ཀྲུང་གོ་བོད་ཀྱི་དྲ་བ།

བསྟན་བཅོས་དང་གཏམ་རྒྱུད་ལས་ཕ་མས་ཕྲུ་གུར་སློབ་གསོ་གཏོང་སྟངས་རགས་ཙམ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​ ཐུབ་བསྟན་བཟང་པོ།   སྤེལ་དུས། : 2024-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། བསྟན་བཅོས་ལས་བྱུང་བའི་སློབ་གསོའི་གལ་ཆེན་རང་བཞིན།

དེ་ཡང་ས་སྒང་རིལ་མོ་འདིའི་སྟེང་གི་མི་རིགས་གང་དང་གང་ཞིག་ལ་མཚོན་ནའང་། དུས་ཀྱི་འཁོར་སྐྱོད་དང་ལྷན་དུ་བློས་དཔག་དཀའ་བའི་འཕེལ་རྒྱས་བྱུང་དང་འབྱུང་བཞིན་ཡོད་ལ། ལྷག་པར་ཕྱི་དངོས་པོའི་དཔལ་ཡོན་ནི་ཉིན་རེ་ལས་ཉིན་རེར་དབྱར་གྱི་མཚོ་དང་ཡར་ངོས་ཟླ་ལྟར་གོང་ནས་གོང་དུ་འཕེལ་བཞིན་ཡོད་པ་ནི་བསྙོན་དུ་མེད་པ་ཞིག་རེད། ཕྱི་དངོས་པོའི་དཔལ་ཡོན་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ནང་བསམ་བློའི་དཔལ་ཡོན་ནམ་མི་གཞི་ཀུན་སྤྱོད་ཀྱི་ཐད་ནས་ཉམས་རྒུད་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་འདི་ཡང་དོན་དངོས་རེད། གནའ་སྔ་མོའི་དུས་ནས་བཟུང་མི་རིགས་སོ་སོ་ལ་རང་རང་གི་སློབ་གསོའི་བསྟན་བཅོས་གྲངས་འབོར་མང་ཙམ་བྱུང་ཡོད་པ་འདིས། མི་རིགས་གང་ལ་མཚོན་ནའང་སློབ་གསོ་དང་ལྷག་པར་སེམས་ཀྱི་དཔལ་ཡོན་དང་མི་གཞི་ཀུན་སྤྱོད་ནང་སྙིང་དུ་བྱས་པའི་སློབ་གསོའི་སྐོར་ལ་དང་དོད་ཆེན་པོ་བྱེད་བཞིན་པ་གསལ་པོར་ཤེས་ནུས། དེ་བཞིན་བོད་ལ་མཚོན་ན་ཡང་སློབ་གསོའི་སྐོར་གྱི་བསྟན་བཅོས་མང་པོ་ཞིག་ཡོད་ལ། དེ་ལས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་སྐྱེས་ཕོ་མོ་ཐམས་ཅད་ལ་ཆོས་དང་འཇིག་རྟེན་གཉིས་ཀྱི་བསླབ་བྱ་གཙོ་བོར་སྟོན་པའི་ལེགས་བཤད་ཀྱི་བསྟན་བཅོས་གསུམ་མཛད་ཡོད། དེ་དག་ནི《ལེགས་བཤད་ཉི་མའི་འོད་ཟེར》དང་། 《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》རམ《ས་སྐྱ་ལེགས་བཤད》《ལེགས་བཤད་འཕྲུལ་གྱི་དྲ་བ》བཅས་ཡིན། གཤམ་དུ《ལེགས་བཤད་འཕྲུལ་གྱི་དྲ་བ》དང《ཁ་ཆེ་ཕ་ལུའི་བསླབ་བྱ》ལས་ཕ་མ་རྣམས་ཀྱིས་བུ་ཕྲུག་ལ་སློབ་གསོ་གཏོང་སྟངས་ཀྱི་མན་ངག་སྐོར་ཞིག་ཁོལ་དུ་ཕྱུང་ནས་གླེང་བར་བྱ།

《ལེགས་བཤད་འཕྲུལ་གྱི་དྲ་བ》རུ“བྱམས་དྲགས་པ་བུ་ལ་ཡང་མ་བྱེད། སྲོལ་དུ་མི་ཚུད་པ་ཡིན”ཞེས་པ་ནི་སྤྱིར་ཕ་མ་ཚོས་བུ་ཕྲུག་ལ་གཅེས་སྐྱོང་བྱེད་དགོས་པ་སྨོས་མ་དགོས་ཀྱང་། བྱམས་དྲགས་པའམ་ཐལ་ཆེ་བའི་སྒོ་ནས་བུ་ཕྲུག་ངན་ལང་སྐྱག་ལང་དུ་གཏོང་མི་རུང་བར་གསུངས་པ་དང་། 《ཁ་ཆེ་ཕ་ལུའི་བསླབ་བྱ》རུ“བྱམས་དང་བརྩེ་བ་ཅན་གྱི་དྲིན་ཆེན་མ། །བུ་ཕྲུག་ཆུང་དུས་ཨ་མའི་མགོ་རུ་སྡོད། །ལང་ལ་གཏོང་རང་གཏོང་ན་ཨ་མས་གཏོང་། །ཁ་ལ་མི་སྟེར་དགུ་སྟེར་ཨ་མས་སྟེར། །ལུས་ལ་མི་གཡོག་དགུ་གཡོག་ཨ་མས་གཡོག ། ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ། །ལང་ཤོར་ཐ་མ་ཨ་མ་དགའ་མི་ཁུག”ཅེས་ཕ་མ་ཚོས་བུ་ཕྲུག་ལ་ཆུང་དུས་ཟས་གང་ཞིམ་དང་གོས་གང་དྲོ་ཁོ་ན་སྦྱིན་ནས་ངལ་རྩོལ་གྱི་རིན་ཐང་རྟོགས་སུ་མི་འཇུག་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་ཏེ། འཇིག་རྟེན་གྱི་ཁ་དཔེར“ཆུང་དུས་ཕ་མ་བྱམས་པ་ལས་ཀྱི་དགྲ་ཡིན”ཞེས་པ་ལྟར་ཕ་མ་ལ་བརྟེན་དྲགས་ན་ནམ་ཞིག་ནར་སོན་ཏེ་ལང་ཚོ་དར་ལ་བབ་ན་ཡང་། ད་དུང་འཚོ་བ་རང་རྐྱ་འཕེར་བའི་མི་ཞིག་འཁྱོངས་དཀའ་བས་གཞན་གྱིས་བརྩི་མཐོང་མེད་པ་རུ་ཆགས་ངེས་ཡིན། དེ་བས་ས་སྐྱ་པཎ་ཆེན་གྱིས་ཕ་མ་རྣམས་ཀྱིས་ཚད་ལ་རན་པའི་སྒོ་ནས་བུ་ཕྲུག་ལ་བྱམས་དགོས་པ་ལས་ཐལ་དྲགས་པའི་བྱམས་པ་བྱེད་མི་རུང་བར་གསུངས་པ་དང་། ཡང《ལེགས་བཤད་འཕྲུལ་གྱི་དྲ་བ》རུ། “སྙིང་དུ་བུ་ཚ་སྡུག་ཀྱང་ཉེས་འདུག་ན་རྒོལ་དང་། ཕུགས་སུ་བྱམས་པ་ཡིན”ཞེས་པ་ནི་ཕ་མ་སུ་འདྲ་ཞིག་ཡིན་ཡང་སོ་སོའི་བུ་ཕྲུག་ལ་བརྩེ་བ་མེད་པ་དང་ཤ་མི་ཚ་མཁན་གཅིག་ཀྱང་མེད་མོད། འོན་ཀྱང་བུ་ཕྲུག་གིས་ནོར་འཁྲུལ་བཟོས་ཡོད་ཚེ་ངེས་པར་ཡོ་བསྲང་བྱེད་དུ་འཇུག་དགོས། དེང་སྐབས་ཁྱིམ་ཚང་སོ་སོར་བུ་ཕྲུག་ཇེ་ཉུང་དུ་སོང་བ་དང་བསྟུན་ཁྱིམ་བདག་རྣམས་ཀྱིས་བུ་ཕྲུག་ལ་བྱམས་དྲགས་ནས་ཡོད་ཚད་བྱིས་པའི་འདོད་མོས་ལྟར་བསྒྲུབས་པས། མཐར་ཆེ་བཀུར་ཆུང་བྱམས་དང་ཀུན་མཐུན་ཞི་འགྲིག་སོགས་ཡ་རབས་སྤྱོད་བཟང་གི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་གུས་སྲོལ་མེད་པ་དང་མི་གཞི་ཀུན་སྤྱོད་གནད་དོན་ཅན་དུ་ཆགས་བཞིན་ཡོད། ཁྱིམ་བདག་རྣམས་ཀྱིས་ལེགས་བཤད་འདི་དག་ལག་ཏུ་བསྟར་ན་རྒྱལ་ཁབ་དང་མི་རིགས་སྤྱི་ཚོགས་ཁྱིམ་ཚང་བཅས་ལ་ཕན་པའི་བུ་ཕྲུག་ཡ་རབས་ཤིག་སྐྱེད་སྲིང་བྱེད་པར་ཕན་པ་ཆེན་པོ་ཡོད།

གཉིས་པ། གཏམ་རྒྱུད་ལས་བྱུང་བའི་སློབ་གསོའི་གལ་ཆེན་རང་བཞིན།

གཏམ་རྒྱུད་འདི་འདྲ་ཞིག་ཡོད།“སྔོན་མི་ཞིག་ལོ་མཐོན་པོ་སོན་རྗེས་ཁྲིམས་འགལ་གྱི་བྱ་བ་བསྒྲུབས་པས་བཙོན་ཁང་དུ་བཟུང་། ཁོ་ལ་སྲོག་ཁྲིམས་ཕོག་པས་ཁོས་རང་གི་ཨ་མ་ལ་འཕྲིན་ཡིག་ཅིག་བྲིས། འཕྲིན་ཡིག་གི་ནང་དུ་ཨ་མ་ལགས་ངས་དེ་རིང་ཉེས་པ་ཚབས་ཆེན་བསགས་པའི་བརྒྱུད་རིམ་ཨ་མ་ཁྱེད་ཀྱིས་ཨེ་ཤེས། ཆུང་དུས་ངས་གཞན་གྱི་རྐང་འཁོར་ཞིག་རྐུ་སྐབས་ཨ་མ་ཁྱེད་ཀྱིས་ང་ལ་བཀའ་བཀྱོན་མ་གནང་བར་མ་ཟད་ད་རུང་དོན་དག་དེ་ཨ་ཕ་ལ་གསང་རོགས་བྱས། ཡང་སྐབས་ཤིག་ལ་ངས་ཁྱིམ་མཚེས་བྱིས་པའི་རྩེད་ཆས་རྐུ་དུས་ཨ་ཕས་ཤེས་ནས་བཀའ་བཀྱོན་གནང་སྐབས་ཨ་མ་ཁྱེད་ཀྱིས་ལམ་སང‘འདི་བྱིས་པ་རེད། བསམ་མ་ཤེས་པ་རེད། བྱིས་པས་གཞན་གྱི་རྩེད་ཆས་བརྐུས་པ་དེར་ཧ་ལས་དགོས་དོན་མེད’ཅེས་བཤད་པ་དང་། ཡང་ཐེངས་ཤིག་ལ‘མི་གཞན་གྱི་དངུལ་ཁུག་བརྐུས་པར་ཨ་མ་ཁྱེད་ཀྱིས་སྦ་གསང་བྱེད་རོགས་གནང་བར་མ་ཟད། འུ་གཉིས་མཉམ་དུ་ཁྲོམ་ལ་སོང་ནས་སྒོར་མོ་དེས་རྩེད་ཆས་ཉོས། ཡང་སྐབས་ཤིག་ལ་ངས་སློབ་གྲྭ་ནས་རྒྱུགས་སྤྲོད་སྐབས་བརྐུ་བལྟ་བྱས་པས་སློབ་གྲྭ་ནས་ཕྱིར་ཕུད་དེ་ཨ་ཕས་ང་ལ་གཅར་རྡུང་བྱེད་སྐབས། ཁྱོད་ཀྱིས་ཨ་ཕ་དང་ཁ་རྩོད་བརྒྱབ་ནས་ང་ལ་གཅར་རྡུང་དང་སློབ་གསོ་གཏོང་དུ་མ་བཅུག དེ་ནས་བཟུང་ང་རང་གི་བསམ་པ་ལ་ངས་ལས་ཀ་གང་བྱས་ཐམས་ཅད་འགྲིག་ཡོད་བསམ་པ་ལས་ནོར་ཡོད་པ་གཏན་ནས་བསམ་མ་མྱོང་། དེ་བས་ང་དེ་རིང་ཁྲིམས་ཁར་ལྷུང་བའི་རྩ་བ་ཨ་མ་ཁྱེད་རང་ལན་པ་རེད”ཅེས་བྲིས་འདུག ཡང་གོང་གི་གཏམ་རྒྱུད་དེ་དང་ཆ་འདྲ་བ་ཞིག་གསུངས་འདུག་སྟེ།“སྔོན་ཨ་མ་ཞིག་གིས་རང་གི་བུས་ཅི་བྱས་ཐམས་ཅད་ལ་ལེགས་ཞེས་གཟེངས་བསྟོད་བྱེད་པ་ལས་ལེགས་ཉེས་བླང་དོར་གྱི་བསླབ་བྱ་གཏན་ནས་མི་གཏོང་བར། རང་གི་བུ་དེས་ཁབ་བརྐུས་ནའང་ཡག་བྱུང་། སྐུད་པ་བརྐུས་ནའང་ཡག་བྱུང་ཟེར། མདོར་ན་ཅ་ལག་གང་བརྐུས་ན་ཡག་བྱུང་ཟེར་བ་ལས་བརྐུ་བྱས་ན་མི་འགྲིག་ཅེས་གཏན་ནས་སློབ་གསོ་མ་བཏང་བས། བུ་དེ་ནར་སོན་རྗེས་ཀྱང་རྐུན་པོའི་ལས་ཁོ་ནར་ཆགས་པས་མཐར་བཙོན་དུ་བཟུང་ནས་ཁོ་ལ་སྲོག་ཁྲིམས་བཅད་པ་རེད།”གཏམ་རྒྱུད་འདིར་བུ་རྒྱུད་ངན་ལང་དུ་གཏོང་མི་རུང་བའི་སློབ་གསོ་གཏོང་གིན་ཡོད་པ་རེད། དེ་བཞིན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས“བྱམས་དྲགས་པ་བུ་ལ་ཡང་མ་བྱེད། སྲོལ་དུ་མི་ཚུད་པ་ཡིན”ཞེས་གསུངས་ཤིང་། ཁ་ཆེ་ཕ་ལུའི་བསླབ་བྱ་རུ“ཞིམ་པོ་སྟེར་སྟེར་འཇམ་པོ་གཡོག་གཡོག་ཞོག །བྱ་ལུགས་བྱེད་ལུགས་འགྲོ་ལུགས་སྡོད་ལུགས་སྦྱོངས”ཞེས་བྱིས་པ་ལ་ཟས་གང་ཞིམ། གོས་གང་ཡག དེ་མིན་ཁ་པར་དང་རྩེད་ཆས་ཁོ་ནར་གཡེང་དུ་བཅུག་པ་ནི་བྱམས་པ་མིན་ལ། དེ་ལས་མི་གཞན་དང་འགྲོགས་ལུགས། བྱ་བ་སྒྲུབ་ལུགས། གང་ལྟར་བྱིས་པ་རྣམས་ལ་འགྲོ་འདུག་སྤྱོད་གསུམ་མ་ནོར་བ་ཞིག་བསླབ་ན་བྱམས་པའི་རིན་ཐང་དེ་ཡིན་ལ། བྱིས་པ་ཡང་མ་འོངས་པར་ཡ་རབས་ཚུལ་ལྡན་གྱི་མི་ཞིག་ཏུ་འགྱུར་ངེས་པར་གདམས་ཡོད། འཇིག་རྟེན་ཁ་དཔེར་ཡང་།“ཟ་ལུགས་སྡོད་ལུགས་འགྲོ་ལུགས་གསུམ། དྲིན་ཆེན་ཕ་མའི་སྙིང་གཏམ་ཡིན”ཞེས་པ་ལྟར། ཕ་མས་བུ་ཕྲུག་ལ་སློབ་གསོ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་བ་དང་། ཁ་ཆེ་ཕ་ལུ་རུ“ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ། །ལང་ཤོར་ཐ་མ་ཨ་མ་དགའ་མི་ཁུག །དེ་འདྲའི་མི་གསོད་བྱས་ནས་ཕུང་བ་མང་། །དེ་འདྲ་རྟ་འཁྱེར་བྱས་ནས་བྲོས་པ་མང་། །ཨ་མས་སྡུག་སྙིང་མནན་ནས་མ་བསྡད་ན། །ཨ་མས་ཕྲུ་གུ་རླུང་ལ་བསྐུར་ཡོང་ངོ་། །”ཞེས་ཁྱིམ་བདག་རྣམས་ཀྱིས་རང་གི་ཕྲུ་གུ་ཆུང་དུས་ནས་ངན་ལང་དུ་མ་བཏང་བར། ཟ་ལུགས་འགྲོ་ལུགས་སྡོད་ལུགས་སོགས་ཡག་པོ་བསླབ་དགོས་པར་གསུངས་ཡོད། བྱིས་པ་ནི་རྒྱལ་ཁབ་དང་མི་རིགས། ཁྱིམ་ཚང་བཅས་ཀྱི་མ་འོངས་པ་ཡིན་པས། ཁྱིམ་བདག་རྣམས་ཀྱིས་རང་གི་བུ་ཕྲུག་ལ་ཆུང་དུས་ནས་སློབ་གསོ་བཟང་པོ་སྤྲད་དེ། ཡ་རབས་ཀུན་སྤྱོད་ལ་གོམས་སུ་འཇུག་ཐུབ་ཚེ། བྱིས་པ་རང་གི་མི་ཚེར་དོན་སྙིང་ལྡན་ལ་སྤྱི་ཚོགས་ལ་བྱས་རྗེས་འཇོག་ཐུབ་པའི་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་ངེས་ཡིན།

མདོར་ན། 《ལེགས་བཤད་འཕྲུལ་གྱི་དྲ་བ》དང《ཁ་ཆེ་ཕ་ལུའི་བསླབ་བྱ》མཛད་ནས་ད་ལྟའི་བར་མི་ལོ་བརྒྱ་ཕྲག་དུ་མ་བཞུད་ཟིན་ན་ཡང་། བསྟན་བཅོས་འདི་དག་གི་འཕྲིན་ལས་ད་དུང་ཡང་མ་ཉམས་པར་གནས་ཡོད་པར་མ་ཟད། ད་ལྟའི་དུས་རབས་ཉེར་གཅིག་པའི་ཁྱིམ་ཚང་སློབ་གསོར་གཞན་དང་མི་འདྲ་བའི་ནུས་པ་ཁྱད་པར་བ་འདོན་ཐུབ་པར་འདོད། དེ་བས་ཁྱིམ་བདག་རྣམས་ཀྱིས་སྔོན་བྱོན་མཁས་དབང་དག་གི་རྣམ་དཔྱོད་ལས་འཁྲུངས་པའི་བསྟན་བཅོས་དག་གི་ཁྲོད་ནས་སློབ་གསོའི་མན་ངག་བཏུས་ནས་རང་གི་བུ་ཕྲུག་ལ་གདམས་ཐུབ་ཚེ། མ་འོངས་པ་ན་ཁྱེད་ཀྱི་བུ་ཕྲུག་ནི་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་ཏུ་འགྱུར་ངེས་པས། ཕ་མ་དག་གིས་དེ་ནི་རང་གི་གཡོལ་དུ་མེད་པའི་འོས་འགན་ཞིག་ཏུ་བརྩིས་ནས། དུས་རབས་གསར་པའི་ཁྱིམ་ཚང་སློབ་གསོའི་བྱ་གཞག་ལ་ཕྱར་བ་གྲུ་འདེགས་ཀྱི་ཚུལ་གྱིས་རང་ནུས་ཅི་ཡོད་འདོན་རྒྱུ་ནི་གནད་ཀྱི་དམ་པའོ། །

ཟུར་ལྟའི་དཔྱད་གཞི།

1. 《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》 སྨད་ཆ། 【M】 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2020:574

2. 《ཁ་ཆེ་ཕ་ལུའི་བསླབ་བྱ》 【M】 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1994:29

3.《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》 སྨད་ཆ། 【M】 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2020:575

4.《ཁ་ཆེ་ཕ་ལུའི་བསླབ་བྱ》【M】 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1994:30

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།