དེབ་ཐེར་སྔོན་པོའི་ཁྱད་ཆོས་གཙོ་བོ་གཉིས་རགས་ཙམ་གླེང་བ།

གཅིག དེབ་སྔོན་གྱི་སྒྲིག་གཞིའི་གྲུབ་ཚུལ་ལས་མངོན་པའི་ལོ་རྒྱུས་རིག་གཞུང་གི་བསམ་བློ།

འདིར་དེབ་སྔོན་གྱི་སྒྲིག་གཞིའི་གྲུབ་ཚུལ(体例)ཐུན་མོང་མ་ཡིན་པ་ལས་མངོན་པའི་ལོ་རྒྱུས་རིག་གཞུང་གི་བསམ་བློ་སྐོར་རགས་ཙམ་གླེང་ན། འགོས་ལོ་གཞོན་ནུ་དཔལ་གྱིས་བརྗོད་གཞི་སྐབས་སོ་སོ་རྒྱས་བསྡུས་གང་ལ་དེ་བསྟུན་གྱིས་དབྱེ་འབྱེད་གསལ་པོར་བྱས་ཡོད་ཅིང་། “རང་ཉིད་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་མཁན་ཡིན་པས་བཀའ་བརྒྱུད་པའི་གྲུབ་མཐའི་སྐོར་ཞིབ་བརྗོད་བྱས་པ་ཅུང་མང་ལ་དེ་ཡང་ཀོ་བྲག་པ་སློབ་བརྒྱུད་ཀྱི་སྐོར་དེ་ལོགས་སུ་དབྱེ་ནས་ཧ་ཅང་ཐལ་དྲགས་པའི་མཐའ་རུ་ལྷུང་མེད།”① བརྗོད་བྱའི་ནང་དོན་གྱི་དུས་མཚམས་བགོ་སྟངས་ལོ་ཚིགས་ཏག་ཏག་ཅིག་གི་སྟེང་གཏན་འཁེལ་བྱས་མེད་ནའང་། “གཙོ་བོ་ལོ་རྒྱུས་མི་སྣ་དག་གི་མཛད་འཕྲིན་གཞིར་བཟུང་ནས་ཆོས་ལུགས་གྲུབ་མཐའ་ཁག་གི་བྱུང་རིམ་བརྗོད་པ་ཡིན་པས”②བརྗོད་བྱའི་ནང་དོན་གྱི་དུས་མཚམས་བགོ་སྟངས་ཡང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་འཕེལ་རིམ་གཙོ་བོར་བཟུང་ནས་དུས་མཚམས་བགོས་ཡོད་ལ། སྤྱིའི་ཆ་ནས་བསྟན་པ་སྔ་དར་དང་ཕྱི་དར། ཆོས་བརྒྱུད་གྲུབ་མཐའ་ཁག་གི་དར་འཕེལ་གྱི་ལོ་རྒྱུས་མི་འདྲ་བ་དག་གི་བྱུང་འཕེལ་སོགས་ཟུང་དུ་འབྲེལ་ནས་བརྗོད་གཞིའི་དུས་མཚམས་བགོ་བ་དང་། བྱེ་བྲག་ཏུ་ལོ་རྒྱུས་མི་སྣ་གྲགས་ཅན་དག་གཙོ་བོར་བཟུང་ནས་དུས་མཚམས་བགོ་བ་དེ་ནི་དེབ་སྔོན་ཁོ་ནའི་སྒྲིག་གཞིའི་གྲུབ་ཚུལ་ཐུན་མོང་མ་ཡིན་པ་ཞིག་རེད་ལ། “འདི་ལས་འགོས་ལོས་རྣམ་ཐར་ཡིག་ཆ་གཙོ་སྙིང་དུ་འཛིན་པའི་ལོ་རྒྱུས་རྩོམ་འབྲིའི་ཐབས་ཤེས་མཐོང་ཐུབ།”③ བརྗོད་བྱའི་ནང་དོན་གྱི་དབྱེ་བ་ཁ་གསལ་ཞིང་གོ་རིམ་ཚགས་དམ་ལ་བརྗོད་དོན་རེ་རེ་བོད་ཡིག་གསལ་བྱེད་ཀྱི་རྣམ་པས་མཚོན་ནས་དཀར་ཆག་གི་དོད་དུ་གྱུར་ཡོད་པས་རྩོམ་སྤྱིའི་སྤྱི་ཁོག་མ་ལག་ཚང་བའི་སྒྲོམ་གཞི་ཞིག་ཏུ་ཚུད་པར་བྱས་ཡོད། བསྟན་པ་སྔ་དར་གྱི་སྐབས་དང་བསྟན་པ་ཕྱི་དར་གྱི་སྐབས་གཉིས་ནི་རྩོམ་སྤྱི་ལ་རྨང་གཞི་གདིང་བའི་ཕྱིར་དུམ་བུ་གཉིས་ཀྱི་ནང་དུ་བཀོད་སྒྲིག་བྱས་ནས་བརྗོད་གཞི་གཙོ་བོར་གྱུར་པའི་ཆོས་ལུགས་གྲུབ་མཐའ་ཁག་གི་ལོ་རྒྱུས་སྐོར་དུམ་བུ་བཅུ་ལྷག་གི་ནང་དུ་ནང་དོན་བྱེ་བྲག་ཏུ་ཞིབ་བརྗོད་གནང་ཡོད་ལ། དུམ་བུའམ་སྐབས་ཆེན་པོ་གཅིག་གི་ནང་དུའང་སྐབས་ཆུང་ངུ་མང་པོ་བཅུག་ནས་བསྒྲིགས་ཏེ་རྩོམ་གྱི་སྒྲིག་གཞི་ཁ་གསལ་གོ་རིམ་ཡོད་ཅིང་མ་འདྲེས་པའི་སྣང་བ་སྟེར་ཐུབ་པས། རྩོམ་པ་པོའི་ལོ་རྒྱུས་བསྟན་བཅོས་རྩོམ་འབྲིའི་སྒྲིག་གཞིའི་ཇུས་འགོད་ཀྱི་བློ་བཀོད་དང་རྩ་དོན་མཚོན་འདུག་གོ། །དེབ་སྔོན་གྱི་རྩོམ་འབྲི་སྟངས་ནི་སྤྱིའི་ཆ་ནས་ཆོས་འབྱུང་དེབ་ཐེར་གཞན་དག་དང་འདྲ་བར་ཞིབ་བརྗོད་བྱས་པ་མང་ལ་དཔྱད་བརྗོད་སྤེལ་བ་ཉུང་བའི་འབྲི་ཐབས་སྤྱད་ཡོད་ཀྱང་། བརྗོད་གཞིའི་བར་བར་དུ་དཔྱད་བརྗོད་དང་དབྱེ་ཞིབ་བྱས་པའི་རིགས་ཀྱི་ལོ་རྒྱུས་སྨྲ་བའི་རིགས་ལམ་ཡང་བཀོད་ནས་འབྲེལ་ཡོད་དཔྱད་གཞི་རུ་བརྗོད་པ་བཞིན། ལོ་རྒྱུས་ནི་སྔོན་གྱི་ཁུངས་བཙུན་ཡིག་ཆ་ལ་གཟབ་ནན་གྱིས་ཟུར་ལྟ་རུ་བཟུང་ནས་རང་གི་ལོ་རྒྱུས་ལྟ་བས་ཟུར་བརྒྱན་ཏེ་མ་ལག་ཚང་བར་བྲིས་པ་ཞིག་ལ་འདོད་ཀྱིན་པ་དེབ་ཐེར་ཧྲིལ་པོའི་བྱེ་བྲག་གི་ནང་དོན་ལས་རྟོགས་ཐུབ། འགོས་ལོས་སྐབས་དེར་ཡོད་པའི་དཔྱད་གཞིའི་ཡིག་ཆ་མང་པོ་ཕན་ཚུན་ལྟ་ཀློག་གཤིབ་བསྡུར་དང་འདོར་ལེན་དག་སྒྲིག་བྱེད་པར་དོ་གལ་ཆེན་པོ་གནང་ཡོད་ལ། རྩོམ་གྱི་མགོ་མཇུག་གང་རུང་དུ་དོགས་གཞི་ཅན་གྱི་སྐོར་ལ་ཐུག་དུས་ཡི་གེ་མ་མཐོང་བས་བྲི་བར་མ་ནུས་པའམ་ཡང་ཡི་གེ་མེད་པས་ཞིབ་ཏུ་སྤྲོས་མེད་དོ་ཞེས་དཔྱད་གཞིའི་ཡིག་ཆ་ཁུངས་འདེད་རྩད་ཞིབ་བྱེད་པར་ཧ་ཅང་ནན་ཏན་མཛད་ཡོད་ལ། ལུང་འདྲེན་དཔྱད་ཡིག་ཁག་ལ་འགྲེལ་བཤད་གསལ་པོ་གནང་ནས་ཁ་གསལ་འོས་འགྲིག་ཏུ་སྦྱར་བས་ཀློག་མཁན་རྣམས་ཀྱིས་རྩོམ་པ་པོ་ཁོང་གི་གཟབ་ནན་གྱི་རིག་གཞུང་བསམ་བློ་དང་བདེན་ཐུབ་ཀྱི་ཞིབ་བརྗོད་རྣམ་འགྱུར་མཐོང་ཐུབ། འབྲེལ་ཡོད་དཔྱད་གཞི་རུ་བཀོད་པ་བཞིན། དེབ་སྔོན་གྱི་སྒྲིག་གཞིའི་གྲུབ་ཚུལ་གྱི་ཁྱད་ཆོས་གཙོ་བོ་གཅིག་ནི“སྒྲིག་གཞིའི་ནང་དོན་ཞིབ་བརྗོད་བྱེད་སྐབས་ལོ་རབས་རིག་པའི་ཞིབ་འཇུག་གི་ཆ་མང”④དུ་ཡོད་པ་དེ་ཡིན་ལ། དེབ་སྔོན་འདི་སྤྱིའི་ཆ་ནས་ལོ་རྒྱུས་སྔ་ཕྱིའི་འཕེལ་རིམ་གཞིར་བཞག་ནས་ལོ་ཚིགས་རིམ་འདེད་ཀྱི་ལོ་རྒྱུས་འབྲི་སྟངས་ལྟར་མཛད་ཡོད་པས་ལོ་རྒྱུས་ཞིབ་བརྗོད་ཀྱི་སྐབས་སུ་ལོ་ཚིགས་གཏན་འབེབས་ཀྱི་ཐད་ལ་དཔྱད་ཞིབ་གཏིང་ཟབ་མོ་གནང་ཡོད་པ་མཐོང་ཐུབ་པ་དང་། དཔྱད་གཞིའི་ཡིག་ཆ་རྩ་ཆེན་ལ་ཁུངས་གཏུགས་ཤིང་རིགས་པས་དཔྱད་དེ་གཏན་ལ་ཕབ་པ་མང་བས་ཁོང་ལ་ལོ་ཚིགས་གཤིབ་བསྡུར་བྱེད་ཐབས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཤེས་ཐུབ། དེབ་ཐེར་འདིའི་ནང་དུ་ལོ་རྒྱུས་མི་སྣ་གྲགས་ཅན་དག་གི་མཛད་རྣམ་བརྗོད་སྐབས། “མི་སྣ་དེ་དག་གི་གདུང་རུས་གསལ་པོར་བྲིས་པས། གནའ་རབས་བོད་ཀྱི་གདུང་རུས་ཉམས་ཞིབ་ཀྱི་ཐད་ལ་རྒྱུ་ཆ་རྩ་ཆེན་མཁོ་འདོན་བྱས་ཡོད་ཅིང ”⑤བོད་ཀྱི་གདུང་རུས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ལ་དཔྱད་གཞིའི་རྒྱུ་ཆ་བཏོན་ཡོད།

གཉིས། དེབ་སྔོན་གྱི་སྒྲིག་གཞིའི་གྲུབ་ཚུལ་ལས་མངོན་པའི་ལོ་རྒྱུས་བསྟན་བཅོས་ཀྱི་རྩོམ་སྟངས།

སྤྱིར་ལོ་རྒྱུས་བསྟན་བཅོས་ཀྱི་སྒྲིག་གཞིའི་གྲུབ་ཚུལ་ལ་རྩོམ་སྟངས(体裁)སྣ་འདུས་སམ་ཕྱོགས་བསྡུས་རྣམ་པ་སྤྱད་ནས་བྲིས་པ་མང་ལ། འགོས་ལོ་གཞོན་ནུ་དཔལ་གྱིས་ཀྱང་སྣ་འཛོམས་རྣམ་པའི་ལོ་རྒྱུས་བསྟན་བཅོས་འབྲི་ཐབས་སྤྱད་ནས་ལོ་རྒྱུས་རིག་པའི་གཟབ་ནན་གྱི་རྣམ་འགྱུར་བཟུང་སྟེ་ཐབས་མཁས་པའི་སྒོ་ནས་ལོ་རྒྱུས་རྩོམ་སྟངས་སྣ་ཚོགས་བསྟན་བཅོས་གཅིག་གི་ནང་དུ་ཕན་ཚུན་འབྲེལ་ཆགས་ཤིང་རྐྱ་བཀར་མི་ཐུབ་པ་ཇ་དང་འོ་མ་འདྲེས་པ་ལྟ་བུ་ཞིག་གནང་ཡོད་པས་དེབ་སྔོན་གྱི་སྒྲིག་གཞིའི་གྲུབ་ཚུལ་ཐད་ཡང་དེབ་ཐེར་གཞན་ལས་འགོངས་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་ལྡན་པར་བྱས་ཡོད།

འབྲེལ་ཡོད་དཔྱད་འབྲས་ལྟར་ན། བོད་བཙན་པོའི་རྒྱལ་རབས་ཉམས་རྒུད་དུ་སོང་བ་དང་བསྟུན་ནས་སྐབས་ཐོག་དེ་ནས་དར་ཡོང་བའི་ལོ་རྒྱུས་བསྟན་བཅོས་ཀྱི་རྩོམ་འབྲིའི་རྒྱུན་ཐག་ཀྱང་ཆད་པར་གྱུར་ལ། དེ་ནས་དུས་ཡུན་གང་འཚམ་སོང་རྗེས་ཀྱི་བོད་སིལ་བུའི་དུས་སྨད་ནས་བཟུང་ཤེས་རིག་བསྐྱར་དར་གྱི་རླབས་རྒྱུན་འཕྱུར་མགོ་ཚུགས་ཏེ་དུས་རབས་ཀྱི་རྒྱབ་ལྗོངས་དེ་འདྲ་ཞིག་གི་ནང་དུ་ལོ་རྒྱུས་རྩོམ་ཐབས་ལའང་དེ་མཐུན་གྱི་འཕེལ་རྒྱས་གསར་པ་བྱུང་ཞིང་། བརྗོད་གཞི་རྒྱ་ཆེ་ལ་སྒྲིག་གཞི་ཚགས་དམ་པ། རྩོམ་སྟངས་སྣ་འཛོམས་རྣམ་པའི་ལོ་རྒྱུས་བསྟན་བཅོས་རིམ་པར་བྱུང་། དེའི་ནང་དུ་ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་དེབ་ཐེར་དམར་པོ། བུ་སྟོན་རིན་པོ་ཆེས་མཛད་པའི་བུ་སྟོན་ཆོས་འབྱུང་། ཡར་ལུང་ཤཱཀྱ་རིན་ཆེན་ལྡེས་མཛད་པའི་ཡར་ལུང་ཇོ་བོའི་ཆོས་འབྱུང་། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་། འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོ་སོགས་བྱུང་བ་དང་། ལོ་རྒྱུས་བསྟན་བཅོས་དེ་དག་ལ་འདྲ་བའི་ཆ་ཞིག་ཡོད་པ་ནི་སྒྲིག་གཞིའི་གྲུབ་ཚུལ་གྱི་རྣམ་པ་ཆིག་རྐྱང་མ་ཡིན་པར་རྒྱལ་རབས་དང་ཆོས་འབྱུང་། རྣམ་ཐར། གདུང་རབས། གདན་རབས་སོགས་རྩོམ་སྟངས་སྣ་ཚོགས་འཛོམས་ཡོད་ལ། སྒྲིག་གཞིའི་ནང་དོན་ཞིབ་བརྗོད་བྱེད་དུས་ཆེད་དོན་མི་དགར་བར་ཆོས་སྲིད་གཉིས་ཐད་ཀྱི་ལོ་རྒྱུས་འབྲེལ་མར་བརྗོད་པ་སྟེ། ཆོས་འབྱུང་ལོ་རྒྱུས་གཙོ་བོར་བརྗོད་པའི་ཞོར་ལ་བོད་ཀྱི་རྒྱལ་རབས་བརྗོད་པ་དང་། ཞོར་དུ་རྒྱ་གར་གྱི་སྟོན་པའི་གདུང་རབས་དང་རྒྱ་ནག་གི་རྒྱལ་པོའི་རབས། ཧོར་དང་མི་ཉག་སོགས་ཀྱི་རྒྱལ་རྒྱུད་ཀྱང་བརྗོད་པར་བྱེད། རྩོམ་སྟངས་སྣ་འདུས་རྣམ་པ་ཅན་གྱི་ལོ་རྒྱུས་བསྟན་བཅོས་དག་ནི་དུས་རབས་དམིགས་བསལ་བའི་ནང་གི་ལོ་རྒྱུས་རྩོམ་འབྲིའི་ལྟ་བ་ཡིན་ལ། དུས་སྐབས་དེ་ཡི་ལོ་རྒྱུས་རྩོམ་མཁན་དག་གི་སྣང་ངོར་གནའ་རབས་བོད་ཀྱི་ལོ་རྒྱུས་འཕེལ་བའི་རྒྱུན་ལ་བལྟས་ན་བོད་ཀྱི་ལོ་རྒྱུས་བསྟན་བཅོས་འབྲི་ཐབས་ནི་རྒྱལ་རབས་ཁོ་ན་ལ་ངོས་འཛིན་བྱས་ན་མི་འགྲིག་ཅིང་། ཆོས་འབྱུང་གཅིག་པུས་འཐུས་པར་བྱས་ནའང་མི་ཆོག་ལ། བོད་ནི་འདབས་འབྲེལ་ཡུལ་གྲུ་ཁག་དང་འབྲེལ་བ་མེད་པར་ཆིག་རྐྱང་དུ་བྲིས་ནའང་མི་འགྲིག་པར། ཟུར་སྣེ་མང་པོ་ནས་བསམ་བློ་འཁོར་ཏེ་འབྲི་དགོས་དགོངས་ཡོད་པ་དང་། དེ་ནི་ད་གཟོད་ལོ་རྒྱུས་སྤྱི་བཤད་ཀྱི་རྩོམ་འབྲིའི་ལྟ་བ་ཡོངས་ཁྱབ་ཏུ་ཆགས་བཞིན་པའི་སྣང་ཚུལ་ཀྱང་རེད་བསམས། ལྷག་པར་དུ་ཆོས་ལུགས་གྲུབ་མཐའ་ཁག་ཕན་ཚུན་འགྲན་རྩོད་ཁྲོད་དར་རྒྱས་བྱུང་བའི་གོ་རིམ་ནང་གྲུབ་མཐའ་སོ་སོའི་བླ་མ་རྣམས་ཀྱི་རྣམ་ཐར་འབོར་ཆེན་བརྩམས་པ་ཡིས་བོད་ཀྱི་ལོ་རྒྱུས་བསྟན་བཅོས་རྩོམ་པ་ལ་དཔྱད་ཡིག་མང་པོ་མཁོ་འདོན་བྱས་ཏེ་ཤུགས་རྐྱེན་ཆེན་པོ་ཐེབས་སུ་བཅུག འགོས་ལོའི་དེབ་སྔོན་ལྟ་བུར་མཚོན་ན་ཡང་དུས་རབས་ཀྱི་རྒྱབ་ལྗོངས་དེ་འདྲ་ཞིག་གི་ནང་དུ་རྒྱལ་རབས་དང་ཆོས་འབྱུང་། རྣམ་ཐར། གདུང་རབས། གདན་རབས་སོགས་རྩོམ་སྟངས་སྣ་འདུས་རྣམ་པ་ཅན་གྱི་འབྲི་ཐབས་སྤྱད་ནས་བྲིས་ཡོད། ལོ་རྒྱུས་ཀྱི་བསྟན་བཅོས་གཅིག་གི་ནང་ཁུལ་དུ་རྩོམ་སྟངས་མི་འདྲ་བ་དུ་མ་ཕན་ཚུན་འབྲེལ་ཆགས་པའི་སྒོ་ནས་བཀོད་སྒྲིག་བྱེད་ཐབས་ནི་གཅིག་ནས་རྩོམ་མཁན་གྱི་རྩོམ་འབྲིའི་ཐབས་རྩལ་ལ་རག་ལས་པ་དང་། གཉིས་ནས་རྩོམ་པ་པོའི་ལོ་རྒྱུས་སྨྲ་བའི་ཆུ་ཚད་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད། འགོས་ལོ་ཙཱ་བ་འདི་རྩོམ་རྩལ་ལ་དབང་འབྱོར་བ་ཞིག་ཡིན་པ་དཔེར་ན། “དེ་ལྟར་ན་སྐྱེས་བུ་དམ་པ་འདི་ནི་གཏོང་བ་ཕུན་སུམ་ཚོགས་པ་དང་། ཞེན་ཆགས་མེད་པ་དང་། སྒྲུབ་པའི་སྙིང་རུས་དང་། མཁས་པའི་མཁྱེན་པ་དང་། བརྩེ་བས་གཞན་དོན་མཛད་པ་ཐམས་ཅད་ཟླ་བོས་དབེན་པར་གྱུར་པ་ཞིག་གོ། །”⑥ཞེས་ཆུང་ས་ནས་བརྗོད་པ་ཕྲན་བུ་ཙམ་ཞིག་འབྲི་ནའང་ཆག་ཐོགས་མེད་པའི་བྱང་ཆ་དེ་མཐོང་ཐུབ་ལ། ཆེ་ས་ནས་ལོ་རྒྱུས་ཤེས་བྱའི་ཐོས་རྒྱ་དང་བསམ་ཞིབ་ཐད་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་པོ་ཞིག་ཡིན་པ་བསྟན་བཅོས་རང་ལ་མཇལ་ཡོང་ན་ཧ་གོ་ཡོང་ངོ་། །

མཆན་འགྲེལ།

① ཆོས་འཕེལ། 《བོད་དུ་དར་བའི་སྲོལ་རྒྱུན་ལོ་རྒྱུས་རིག་པ་དང་དེའི་ཁྱད་ཆོས་སྐོར་རགས་ཙམ་གླེང་བ》【J】བོད་ལྗོངས་ཞིབ་འཇུག 2005ལོའི་དེབ་བཞི་པ།

② 梁成秀. 西藏传统文化典籍编辑特点【J】.西藏民族学院学报,2004年第5期

③ ཚེ་རིང་བུ་ཁྲིད། དེབ་ཐེར་སྔོན་པོ་རྒྱ་འགྱུར་མ་གསར་པའི་སྐོར་ལ་རགས་ཙམ་དཔྱད་པ། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།【J】 2014ལོའི་འདོན་ཐེངས་དང་པོ།

④孙林.藏族史学发展史纲要【M】.中国藏学出版社.2006版 P133

⑤ རྨེ་རུ་ཡུལ་ལྷ་ཐར། 《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག》【M】བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015 P346

⑥ འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 【M】སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984 P793

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།