན་ལ། དེའི་དམིགས་ཡུལ་ནི་སྟབས་བདེ་བརྩོན་ལེན་གང་ཐུབ་བྱེད་པ་ལས་རྣམ་པ་འདི་དང་འགལ་བའི་བྱ་དངོས་གང་ཡང་དང་ལེན་མི་བྱེད་པ་ཞིག་ལ་གོ།

②རྒྱུ་གཉིས་ལྡོག་འགལ(二元对立)ནི་ཕན་ཚུན་ལྡོག་པ་དང་ཕན་ཚུན་འགལ་ཟླར་གྱུར་པའི་གོ་དོན་དང་གཞི་རྒྱུ་གཉིས་མཚོན་ཡོད་དེ། དེ་ནི་མཚན་ཉིད་རིག་པ་དང་གཏན་ཚིགས་ཀྱི་དོན་སྤྱི་ཞིག་ཡིན་ཞིང་། དེས་ཡོངས་སུ་ལྡོག་པ་དང་ཕན་ཚུན་ཕྱིར་འབུད་བྱེད་པའི་རྣམ་པ་བརྒྱུད་དེ་དངོས་གཟུགས་གཉིས་ཞིབ་བརྗོད་བྱས་ཡོད། རྒྱུན་མཐོང་གི་རྒྱུ་གཉིས་ཁ་གཏད་ནི་བཟང་ངན་དང་། གསར་རྙིང་། བདེན་རྫུན། ཡག་བཙོག་སོགས་སུ་བཀོལ་བ་མང་།

③ལཱ་ཁེང(Jacques Lacan,1901-1981)ནི་ཧྥ་རན་སིའི་སེམས་ཁམས་རིག་པ་བ་ཞིག་ཡིན་ལ། ཁོང་ལ་ཧྥ་རན་སིའི“ཧྥུ་ལུའོ་དབྱི་ཏི”ཞེས་ཀྱང་འབོད་ཀྱི་ཡོད། མེ་ལོང་གི་ལྡོག་གཟུགས་གཞུང་ལུགས(镜像理论)ནི་ལཱ་ཁེང་གིས་བཏོན་པ་ཡིན་ལ། དེ་ནི་དོན་དངོས་དང་བསམ་པའི་འཆར་སྒོ་ཡོད་ཚད་མཉམ་བསྲེས་བྱས་པའི་འདུ་ཤེས་ཀྱི་སྣང་ཚུལ་ཞིག་གམ་ལྡོག་ཤེལ་ཉམས་ལེན་གྱི་གཞུང་ལུགས་ཤིག་ལ་ཟེར། གཞན“ཤེལ་གཟུགས་དུས་རིམ”ནི་ཕྲུ་གུའི་སྐད་ཆ་མ་བཤད་སྔོན་དུ་བྱུང་བའི་ལྐོག་གྱུར་གྱི་སྐད་ཆ་ཞིག་ཡིན་སྐད།

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།