དགེ་རྒྱས་རྩྭ་ཐང་གི་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་ཐེངས་ཤིག

ཞོགས་པའི་དུས་ཚོད་དྲུག་པའི་སྟེང་། ནམ་ད་རུང་གསལ་མེད་ལ་དཔྱིད་མགོ་མའི་དགེ་རྒྱས་རྩྭ་ཐང་ནི་སྐྱ་ཐལ་ལེ་གནས་འདུག ཀྱག་ཀྱོག་གི་སྡེ་བའི་གཞུང་ལམ་དུ་འདམ་རྫབ་ཀྱིས་ཁེངས་པའི་རླངས་འཁོར་ཞིག་ཧ་ལམ་དུས་ཚོད1ལྷག་གི་རིང་ལ་བསྐྱོད་པ་དང་། རླངས་འཁོར་གྱི་གློག་འོད་གསལ་ལ་མི་གསལ་བ་ཞིག་ཡངས་ཤིང་ཆེ་བའི་རྩྭ་ཐང་དང་གངས་རིའི་འདབས་རོལ་དུ་མཆོང་རྒྱུག་བྱེད། དེ་ནི་རྩྭ་ཐང་འདིའི་སྟེང་གི་འོད་གཅིག་པུར་གྱུར་ཡོད།

རླངས་འཁོར་དུ་ཡུས་ཧྲུའུ་བོད་རིགས་སྐྱོང་ཁུལ་རྫ་སྟོད་རྫོང་ཁྲ་འདམ་ཞང་ཡུལ་གཉན་སྡེ་བའི་ན་གཞོན་ཧྲུའུ་ཅི་དང་པོ་བསྟན་འཛིན་ཆོས་རྒྱལ་གྱིས་སྡེ་བའི་དཔྱད་གཞིའི་ཡིག་ཆ་ཀློག་འདོན་བྱེད་པ་དང་། དུས་མིན་དུ་ཉེ་འགྲམ་གྱི་མི་དང་མཉམ་དུ་སྒྲོག་འགྲེལ་གྱི་ནང་དོན་ཇུས་འགོད་བྱེད་ཀྱིན་འདུག

བསྟན་འཛིན་ཆོས་རྒྱལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཁྲ་འདམ་ཞང་ཡུལ་གཉན་སྡེ་བ་ནི་རྫ་སྟོད་རྫོང་གི་ལྷོ་ནུབ་ཀྱི་མཚམས་སུ་ཡོད་ལ། གནས་དེར་དངོས་ཡོད་མི་གྲངས1439ཡོད་པ་དང་། དབུལ་ཐར་ཁྱིམ་ཚང202ལ་བསྡོམས་པས་མི་གྲངས855ཡོད་པས། སྔོན་ཆད་ཀྱི་དབུལ་ཐར་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་ཕྱེད་ཀ་བརྒལ་འདུག སྡེ་བའི་ནང་དུ་ད་ཡོད་ཀྱི་ཏང་ཡོན་མི49ཡོད་པ་དང་། གྲ་སྒྲིག་ཏང་ཡོན་མི1ཡོད། དེ་རིང་སྡེ་བར་འགྲོ་བའི་འགན་འཁུར་གཙོ་བོ་ནི་ཏང་ཡོན་ཡོངས་ཕྱོགས་གཅིག་ལ་བསྡུ་རྒྱུ་དེ་ཡིན་ཞིང་། ཏང་ཡོན་ལ“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”ཡི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་། ཏང་ཡོན་གྱི་སྒྲོག་འགྲེལ་འགན་འཁུར་བཀོད་སྒྲིག་ལེགས་པོ་བྱེད་པ། སྡེ་བ་ཡོངས་ཀྱི་ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དེའི་རྗེས་སུ་སྡེ་མི་ཡོངས་ཕྱོགས་གཅིག་ཏུ་བསྡུ་རུབ་བྱེད་པ་བཅས་ཀྱིས། ཁ་གསལ་ལ་གོ་བདེ་བའི་ཐབས་ཀྱིས་སྒྲོག་འགྲེལ་བྱ་བ་མགོ་རྩོམ་དགོས་པར་མ་ཟད། སྡེ་བའི་ནང་དུ“ཡིག་ཆ་ཨང་དང་པོ”ཡི་དགོངས་དོན་མི་རེ་རེར་སྒྲོག་འགྲེལ་བྱེད་པ་དང་། “ཞིང་གསུམ”སྲིད་ཇུས་ཁྱིམ་ཚང་རེ་རེར་ཁྱབ་པའི་རྣམ་པ་སྟུག་པོ་ཞིག་ཆགས་སུ་འཇུག་དགོས་ཟེར།

ཞོགས་པའི་ཉི་འོད་རི་རྩེ་བརྒལ་ནས་དགེ་རྒྱས་རྩྭ་ཐང་དུ་ཁྱབ་པའི་སྐབས་དེར། བསྟན་འཛིན་ཆོས་རྒྱལ་དུས་ཚོད་གསུམ་རིང་གི་འཁོར་ལམ་བརྒྱུད་དེ་དམིགས་སར་འབྱོར།

ཉི་འོད་འཕྲོ་སར་གསེར་མདོག་གིས་ཁེངས་འདུག གངས་རིའི་འདབས་རོལ་དུ། འབྲོག་པས་ཕྱུགས་ཟོག་རི་ལ་གཏོང་བའི་ཀི་སྒྲ་མཚམས་མེད་དུ་བསྒྲགས་ཤིང་། རྒྱང་རིང་དུ་ཡོད་པའི་ཁང་པའི་དུ་ཁུང་དུ་སྔོ་ལྷོག་ལྷོག་གི་དུ་སྤྲིན་འཕྱུར་ལ། ཏང་ཡོན་བྱ་འགུལ་ཁང་གི་མདུན་གྱི་ཏང་དར་ནི་གསལ་ལེར་མངོན་འདུག

བསྟན་འཛིན་ཆོས་རྒྱལ་སྡེ་བའི་ཏང་ཀྲི་པུའུ་ཡི་གཞུང་ལས་ས་ཚིགས་སུ་སླེབས་སྐབས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཕྲིན་ལས་མཐར་ཕྱིན་གྱིས་སྔ་མོ་ནས་སྡེ་བ་ཡོངས་ཀྱི་ཏང་ཡོན་མང་ཚོགས་ཕྱོགས་གཅིག་ཏུ་བསྡུས་ཡོད་ལ། ཚང་མས་ལབ་གླེང་བྱས་ཏེ་རང་ཉིད་ཀྱིས“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”ཡི་དགོངས་དོན་ལ་རྒྱུས་ལོན་བྱས་པའི་མྱོང་ཚོར་བརྗེ་རེས་བྱེད་ཀྱིན་འདུག འཚམས་འདྲི་སྟབས་བདེ་ཞིག་བྱས་རྗེས། དངོས་སུ་སྒྲོག་འགྲེལ་བྱེད་མགོ་བརྩམས།

“ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་དང་། སྡེ་བའི་ཏང་ཀྲི་པུའུ་ཡི་རང་སྟེང་གི་འཛུགས་སྐྲུན་ལེགས་འཛིན་བྱེད་པ། སྡེ་བའི་ཏང་ཀྲི་པུའུ་ཡི་གསར་བརྗེའི་གཡུལ་ས་འཛུགས་སྐྲུན་སྟོབས་ལྡན་དུ་བཏང་སྟེ། གསར་བརྗེ་ཏང་གི་འཛུགས་སྐྲུན་གྱིས་ཁྲ་འདམ་བརླན་སའི་ལྗང་མདོག་སྐྱེ་ཁམས་ལམ་བུར་སྣེ་ཁྲིད་བྱེད་དགོས། སྡེ་བ་ཡོངས་ཀྱི་ཕྱུགས་ལས་ཐོན་སྐྱེད་ནུས་ཤུགས་གང་ཡོད་སྒོས་ལེགས་འཛིན་བྱེད་པ་དང་། གསོ་སྤེལ་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་བརྟན་བརླིང་ངང་འཕར་བ་མངོན་འགྱུར་འབྱུང་བར་ཁག་ཐེག་བཅས་བྱས་ཏེ། འབྲོག་པར་ཁེ་ཕན་ཐོབ་པར་འགན་སྲུང་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་བྱེད་པ་དང་། ཚད་བརྒལ་ཕྱུགས་གསོ་ཡིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བ་གཏན་འགོག་བྱས་ཏེ། ངེས་པར་དུ་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཨང་དང་པོར་འཇོག་དགོས།”

ཉིན་དེའི“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”ཡི་དགོངས་དོན་སྒྲོག་འགྲེལ་བྱ་བ་དེ་སྔ་དྲོའི་དུས་ཚོད9ནས་ཉིན་གུང་གི་དུས་ཚོད1བར་དུ་སྤེལ་བ་དང་། སྒྲོག་འགྲེལ་བྱེད་པའི་གོ་རིམ་ཁྲོད་འབྲོག་པ་ཁ་ཤས་ཀྱིས་སྲིད་ཇུས་རྒྱུས་ལོན་བྱས་པ་མི་ལེགས་པས། ཧྲུའུ་ཅི་དང་པོ་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་ཚན་ཆུང་ཁོངས་མིས་སྡེ་བའི་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ། སྐད་རིགས་གཉིས་ཀྱི་ལེགས་ཆ་བེད་སྤྱད་དེ་དཔེ་རེ་རེ་དྲངས་ནས་སྡེ་མིའི་དོགས་གཞི་གསེད་བཀྲོལ་བྱས་པས། སྒྲོག་འགྲེལ་བྱ་བ་སྔོན་དཔག་གི་དམིགས་ཚད་དུ་སླེབས།

“སྒྲོག་འགྲེལ་ཡུལ་དངོས་སུ་འགྲོ་མི་ཐུབ་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་ཁྱིམ་ཚང་འགའ་ཐོན་མེད་པས། རིམ་པ་རྗེས་མར་ང་ཚོ་ད་དུང་ཁྱིམ་ཚང་དེ་དག་ལ་སོང་ནས་ཏང་གི་སྲིད་ཇུས་མི་རེ་རེར་སྒྲོག་འགྲེལ་བྱེད་དགོས”ཞེས་བསྟན་འཛིན་ཆོས་རྒྱལ་གྱིས་བཤད་བྱུང་།

“ང་ཚོས་ད་ལྟ་འབྲི་སྟོད་འོད་ཧྥུ་གློག་ཚིགས་སུ་མ་རྐང་བཞག་ཡོད། ལོ་རེར་སྒོར་ཁྲི10ཡི་ཡོང་སྒོ་ཡོད་པ་དང་། ལོ་མཇུག་ཏུ་མི་རེར་དངུལ་སྒོར་མི་ཉུང་བ་ཞིག་བགོ་ཐུབ། ན་ནིང་གི་སྐབས་བརྗེ་བྱ་བའི་རྗེས་སུ། ང་ཚོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ཧྲུའུ་ཅི་དང་པོས་སྔ་རྗེས་སུ་ཐེངས་མང་པོར་གྲོས་བསྡུར་བྱས་པ་བརྒྱུད། རྗེས་ཕྱོགས་སྡེ་བའི་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ་ཕྱུགས་ལས་མཉམ་ལས་ཁང་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བའི་འཆར་གཞི་བཟོས་ཡོད། ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་འདི་འདྲ་བཟང་བས། སྡེ་བ་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་གི་འབད་བརྩོན་འོག་ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བར་ཡིད་ཆེས་ཡོད”ཅེས་ཏང་ཀྲི་པུའུ་ཧྲུའུ་ཅི་འཕྲིན་ལས་མཐར་ཕྱིན་གྱི་གདོང་ལ་ཡིད་ཆེས་ཀྱིས་ཁེངས་ནས་བཤད་བྱུང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།