མེ་འགོག་བདེ་འཇགས་བརྡ་ཆད་ཀྱི་ལོ་ཙཱའི་རྩ་དོན་ལ་དཔྱད་པ།

གཅིག ཡང་དག་རང་བཞིན་གྱི་རྩ་དོན།

ཡང་དག་རང་བཞིན་གྱི་རྩ་དོན་ནི་མ་ཡིག་གི་བརྗོད་བྱའི་དོན་འཁྲུལ་བ་མེད་པར་ཡང་དག་པའི་སྒོ་ནས་འགྱུར་ཡིག་གིས་མཚོན་པ་ལ་ཟེར་ཞིང་། དེ་ནི་འགྱུར་ཡིག་ཚད་ལྡན་ཡིན་མིན་གྱི་གཞི་འཛིན་ས་གཙོ་བོ་ཞིག་ཀྱང་ཡིན། ཆོས་ལུགས་ལོ་ཙཱའི་གཞུང་ལུགས《སྒྲ་སྦྱོར་བམ་གཉིས》སུ་བསྟན་པའི་ལོ་ཙཱའི་རྩ་དོན་ལས“དོན་དང་ཡང་མི་འགལ་བ”ཞེས་པ་ནི་ལོ་ཙཱའི་ལས་སྤྱི་ལ་བསྟན་པའི་རྩ་དོན་ཡིན་ལ་ཚན་རྩལ་ལོ་ཙཱའི་རྩ་དོན་གལ་ཆེན་ཞིག་ཀྱང་ཡིན། གཞན་ཡང་དོན་དང་མི་འགལ་བ་དང་ཡང་དག་རང་བཞིན་གཉིས་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་ཏེ། དོན་དང་མ་འགལ་ན་ཡང་དག་པ་ཡིན་ངེས་ལ། དེ་བཞིན་ཡང་དག་པ་ཡིན་ན་དོན་དང་ཡང་འགལ་མི་སྲིད་པ་གཞིར་བཞག་ཡིན་ནོ། །མེ་འགོག་བདེ་འཇགས་བརྡ་ཆད་ཀྱི་ལོ་ཙཱའི་སྐབས་སུ་གོ་དོན་དང་རང་བཞིན། ཁྱད་ཆོས་སོགས་ཡང་དག་པའི་སྒོ་ནས་ཇི་བཞིན་མཚོན་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ་ལ་རྩ་དོན་དག་གི་ཐོག་མ་ཡང་ཡིན་པས། གལ་ཏེ་རྩ་དོན་གཞན་དག་དང་ཕན་ཚུན་འགལ་བ་བྱུང་ན་ཡང་དག་རང་བཞིན་གྱི་རྩ་དོན་གཙོར་བཟུང་ནས་བརྡ་ཆད་ལོ་ཙཱའི་མངོན་སུམ་དང་ཚན་རིག་རང་བཞིན་སྲུང་དགོས། དཔེར་ན། “消防”ལ་རྒྱ་བོད་ཤན་སྦྱར་ཚིག་མཛོད་དུ“མེ་འགོག་མེ་གསོད”དང“མེ་སྐྱོན་འགོག་གསོད”ཅེས་པར་བསྒྱུར་ཡོད་ལ། སྤྱིར་རྒྱ་ཡིག་གི་ཡི་གེ་གཉིས་ཀྱིས་གྲུབ་པའི་མིང་དེ་བོད་ཡིག་གི་ཡི་གེ་བཞི་རུ་བསྒྱུར་ན“ཚིག་སྣ་རིང་པོར་གྱུར་པ” ཡི་སྐྱོན་ཡོད་མོད། རྒྱ་ཡིག་གི“消防”ནི་མེ་སྐྱོན་སྔོན་འགོག་དང་མེའི་གནོད་འཚེའམ་མེའི་ཉེན་ཁ་སེལ་བའི་དོན་ལྡན་པས། “མེ་གསོད”དམ“མེ་འགོག”ལྟ་བུ་ཁོ་ནར་བསྒྱུར་ན་མ་ཡིག་གི་དོན་ཇི་བཞིན་མཚོན་མི་ཐུབ་པས་ཡང་དག་རང་བཞིན་དང་འགལ་འགྲོ། དེ་བས“消防”ལ“མེ་འགོག་མེ་གསོད”ཅེས་པར་བསྒྱུར་དགོས་པར་སྙམ། འོན་ཀྱང“消防”ལ་མིང་གི་སྔ་རྐྱེན་དང་ཕྱི་རྐྱེན་སྦྱར་ནས་མིང་གསར་པ་བཟོ་སྐབས་སྐབས་དོན་ལ“མེ་གསོད”དམ“མེ་འགོག”གཉིས་ཀྱི་གང་རུང་སྤྱོད་དགོས་པའང་ཡོད་དེ། དཔེར་ན། “消防栓”ནི་མེ་གསོད་པར་ཆེད་དུ་སྤྱོད་པའི་དངོས་པོ་ཡིན་པས“མེ་གསོད་ཆུ་སྒོ”ཞེས་མེ་གསོད་ལྟར་བསྒྱུར་བ་དང་། ཡང“消防安全标志”ནི་མེ་ལ་གཟབ་དགོས་ཞེས་པའམ་དུ་བ་འཐེན་མི་ཆོག་ཅེས་པ་ལྟ་བུ་མེ་སྐྱོན་སྔོན་འགོག་གི་སྐོར་ཡིན་པས“མེ་འགོག་བདེ་འཇགས་མཚོན་རྟགས” ཞེས་མེ་འགོག་ཏུ་བསྒྱུར་ན་དོན་ཡང་དག་པར་སྟོན་ཐུབ་པ་རེད།

གཉིས། དོན་རྐྱང་རང་བཞིན་གྱི་རྩ་དོན།

དོན་རྐྱང་རང་བཞིན་གྱི་རྩ་དོན་ཞེས་པ་ནི་ཚན་རྩལ་གྱི་བརྡ་ཆད་གཅིག་གིས་ལྟོས་ཟླའི་དོན་གཅིག་མཚོན་པའམ་དོན་སྤྱི་གཅིག་མཚོན་པ་ལ་བརྡ་ཆད་གཅིག་ཁོ་ན་བཀོལ་དགོས་པ་ལ་ཟེར། “ཚན་རྩལ་ཐ་སྙད་ལོ་ཙཱ་བྱེད་སྐབས་སུ། དོན་སྤྱི་མ་ལག་གི་གཞུང་ལུགས་བེད་སྤྱོད་བྱེད་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་ཚད་གཞི་ལྟར་ཐ་སྙད་རེ་དོན་རེ་དང་འགྱུར་རེ་བྱེད་པའི་རྩ་དོན་གྱི་ལག་ལེན་མཐིལ་ཕྱིན་བྱས་ན། ཐ་སྙད་དང་དོན་སྤྱི་གཅིག་གྱུར་ཡོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་བྱེད་པ་དང་ཚད་གཞི་ཅན་གྱི་བྱ་བའི་ཡུལ་ལ་ཕན་པ་འབྱུང་བའི་རིན་ཐང་ཡང་ཆེ།”[1]ཞེས་གསུངས་པ་བཞིན། རྫས་འགྱུར་དང་སྐྱེ་དངོས་ལ་སོགས་ཚན་རྩལ་བརྡ་ཆད་ཀྱི་ལོ་ཙཱའི་ཁྲོད་དུ་དོན་རྐྱང་རང་བཞིན་དེ་ཤིན་ཏུ་གལ་ཆེ་བས། དངོས་པོ་སོ་སོའི་ལྟོས་ཟླའི་མིང་ལ་དོན་གཅིག་མིང་གཅིག་གི་རང་བཞིན་ལྡན་དགོས། གཞན་ཡང་གནའ་རབས་རྩོམ་རིག་ལྟ་བུ་ལ་མཚོན་ན་མངོན་བརྗོད་ལྟ་བུ་དོན་གཅིག་སྟོན་པ་ལ་མིང་གི་རྣམ་གྲངས་དུ་མ་ཡོད་དེ། “འཁྱོག་འབར་བི་ཤྭ་ན་རའི་བུ། །རླུང་གི་གྲོགས་པོ་ལམ་ནག་ཞུགས། །ནོར་ལས་རྒྱལ་རྣམས་མེ་ཡི་མིང་། །”[2]ཞེས་པ་བཞིན། མེ་ལ་མངོན་བརྗོད་ཀྱི་རྣམ་གྲངས་ལྔ་ལྷག་ཡོད་མོད། མེ་འགོག་བདེ་འཇགས་བརྡ་ཆད་ཀྱི་ཁྲོད་དུ་ཚ་ཞིང་བསྲེག་པའི་རང་བཞིན་ཅན་དེ་སྟོན་བྱེད་ལ“མེ”ཁོ་ན་སྤྱོད་དགོས་པ་རེད། དེ་བཞིན“防火墙”ནི་མེ་སྐྱོན་བྱུང་བའི་ཚེ་མེ་ལྕེ་གཞན་ལ་མཆེད་དུ་མི་འཇུག་པར་འགོག་སྲུང་གི་ནུས་པ་དང་ལྡན་པའི་གྱང་ལ་གོ་བས “མེ་འགོག་གྱང”ཞེས་བསྒྱུར་བ་དང་། “防火幕”ལ “མེ་འགོག་ཡོལ་བ” “防火堤”ལ “མེ་འགོག་རགས”ལྟ་བུ་དོན་སྤྱི་གཅིག་མཚོན་པ་ལ་བརྡ་ཆད་གཅིག་དང་བརྡ་ཆད་གཅིག་གིས་དོན་སྤྱི་དེ་ཁོ་ན་མཚོན་པ་རེད། དོན་རྐྱང་ཡིན་ལ་ཆེད་སྤྱོད་ཡིན་པའི་བརྡ་ཆད་སྤྱད་ན་ད་གཟོད་རིག་གཞུང་བགྲོ་གླེང་དང་ཚན་རྩལ་འཕེལ་རྒྱས་ལ་ཕན་ཞིང་། འགྱུར་ཡིག་ཀློག་མཁན་གྱིས་དོན་ལོག་པར་གོ་བའི་གནད་དོན་འབྱུང་མི་སྲིད་ལ་འགྱུར་ཡིག་གི་ཡང་དག་རང་བཞིན་ཡང་མངོན་གསལ་གྱིས་མཐོར་འདེགས་གཏོང་སྲིད།

གསུམ། བསྡུས་གསལ་རང་བཞིན་གྱི་རྩ་དོན།

བསྡུས་གསལ་རང་བཞིན་གྱི་རྩ་དོན་ཞེས་པ་ནི་བརྡ་ཆད་བོད་འགྱུར་བྱེད་སྐབས་སུ་ཚེག་ཁྱིམ་ཉུང་ལ་ཚིག་དོན་གསལ་པོར་མཚོན་ནུས་པའི་མིང་སྤྱོད་དགོས་པར་གོ། དགེ་རྒན་དཔའ་རིས་སངས་རྒྱས་ཀྱིས“སྤྱིར་བརྗོད་བྱ་གཅིག་པ་ཡིན་ན་རྒྱ་བོད་སྐད་གཉིས་ཀྱི་ཚིག་སྣ་རིང་ཐུང་ཕལ་ཆེར་འདྲ། ཡང་ན། བོད་སྐད་ཀྱི་ཚིག་སྣ་ཅུང་ཟད་ཐུང་། བོད་སྐད་ཀྱི་ཐ་སྙད་སྒྲ་གཅིག་ཅན་ཅུང་མང་། རྒྱ་སྐད་ཀྱི་ཐ་སྙད་སྒྲ་གཉིས་ཅན་ཅུང་མང་བའི་ཕྱིར་རོ། །ལོ་ཙཱ་ལས་བོད་འགྱུར་གྱི་ཚིག་སྣ་རྒྱ་སྐད་ཀྱི་ལྡབ་རེ་གཉིས་བྱུང་བ་ནི་མ་དག་པའི་རྟགས་མངོན་པར་ཐོན་པ་རེད།”[3]ཞེས་གསུངས་པ་བཞིན། དོན་གསལ་པོར་མཚོན་པའི་རྨང་གཞིའི་སྟེང་དུ་འགྱུར་མིང་གི་ཚིག་སྣ་རིང་ཐུང་དེ་མ་ཡིག་དང་བསྟུན་ཅི་ཐུབ་བྱ་རྒྱུ་ནི་འགྱུར་མིང་ཚད་ལྡན་ཡོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། སྤྱིར་བརྡ་ཆད་ལོ་ཙཱ་དང་གསར་བཟོ་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་ཡང་ཀུན་གྱིས་བཀོལ་སྤྱོད་བྱ་རྒྱུ་དེ་ལས་མ་འདས་པས། བརྡ་ཆད་ལ་ཚིག་ཉུང་དོན་འདྲིལ་གྱི་ཁྱད་ཆོས་ལྡན་ན་མི་རྣམས་ཀྱིས་དང་ལེན་དང་བཀོལ་སྤྱོད་བྱ་སྲིད། དཔེར་ན་སྨན་བཅོས་ལག་ལེན་ཁྲོད་ཀྱི“人工流产”ཞེས་པའི་སྐད་དོད་དུ“མིའི་ཐབས་ཀྱིས་ཕྲུ་གུ་ཤོར་དུ་འཇུག་པ”བཀོལ་བཞིན་ཡོད་མོད། དེ་ནི་འགྲེལ་བ་ཙམ་བྱས་པ་ལས་མིང་མ་ཡིན། དེ་ལ་རང་རེའི་སྲོལ་རྒྱུན་གྱི་སྐད་དུ“སྲིད་བཤིག་པ”ཞེས་པར་ཚིག་ཉུང་དོན་གསལ་གྱི་ཁྱད་ཆོས་ལྡན་པས་སྤྱོད་བདེ། ཡང་དཔེར་ན།“灭火器”ལ་རྒྱུན་པར“མེ་གསོད་ཆས”ཞེས་བསྒྱུར་འདུག་མོད། བྱ་བའི་མིང་གཞིར་བཟུང་ནས་ཡོ་བྱད་ཀྱི་མིང་གྲུབ་པའི་རིགས་པ་གཞིར་བཟུང་སྟེ་ཐད་ཀར“མེ་གསོད” ཅེས་བསྒྱུར་ན། བརྡ་ཆད་ཀྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་གཙོ་ཆེ་བ་ནི་དོན་བསྡུས་ལ་ཚིག་འབྲུ་ཉུང་བས་སྤྱོད་བདེ་ཡིན་པ་རེད། ད་དུང“灭火防护服”ལྟ་བུ་ཚིག་རིས་དེད་ནས་བསྒྱུར་ན“མེ་གསོད་ལུས་སྲུང་ལྭ་བ”ཞེས་བསྒྱུར་དགོས་མོད། བསྡུས་གསལ་རང་བཞིན་གྱི་རྩ་དོན་གཞིར་བཟུང་ནས“མེ་ལྭ”ཞེས་བསྒྱུར་ན། མེ་རྒྱུ་ཆར་བྱས་པའི་ལྭ་བ་ཞིག་ཡོད་མི་སྲིད་པ་གཞིར་བྱས་མེ་དང་འབྲེལ་བ་ཆེས་ཆེར་ཡོད་པའི་ལྭ་བ་ཞིག་སྟེ། མེ་སྐྱོན་གྱི་གནོད་པ་འགོག་ཐུབ་པའི་ལྭ་ལ་མེ་ལྭ་ཞེས་བཏགས་ན། ཚིག་ཉུང་ལ་དོན་བསྡུས་པའི་ཁྱད་ཆོས་ལྡན་པ་རེད།

བཞི། མི་རིགས་རང་བཞིན་གྱི་རྩ་དོན།

མི་རིགས་རང་བཞིན་གྱི་རྩ་དོན་ཞེས་པ་ནི་བརྡ་ཆད་ལོ་ཙཱ་བྱེད་པའི་སྐབས་སུ། དོན་སྤྱི་ཡང་དག་མཚོན་ཐུབ་པའི་སྔོན་འགྲོའི་འོག་ནས། སྒྱུར་བྱེད་སྐད་ཀྱི་ཁྱད་ཆོས་དང་བརྡ་སྤྲོད་ལུགས་ལ་བསྟུན་དགོས་པར་གོ། སྤྱིར་བཏང་འགྱུར་ཡིག་གི་རིན་ཐང་དེ་གཙོ་བོ་མི་རྣམས་ཀྱིས་གོ་བ་ལོན་མིན་དང་བཀོལ་སྤྱོད་བྱེད་མིན་གྱི་ཆ་ནས་བརྗོད་དགོས་པས། མི་རིགས་རང་བཞིན་གྱི་རྩ་དོན་བརྩི་སྲུང་བྱས་ན་འགྱུར་ཡིག་ལ་མི་རིགས་རང་གི་རིག་གནས་ཀྱི་བྲོ་བ་ལྡན་པར་བྱེད་ཐུབ་པས། དེ་ནི་འགྱུར་ཡིག་ལ་རིན་ཐང་ལྡན་པར་བྱེད་པའི་རྒྱུ་གཙོ་བོ་ཞིག་ཡིན། དཔེར་ན།“耐火等级”ལ“མེ་བཟོད་རིམ་པ”ཞེས་བསྒྱུར་ཡང་གོ་བ་ལེན་ཐུབ་མོད། སྤྱིར“耐”ཞེས་པ་ནི་བཟོད་པ་དང་དོན་འདྲ་ཡང་། རང་རེའི་རོང་འབྲོག་མང་ཚོགས་ཀྱི་སྐད་ལ“དགུན་གྱི་དུས་སུ་ཙག་ཐུབ་པ་དང་དབྱར་གྱི་དུས་སུ་ཙད་ཐུབ་པ”ཞེས་པའི་བཤད་སྟངས་གཞིར་བཟུང་ན། “耐”ལ་“ཐུབ”ཅེས་བསྒྱུར་ཆོག་པས། “耐火等级”ལ“མེ་ཐུབ་རིམ་པ”ཞེས་པར་བསྒྱུར་ན་རང་རེའི་སྐད་ཀྱི་ཁྱད་ཆོས་མངོན་གསལ་ཡིན་ལ་སྤྱོད་བདེ་ཡང་ཡིན་པས་ཚད་ལྡན་གྱི་བརྡ་ཆད་ཅིག་ཏུ་འགྱུར་སྲིད། ཡང“消防头盔”ལ“མེ་འགོག་ཞྭ་མོ”ཞེས་པར་བསྒྱུར་ན་དོན་དང་མི་འགལ་མོད། མི་རིགས་རང་བཞིན་གྱི་རྩ་དོན་གཞིར་བཟུང་སྟེ“མེ་རྨོག”ལ་བསྒྱུར་ན། སྤྱོད་བདེ་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བས་མི་རྣམས་ཀྱིས་དང་ལེན་བྱེད་པར་ཕན་ངེས། དེ་མིན་དེང་གི་བརྡ་ཆད་ཁ་ཤས་ལོ་ཙཱ་བྱེད་སྐབས་མ་ཡིག་ལ་བསྟུན་ཅི་ཐུབ་བྱེད་པ་ལས་རང་མི་རིགས་ཀྱི་སྐད་ལས་སྔོག་ཅི་ཐུབ་མ་བྱས་ན། བརྡ་ཆད་ཀྱིས་བརྡ་ཆད་ཀྱི་དོན་གོ་མི་ཆོད་པར་སྦྲགས་སྐད་དང་གཡར་མིང་བཀོལ་ཚད་ཇེ་མང་དུ་འགྲོ་བའི་ཉེན་ཁ་འདུག་པས། མི་རིགས་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་རང་གི་སྐད་ཆ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཏུ་འཁུམ་མོ། །

དཔྱད་གཞིའི་ཡིག་ཆ།

[1] ཤ་བོ་ཚེ་རིང་། ཀླུ་འཕྲིན་ལས། རྒྱ་བོད་ཚན་རྩལ་ལོ་ཙཱའི་གཞུང་ལུགས་དང་ལག་ལེན། [M]. མི་རིགས་དཔེ་སྐྲུན་ཁང་། 2021:10.

[2] བྱང་ཆུབ་འཇམ་དབྱངས་སྐྱབས། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་མཆན་འགྲེལ། [M]. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011:42.

[3] དཔའ་རིས་སངས་རྒྱས། འགྱུར་ལྔའི་རྒུད་མུན་སེལ་བར། །ལོ་ཙཱའི་ཚད་མར་རག་ལས། ། [J]. ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་དེབ། 2019(1).

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།