བརྙན་འཕྲིན་གསར་འགྱུར་ལོ་ཙཱ་ལས་གྲངས་ཀ་བསྒྱུར་སྟངས་རགས་ཙམ་གླེང་བ།

བརྙན་འཕྲིན་ནི་བོད་རིགས་རོང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་འགྱུར་ལྡོག་གསར་པར་རྒྱུས་ལོན་བྱེད་པའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པས་དུས་དེབ་དང་ཚགས་པར་སོགས་ཀྱིས་འགྲན་དུ་མེད།

དང་པོ། གྲངས་ཀའི་མིང་།

སྒྲ་སྦྱོར་བམ་གཉིས་སུ་གྲངས་ཀའི་མིང་བསྒྱུར་སྟངས་ལ“གྲངས་ཀའི་སྐོར་ལ་རྒྱ་གར་གྱི་སྐད་སྲོལ་བཞིན་དུ་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་པ་དེ་དགེ་སློང་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་སུ་བསྒྱུར་ན་དོན་དང་མི་འགལ་ལ་བོད་ཀྱི་སྐད་ལུགས་དང་མཐུན་ཞིང་གོ་བདེ་བ་ཡོང་བས། གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་འགྲོ་ལུགས་དང་མཐུན་པ་བཞིན་དུ་སྒྱུར་ཅིག”[1]ཅེས། མ་ཡིག་གི་ཚིག་རིས་ལ་མི་བསྟུན་པར། བོད་སྐད་དུ་གོ་བདེ་བ་ལྟར་དུ་བསྒྱུར་དགོས་པས། རྒྱ་བོད་གཉིས་ཀྱི་གྲངས་ཀ་བརྩི་སྟངས་དང་ཨང་ཀི་འགོད་སྟངས་ལ་ཁྱད་པར་ཡོད་དེ། རྒྱ་ཡིག་ལ་གྲངས་གནས་དགུ་དང་བོད་ལ་གྲངས་གནས་དྲུག་ཅུ་ཡོད་པ་དང་། ཡང་རྒྱ་ཡིག་ལ་དབྱིན་ཡིག་གི་ཤུགས་རྐྱེན་ཐེབས་ནས་ཁྲི་བཅུ་དང་ཁྲི་བརྒྱ། ཁྲི་སྟོང་ཞེས་གོམས་པར་གྱུར་ཡོད་པ་དང་། ཡིན་ཡང་བོད་ལ་གྲངས་གནས་དྲུག་ཅུ་ཡོད་པས་གྲངས་གནས་ཕུན་སུམ་ཚོགས། དེ་བཞིན་དུ་ཡིག་སྒྱུར་གྱི་སྐབས་སུ་མང་ཆེ་བ་བོད་རང་གི་གྲངས་གནས་གཞིར་བཟུང་ནས་བསྒྱུར་དགོས། དཔེར་ན། “根据世卫组织统计数据,全球确诊病例升至3384万2281例,死亡病例101万0534例。”ཞེས་པ་ལ “འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བསྡོམས་རྩིས་གཞི་གྲངས་ལྟར་ན། འཛམ་གླིང་དུ་གཏན་འཁེལ་ནད་པ་བྱེ་བ་གསུམ་ས་ཡ་གསུམ་འབུམ་བརྒྱད་ཁྲི་བཞི་སྟོང་གཉིས་ཉིས་བརྒྱ་གྱ་གཅིག་ལ་འཕར། ཚེ་ལས་འདས་པའི་ནད་པ་ས་ཡ་གཅིག་ཁྲི་གཅིག་ལྔ་བརྒྱ་སོ་བཞི་ལ་སླེབས”(2021.2.6གསར་འགྱུར་མཉམ་སྒྲོག)ལྟ་བུ་དང་། རྒྱ་བོད་གཉིས་ལ་གྲངས་གནས་ཀྱི་ཁྱད་པར་ཡོད་པར་མ་ཟད། མིང་གི་གྲུབ་ཚུལ་དང་བརྡ་སྤྲོད་ཀྱི་སྦྱོར་བ་མི་འདྲ་བའི་དབང་གིས་གྲངས་ཀའི་མིང་གི་གནས་ས་ཡང་མི་འདྲ། དཔེར་ན་རྒྱ་ཡིག“开了三朵红花”ཅེས་གྲངས་ཀའི་མིང་དངོས་པོའི་མིང་གི་སྔོན་ན་ཡོད་པ་དང་། བོད་ཡིག་ཡིན་ན“མེ་ཏོག་དམར་པོ་གསུམ་བཞད”ཅེས་གྲངས་ཀའི་མིང་ནི་དངོས་པོའི་མིང་གི་རྗེས་ན་ཡོད་པ་དང་། མིང་གི་སྦྱོར་བའི་གོ་རིམ་ནི་དངོས་པོའི་མིང་། ཁྱད་ཆོས་བརྗོད་པའི་མིང་། གྲངས་ཀ བྱ་བའི་མིང་ལྟར་ཡིན། “བྱ་བ་དང་། ཁྱད་ཆོས། གྲངས་ཀ་བརྗོད་པའི་མིང་ནི་རྐྱེན་གཞན་ལ་མ་བརྟེན་པར་ནམ་ཡང་ཁྱད་གཞི་བརྗོད་པའི་མིང་གི་རྗེས་སུ་སྦྱོར”[2]དགོས། ཨ་མདོ་བརྙན་འཕྲིན་གྱི2021.1.26 ཉིན་གྱི《གསར་འགྱུར་མཉམ་སྒྲོག》གི་ཁ་བྱང“实现第一个百年奋斗目标之后,……”ལ“བརྒྱ་ལོ་དང་པོའི་དམིགས་འབེན་མངོན་འགྱུར་བྱས་རྗེས། ་་་”ཞེས་བསྒྱུར་འདུག་པ་དང་། བརྒྱ་ལོ་དང་པོ་ཟེར་བ་ནི་རྒྱ་ཡིག་གི་གོ་རིམ་ཇི་བཞིན་དུ་བསྒྱུར་འདུག་པ་བོད་སྐད་ཡིག་བརྡ་སྤྲོད་ཀྱི་ཆོས་ཉིད་དང་འགལ། དེ་བས་ལོ་བརྒྱ་ཐོག་མ་དང་། ལོ་བརྒྱ་དང་པོ་ཞེས་ལོ་བརྒྱ་ཐོག་མའི་དམིགས་ཡུལ་འགྲུབ་རྗེས་ཞེས་བསྒྱུར་ན་གོ་བདེ་ཞིང་ཁ་གསལ། “第一个一百年、第二个一百年”ནི་ཏང་གིས་འབད་འཐབ་བྱེད་པའི་དམིགས་འབེན་གྱི་དུས་ཡུན་གཉིས་ཡིན་པས། བརྙན་འཕྲིན་ཁང་འགའི་འགྱུར་མི་འདྲ་བ་རེའུ་མིག་ཏུ་བཀོད་ན།


རེའུ་མིག་ལས་མཐོང་ཐུབ་སྟེ། བོད་སྐད་ཀྱི་བརྗོད་སྟངས་དང་མཐུན་པར་ལོ་བརྒྱ་གཉིས་པའམ་ལོ་བརྒྱ་ཐམ་པ་གཉིས་པ་ཞེས་བསྒྱུར་ན་འོས།

གཉིས་པ། ཨང་ཀི་རབ་རིབ་ཅན།

གྲངས་ཀའི་མིང་ནི་གྲངས་ཀ་ཁོ་ན་མཚོན་པ་མ་ཡིན་ཏེ། གཏམ་དཔེ་དང་དཔེ་ཆོས་ཁྲོད་དུ་མང་དུ་ཡོད་པ་དང་། རྒྱ་བོད་སྐད་རིགས་གཉིས་ལ་ཡོད་དེ། དཔེར་ན། གཅིག་བཟུང་གཉིས་ཤོར། མི་ལས་དགུ་ལས། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། “不管三七二十一、一心二用、乱七八糟”ལྟ་བུ་ཡོད། དེ་དག་ནི་མི་རིགས་གཉིས་ཀྱི་རིག་གནས་དང་གོམས་སྲོལ་མི་འདྲ་བའི་དབང་གིས་ཡིག་ངོ་ཐོ་གཏུག་ནས་བསྒྱུར་རྐྱང་མིན། རོ་མའི་ཞི་སེ་ལོ་ཡིས། “ལོ་ཙཱ་ནི་ཡི་གེ་དང་ཡི་གེ་ངོ་གཏུག་པ་མ་ཡིན་པར། སྐད་ཆའི་བཤད་སྟངས་དང་དེའི་སྟོབས་ཤུགས་གསོག་འཇོག་བྱེད་རྒྱུ་དེ་ཡིན”ཞེས་གསུངས་པ་ནང་བཞིན། གྲངས་ཀའི་མིང་དེའི་ཤུགས་ཀྱི་དོན་རྟོགས་པར་བྱས་ཏེ་བསྒྱུར་དགོས། དེ་ལ་གྲངས་ཀ་རབ་རིབ་ཅན་ཟེར་བ་དང་། བསྒྱུར་བའི་སྐབས་སུ་སྐད་ཆའི་གནས་བབ་གཞིར་བཟུང་སྟེ། དེའི་ཚིག་རྒྱན་གྱི་ཁྱད་ཆོས་དང་བརྗོད་དོན་སོགས་ལ་གཞིག་ནས་མིང་ཚིག་འོས་འཚམ་བདམས་ནས་བསྒྱུར་དགོས་ཏེ། དེ་ལ་བསྒྱུར་སྟངས་གསུམ་ཡོད་དེ།

1.ཨང་ཀི་ཐད་སོར་བསྒྱུར་བ།

རྒྱ་བོད་མི་རིགས་གཉིས་ནི་སྐད་ཁོངས་འདྲ་བ་ཡོད་ལ་རབ་རིབ་ཨང་ཀིའི་བརྡ་དོན་ཡང་འདྲ་པོ་ཡོད་པས། འགྱུར་ཡིག་ཀློག་པ་པོའི་གོ་བ་ལེན་པར་མི་གནོད་ན་ཇི་བཞིན་ཐད་སོར་བསྒྱུར་བ། དཔེར་ན།

      2.ཨང་ཀི་བརྗེས་ནས་བསྒྱུར་བ།

རྒྱ་ཡིག་དང་བོད་ཡིག་གཉིས་ལ་རབ་རིབ་ཨང་ཀིའི་བཀོལ་སྟངས་ལ་ཁྱད་པར་ངེས་ཅན་ཞིག་མཆིས་པས། ཡིག་སྒྱུར་སྐབས་སུ་མ་ཡིག་ཁྲོད་ཀྱི་ཨང་ཀི་བརྗེས་ནས་འགྱུར་ཡིག་ཀློག་པ་པོའི་བརྡ་སྤྲོད་ཀྱི་གོམས་གཤིས་དང་མཐུན་དགོས། ཨང་ཀིའི་རབ་རིབ་མཚོན་སྟངས་ལ་སྤྱིར་བཏང་དུ་མི་རིགས་ཀྱི་རང་བཞིན་མངོན་གསལ་དོད་པོ་ཡོད། དེ་ནི་མི་རིགས་ཀྱི་རིག་གནས་ཡུན་རིང་བསགས་པའི་ལོ་རྒྱུས་ཀྱི་འབྲས་བུ་ཡིན། ལོ་ཙཱ་བྱེད་པའི་སྐབས་སུ་མི་རིགས་སོ་སོའི་འཁྱེར་སོ་དང་བརྡ་སྤྲོད་སྟངས་ལ་བརྩི་འཇོག་བྱས་ཏེ།ཨང་ཀིར་དགོས་ངེས་ཀྱི་བརྗེ་བསྒྱུར་བྱས་ན་འགྱུར་ཡིག་ཀློག་པ་པོའི་གོ་བ་ལེན་པར་ཕན་པ་ཡོད་ལ། རྒྱ་བོད་སྐད་རིགས་གཉིས་ཀྱི་ཁྲོད་དུ་ཨང་ཀི་རབ་རིབ་ཅན་གྱི་མིང་ཚིག་མང་།མི་རིགས་སོ་སོའི་སྐད་ཆའི་བརྗོད་སྟངས་དང་མཐུན་པར་ཨང་ཀི་རྣམས་བརྗེས་ནས་བསྒྱུར་བ། དཔེར་ན།

     3.ཨང་ཀི་བསྐྱུར་ནས་བསྒྱུར་བ།

བརྡ་དོན་རབ་རིབ་ཅན་གྱི་ཨང་ཀི་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་བའི་སྐབས་སུ། ཇི་མ་ཇི་བཞིན་ཕབ་སྒྱུར་བྱས་ཚེ། རིག་གནས་དང་སྐད་ཆའི་སྦྱོར་བ་མི་འདྲ་བའི་དབང་གིས་འགྱུར་ཡིག་དེ་ཀློག་པ་པོར་ཚིག་སྦྱོར་མི་བདེ་བ། བརྡ་དོན་མི་གསལ་བ་སོགས་འབྱུང་སྲིད་པས། ཡིག་སྒྱུར་གྱི་སྐབས་སུ་ཨང་ཀི་དོར་ནས་བརྡ་དོན་དོན་སྒྱུར་བྱེད་དགོས། དཔེར་ན། མེ་མཁའ་རྒྱ་མཚོ་ལྟ་བུ། ཡིག་སྒྱུར་བྱེད་སྐབས་ངེས་པར403ཞེས་བསྒྱུར་པ་ལས་ཡི་གེ་ཐོད་གཏུག་ནས་བསྒྱུར་མི་རུང་བ་དང་། དེ་ཡང་རིག་གནས་ཀྱི་རྒྱབ་ལྗོངས་ལ་གོ་བ་ཟབ་མོ་ལོན་དགོས་པ་ཡིན། དེ་བཞིན་དུ “མི་བཤད་དགུ་བཤད།”“ཁ་བརྒྱ་མིག་སྟོང་།” “一干二净”ལྟ་བུ་སོགས་ལས་ཀྱང་གྲངས་ཀའི་མིང་དེ་དག་ནི་གྲངས་ཀ་ཙམ་མ་ཡིན་པས་ཨང་ཀི་བསྐྱུར་ནས་བསྒྱུར་དགོས་པ། དཔེར་ན།

དཔྱད་གཞིའི་ཡིག་ཆ།

[1] འཕྲིན་ལས་ཆོས་གྲགས། 《བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2001ལོའི་ཟླ2པར་པར་གཞི་དང་པོ་བསྒྲིགས། 2013ལོར་དཔར་ཐེངས་གཉིས་པ་དཔར།

[2] ལྕགས་ཐར་རྒྱལ། 《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོའི་ཟླ12པར་དཔར་ཐེངས་བཞི་བ་དཔར། ཤ133

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།