གཞུང་ཡིག་ཡིག་སྒྱུར་བྱེད་སྟངས་སྐོར་ཅུང་ཙམ་གླེང་བ།

དེང་རབས་རྒྱ་བོད་ཡིག་སྒྱུར་གྱི་ཁྱབ་ཁོངས་སུ་རྩོམ་རིག་ཡིག་སྒྱུར་དང་ཁྲིམས་རིགས་ཡིག་སྒྱུར། སྲིད་ཇུས་སྣ་ཚོགས་ཀྱི་ཡིག་སྒྱུར། གཞུང་ཡིག་ཡིག་སྒྱུར་སོགས་ཡིག་སྒྱུར་གྱི་སྐོར་ཤིན་ཏུ་མང། འདིར་གཞུང་ཡིག་ཡིག་སྒྱུར་དང་འབྲེལ་བའི་སྐོར་གྱི་གཟབ་བྱ་འགའ་ཅུང་ཙམ་གླེང་བར་བྱ་སྟེ།

གཅིག སྡུད་ཚིག་དང་ཐད་སྒྱུར།

དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་དང་སྐད་བརྡའི་འགྱུར་ལྡོག་གི་དབང་གིས་མིའི་རིགས་ཀྱི་སྐད་ཆའི་ཁྱབ་ཁོངས་སུ་ཚིག་ཚོགས་ཟོར་ཡང་ཅན་དང་། བརྡ་ཆད་དེང་རབས་ཅན་དུ་འགྱུར་བའམ་སྒྱུར་བའི་ངང་ཚུལ་ནི་ཧ་ཅང་སྐྱེན་པོ་རེད། ང་ཚོ་ལམ་འདི་རུ་མ་ཞུགས་ན་ཡིག་སྒྱུར་གྱི་བརྩམས་ཆོས་དག་ནི་འགྲེལ་བཤད་རང་བཞིན་དུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ། དཔེར་ན། སྔོན་གྱི་ཚིག་མཛོད་སོགས་སུ་དཔེ་མཚོན་ཧ་ཅང་མང་སྟེ། 卖唱ལ་གཞས་བཏང་དངུལ། 美丽富饶ལ་མཛེས་སྡུག་ལྡན་ཞིང་ཐོན་ཁུངས་ཀྱིས་ཕྱུག་པ། 念旧སྔར་གྱི་འབྲེལ་ལམ་བློ་ལ་ངེས་པ། 认真贯彻ལག་ལེན་མཐར་ཕྱིན་ཟོལ་མེད་བྱེད་པ། 认证དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད། 迅猛ལ་མྱུར་ལ་ཤུགས་དྲག་ཆེ་བ། 专利法གཅིག་པུར་དབང་བའི་ཁེ་ཕན་གྱི་བཅའ་ཁྲིམས། 党章意识ལ་ཏང་གི་སྒྲིག་ཡིག་ལ་བརྩི་བའི་འདུ་ཤེས། 学衔ལ་ཤེས་ཡོན་པའི་གནས་ཐོབ་སོགས་བགྲང་ལས་འདས་པ་ཡོད། འདི་དག་གལ་སྲིད་མུ་མཐུད་དུ་སྤྱད་ན་ང་ཚོས་བསྒྱུར་བའི་རྩོམ་དེ་ནི་ཅིས་ཀྱང་འགྲེལ་བཤད་སྒྱུར་རྩོམ་ཞིག་ཡིན་པ་མངོན་གསལ་རེད། དེང་སྐབས་རྒྱ་ཡིག་ལ་མཚོན་ན་རྩོམ་ཡིག་དང་བརྡ་ཆད་སོགས་ཟོར་ཡང་ཆེད་ཐ་སྙད་གང་མང་ཞིག་བསྡུས་འབྲི་བྱེད་བཞིན་ཡོད་དེ། དཔེར་ན། 世界贸易组织ལ世贸组织དང་། 新型合作医疗制度ལ新合制、社会保障ལ社保、北大西洋公约组织ལ北约组织སོགས་གང་མང་མང་སྣང་རྒྱུ་ཡོད། རྒྱུན་ལྡན་གྱི་ལོ་ཙཱ་ཡིན་ན་འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་། དཔེ་གསར་མཉམ་ལས་སྨན་བཅོས་ལམ་ལུགས། སྤྱི་ཚོགས་འགན་སྲུང་། ནུབ་རྒྱ་མཚོ་ཆེན་མོ་བྱང་མའི་ཆིངས་ཡིག་བཞག་པའི་རྩ་འཛུགས་སོགས་སུ་སྒྱུར་དགོས། དེ་ལྟར་མ་བསྒྱུར་བར་གླིང་ཚོང་རྩ་འཛུགས་དང་། དཔེ་གསར་སྨན་བཅོས། སྤྱི་སྲུང་། བྱང་ཆིངས་རྩ་འཛུགས་སོགས་སུ་བསྒྱུར་ན་ཀློག་པ་པོས་གོ་བ་ལོན་དཀའ་བ་ལྟ་བུར་སྣང་འདུག་མོད་ཀྱང་། གལ་སྲིད་འབོར་གྲངས་ཅུང་ཆེ་བའི་གཞུང་ཡིག་སོགས་སྒྱུར་དགོས་ན་རྒྱ་ཡིག་གི་ཤོག་གྲངས་ལྔ་བཅུ་ཅན་ཞིག་བོད་ཡིག་ཏུ་ཕལ་ཆེར་ཤོག་གྲངས་བརྒྱ་ཙམ་ཡོད་རྒྱུ་རེད། དེ་ལྟར་བྱས་པའི་ཉེས་ཆ་ནི་མི་ཤུགས་དངོས་ཤུགས་གཉིས་ཀ་འབྱུང་སྲིད། ང་ཚོས་རྒྱ་ཡིག་གི་བསྡུས་མིང་གང་མང་ཞིག་ལ་བསམ་བློ་བཏང་ན། དེ་དག་ནི་ཐོག་མར་མིས་ཉན་མ་ཐག་གོ་བ་ལེན་རྒྱུ་ཡོད་པའི་ཐ་སྙད་མང་པོ་ཞིག་གིས་གྲུབ་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་ལ། རྗེས་སུ་མིང་དེའི་ནང་གི་དོན་གཙོ་བོ་མཚོན་བྱེད་ཀྱི་ཡིག་འབྲུ་ཁག་ཅིག་གིས་མིང་དེ་གྲུབ་པར་བྱས་པར་སྣང་། དཔེར་ན། ཆབ་སྲིད་གྲོས་མོལ་ལ་སྲིད་གྲོས་དང་ཆབ་སྲིད་དཔལ་འབྱོར་རིག་གནས་གསུམ་ལ་སྲིད་འབྱོར་རིག་གསུམ། གྲོན་དངུལ་ཐེངས་གཅིག་བསྡུ་བའི་ལམ་ལུགས་ལ་གྲོན་གཅིག་ལམ་ལུགས་སོགས་ཧ་ཅང་མང་། ང་ཚོས་ཀྱང་ལམ་ཁ་དེ་སྙེག་རྒྱུ་ནི་ཧ་ཅང་གལ་ཆེ། རང་རེ་བོད་ལ་མཚོན་ན་སྔ་སོ་ནས་ཐ་སྙད་བསྡུ་རྒྱུའི་སྲོལ་བཟང་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤེར་ཕྱིན་དང་། རྒྱལ་པོའི་ཁྲིམས་ལ་རྒྱལ་ཁྲིམས། ཝ་ཤུལ་བསྟན་འཛིན་རྒྱ་མཚོ་ལ་ཝ་བསྟན། ཤེས་རབ་ལ་ཤེར། རྒྱ་མཚོ་ལ་རྒྱམ་སོགས་འཚོ་བའི་ཁྱབ་ཁོངས་སོ་སོ་ན་ཡོད། སྤྱིར་ཐ་སྙད་བསྡུས་མ་ནི་མི་རྣམས་ཀྱི་རྣ་བར་གོམས་མ་གོམས་ཀྱི་ཁྱད་པར་ཙམ་ལས་བཀོལ་ཐེངས་མང་ན་ངང་ངམ་ཤུགས་ཀྱིས་རྣ་བར་ཞགས་པར་འགྱུར་ངེས་ལ། དེ་ཞགས་ན་ཤེས་བྱ་གསར་པ་དང་ལེན་དང་། ཡིག་སྒྱུར་བྱེད་པ་སོགས་ཁྱབ་ཁོངས་གང་མང་ཞིག་ལ་ཕན་པ་ཆེན་པོ་ཡོད།

གཞན་ཡང་རྒྱ་ཡིག་གི་དགོས་མཁོ་ལྟར་བོད་ཡིག་གི་མིང་མཐའ་སྡུད་དགོས་པ་ཡང་མང་སྟེ། དཔེར་ན། རྐང་རྒྱག་སྤོ་ལོ་ལ་རྐང་སྤོལ་དང་། སྟེགས་འདེད་སྤོ་ལོ་ལ་སྟེགས་སྤོལ། ཧ་ཡང་ཇ་དེམ་ལ་ཧང་དེམ།དྲ་བའི་ཚོང་གཉེར་ལ་དྲ་ཚོང་སོགས་གང་མང་སྒྱུར་རྒྱུ་ཡོད། དེ་མིན་རྒྱ་ཡིག་མ་ཡིག་གི་ཡིག་འབྲུ་ལས་ཀྱང་ཉུང་བར་སྒྱུར་ཐུབ་ན་གལ་སྲིད་བོད་ཡིག་ལས་གོ་བ་ལེན་པ་ལ་གནོད་པ་མེད་ཚེ་དེ་ནི་ལོ་ཙཱའི་རྩལ་མཐོ་ཤོས་སུ་ཐོན་པ་ཡིན་པས་དེ་ལ་དོ་སྣང་དང་དར་སྤེལ་གང་ཐུབ་བྱེད་འོས། དཔེར་ན། 可持续发展ལ་བསྟུད་འཐུས་འཕེལ་རྒྱས། 互联网ལ་སྦྲེལ་དྲ་དང་། 收益人ལ་ཁེ་མཁན། 白色污染ལ་དཀར་བསླད། 黑社会ལ་ནག་ཚོགས། 储备粮ལ་གྲབས་འབྲུ། 处女膜ལ་ནེའུ་སྐྱི། 积极稳妥ལ་ཧུར་བརྟན། 可行性报告ལ་བསྟུན་ཆོག་སྙན་ཞུ། 温棚蔬菜种植ལ་དྲོད་ཁེབས་ཚལ་འདེབས། 可支配收入ལ་བཀོལ་ཆོག་ཡོང་འབབ། 转移支付ལ་སྤོ་སྤྲོད་སོགས་གཞུང་ཡིག་དང་དེང་སྐབས་ཀྱི་སྐབས་བཀོལ་ཡིག་ཆ་རུ་གསལ་ཞིང་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་སྐོར་གྱི་ཐ་སྙད་གང་མང་ཞིག་འདི་ལྟར་སྒྱུར་ཆོག ཡིན་ན་ཡང་མཉམ་འཇོག་དགོས་ས་ཡང་མང་པོ་མཐོང་སྟེ། ཡིག་འབྲུ་བསྡུ་རྒྱུའི་དམིགས་ཡུལ་གཙོ་བོར་བཟུང་ནས女厕所ལྟ་བུ་ལ་མོ་སྤྱོད་ཁང་དུ་བསྒྱུར་ཡོད། དེ་ལྟར་བསྒྱུར་ན་བོད་ཡིག་གི་ཤེས་བྱ་ཅུང་ཟད་ཡོད་པ་ཞིག་གིས་བལྟས་ན་ངོ་མ་དགོད་བྲོ་བ་ཞིག་མ་ཡིན་ནམ།

དུས་རྒྱུན་གྱི་ཡིག་སྒྱུར་ཁྲོད་ང་ཚོས་ད་དུང་རང་མི་རིགས་ཀྱི་སྐད་ཆའི་བབ་དང་མཐུན་པའི་ཐ་སྙད་དམ་སྒྱུར་སྟངས་བཀོལ་ན་ཀློག་པ་པོས་གོ་བ་ལོན་པ་ལ་ཕན་ནུས་ཆེན་པོ་ཡོད། དཔེར་ན།学有所教、劳有所得、病有所医、老有所养、住有所居 ལ་སློབ་ལ་ཁྲིད། ལས་ལ་འབབ། ནད་ལ་བཅོས། རྒས་ལ་སྙོར། སྡོད་ལ་གནས་བཅས་ཡོད་པ་ལྟ་བུར་བསྒྱུར་བ་དང་། 有诉必查、有错必纠、查实必处ལ་གཏུག་པ་ངེས་བཤེར། ནོར་བ་ངེས་སྲོང་། བཤེར་དོན་ངེས་གཅོད། 荣辱观ལ་ཁྲེལ་དྲགས་ལྟ་བ་སོགས་ལྟ་བུར་བསྒྱུར་ན་ཡིག་ཚོགས་ཉུང་ཞིང་གོ་བདེ་ཁར་བོད་རང་གི་སྐད་ཆའི་འགྲོས་དང་ཡང་ཤིན་ཏུ་མཐུན་པར་སྣང་། ཡིན་ན་ཡང་ཚིག་རིང་བོ་ཞིག་ཡིན་བྱིན་སྡུད་ཆོག་པའི་ངེས་མེད་དེ་དཔེར་ན保护价、远程教育、三江源、土种选育སོགས་ལ་ངེས་པར་དུ་སྲུང་སྐྱོབ་རིན་གོང་དང་། རྒྱང་བསྟེན་སློབ་གསོ། ཆུ་གསུམ་མགོ་ཁུངས། རང་སའི་ཕྱུགས་རྒྱུད་འདེམས་སྙོར་སོགས་སུ་སྒྱུར་དགོས་པ་ལས་བསྡུས་ཆེ་ན་གོ་བ་ལོན་དཀའ། དེ་མིན་ང་ཚོའི་དེང་རབས་ཡིག་སྒྱུར་གྱི་ཁྲོད་དུ་ཐད་སྒྱུར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བའི་དོན་གནད་ཅིག་ཡིན། རྒྱུ་མཚན་གང་ལགས་ཤེ་ན། གཅིག་ནས་དེང་རབས་ཐ་སྙད་དང་སྔོན་བྱུང་ཐ་སྙད་གཉིས་མ་འདྲེས་པར་དབྱེ་བ་འབྱེད་པ་ལ་ཐད་སྒྱུར་གྱི་བྱེད་ཐབས་དེ་ཧ་ཅང་གལ་ཆེ། གཉིས་ནས་གསར་བྱུང་ཐ་སྙད་དབྱར་མཚོ་ལྟར་རྒྱས་བཞིན་པའི་དེ་རིང་གི་དུས་འདིར། མི་རིགས་ཤིག་སྔོན་ཐོན་མི་རིགས་ཀྱི་གྲས་སུ་ཐོན་མིན་གྱི་ཚད་གཞི་གཙོ་བོ་ཞིག་ནི་དེང་རབས་ཐ་སྙད་ཀྱི་མ་ལག་ཆགས་ཡོད་མེད་དེ་ཡིན།

གཉིས། དེང་གི་ལོ་ཙཱའི་སྐོར།

དེང་སྐབས་ཀྱི་ལོ་ཙཱའི་ཁྲོད་དུ་སྒྱུར་རྒྱུ་ཅུང་མང་བ་ནི་རྩོམ་རིག་ལོ་ཙཱ་དང་། གཞུང་ཡིག་ལོ་ཙཱ། སྨན་སོགས་ཅ་ལག་གི་གསལ་བཤད་ཀྱི་ལོ་ཙཱ་སོགས་ཡིན། རྩོམ་རིག་ཡིག་སྒྱུར་ནི་མི་རིགས་གཞན་པའི་རྩོམ་རིག་བརྩམས་ཆོས་བོད་ཡིག་ཏུ་སྒྱུར་བ་ཡིན་པས་རྩོམ་རིག་གི་གཞུང་རྐང་དང་བྲོ་བ་མ་འགྱུར་བ་གཞི་རྩར་བཟུང་ནས་བོད་རང་གི་ཁྱད་ཆོས་དང་སྐད་ཆ་ལ་བབ་བསྟུན་སོགས་བྱས་ན་བཟང་བར་སྙམ། དེའི་ཐད་ཀྱི་དཔེ་མཚོན་ནི་བོད་སྔོན་བྱོན་གྱི་ལོ་ཙཱ་བ་དག་གིས་ང་ཚོར་དཔེ་གང་མང་བཞག་ཡོད་ལ་དེང་རབས་ལོ་ཙཱ་བའི་ཁྲོད་དུ་ཡང་ཆེས་ཕུལ་དུ་བྱུང་བའི་ལོ་ཙཱ་བ་གང་མང་ཡོད་པས་ང་ཚོས་དཔེ་གང་མང་འཚོལ་རྒྱུ་རྙེད་སྲིད།གཞུང་ཡིག་གི་ལོ་ཙཱ་ནི་ཧ་ཅང་གཟབ་ནན་དགོས་པའི་ཁྱབ་ཁོངས་ཤིག་ཡིན། དེ་ཉིད་ལ་གོ་བ་ལེན་པའི་ཐད་ཧ་ཅང་ནན་ཏན་བྱེད་དགོས། གཞུང་ཡིག་ལོ་ཙཱའི་ཁྲོད་ཀྱི་གནད་འགག་དག་ལ་གོ་བ་མ་ལོན་ན་ལོ་ཙཱ་བ་རང་ཉིད་ཁྲིམས་དང་འགལ་བའམ་ཡང་ན་མ་ཡིག་གོ་ལོག་ཏུ་འགྲོ་བའང་ཡོད། དཔེར་ན། གཞུང་ཡིག་གལ་ཆེན་ཞིག་ཏུ“དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློའི་དགོངས་པ་མཛུབ་ཁྲིད་རྒྱུན་འཁྱོངས་བྱས་ནས།”ཞེས་བསྒྱུར་འདུག ཚིག་འདི་ལྟ་བུ་ལ་དབྱེ་ཞིབ་བྱེད་མི་དགོས་པར་གནད་དོན་ཡོད་པ་ཤེས་གསལ་ལྟར་རེད། དེའི་ཕྱིར་ང་ཚོས་གཞུང་ཡིག་ལོ་ཙཱ་བྱེད་སྐབས་ངེས་པར་དུ་སྐད་ཆའི་བབ་དང་བརྡ་སྤྲོད་སྟངས། ཚིག་གི་སྦྱོར་བ་སོགས་ལ་མཉམ་ལེགས་པོར་འཇོག་དགོས་པར་མ་ཟད། ཁྱད་པར་དུ་མ་ཡིག་ལ་གོ་བ་ལེགས་པོ་ལོན་དགོས་པ་དང་། གཞུང་ཡིག་ལས་ཀྱང་བཅའ་ཁྲིམས་དང་སྲོལ་ཡིག སྲིད་ཇུས་སོགས་སྐོར་གྱི་ཡིག་ཆ་སྒྱུར་ཚེ་ཡིག་འབྲུ་གཅིག་གཅིག་བྱས་ནས་སྒྱུར་དགོས། ཁྱད་པར་དུ་མ་ཡིག་ལས་གནད་འགག་གི་ཡིག་འབྲུ་རྣམས་བསྒྱུར་ཡིག་ཏུ་ཡང་ཇི་བཞིན་དུ་ཐོན་པར་བྱེད་དགོས། གལ་ཆེ་བའི་ཐ་སྙད་དག་ངེས་པར་དུ་ཚིག་མཛོད་དང་བསྟུན་པར་སྒྱུར་བ་ལས་རང་བཟོ་གཏན་ནས་བྱེད་མི་རུང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་སོགས་སྒྱུར་ན་སྐད་ཆའི་སྤྱི་བབ་དེ་ཅུང་ཟབ་བརླིང་ཅན་དང་ནན་ཏན་ཅན། ཚགས་དམ་པོ་ཅན་བཅས་ཀྱི་ཁྱད་ཆོས་ཐོན་རྒྱུ་གལ་ཆེ་བར་སྙམ། སྨན་སོགས་ཅ་ལག་གི་གསལ་བཤད་དང་། གནམ་གཤིས། ཞིང་ཕྱུགས་ལས་ཚན་རྩལ་སོགས་དྲིལ་སྒྲོག་ཡིག་ཆ་ཡིག་སྒྱུར་བྱེད་པའི་ཚེ། ཀློག་མཁན་གྱིས་གོ་སླ་བ་གཞི་རུ་འཛིན་དགོས་པ་ལས་ཡིག་འབྲི་རེ་རེ་བཞིན་སྒྱུར་དགོས་པའི་ངེས་པ་མེད། གནམ་གཤིས་ཀྱི་སྐོར་སྒྱུར་ཚེ། དཔེར་ན།暴雨ལ་ཅིས་ཞོད་དང་། 大雨ལ་ཆར་ཞོད། 暴雪ལ་ཁངས་ཆགས། 零雨ལ་ཆར་ཐུལ། 阵雪ལ་ཁངས་ཤལ་སོགས་སུ་སྒྱུར་ཆོག

མདོར་ན། བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་ཡིག་རིགས་གཉིས་ལ་བྱང་ཆ་ཅུང་དོད་པོ་ཡོད་པ་དང་།ངལ་མེད་དུ་ཚིག་མཛོད་དང་རྒྱུ་ཆ་སྣ་ཚོགས་ལྟ་ཀློག་བྱེད་པ། དུས་རྒྱུན་གྱི་བྱ་བའི་ཁྲོད་རང་གི་ཉམས་མྱོང་གསོག་ཉར་བྱེད་པ། གཞན་གྱི་འགྱུར་དེབ་དང་ཚགས་པར་སོགས་ལ་རྒྱུན་དུ་བལྟ་བ། སུམ་རྟགས་དག་གསུམ་སོགས་བོད་ཀྱི་བརྡ་སྤྲོད་རིག་པ་ལ་གོམས་འདྲིས་བྱེད་པ། དམངས་ཁྲོད་ན་དར་ཁྱབ་ཆེ་ཞིང་ཚིག་མཛོད་དུ་འགོད་ཐུབ་མེད་པའི་ཐ་སྙད་ལ་ཞིབ་འཇུག་བྱེད་པ་སོགས་ཀྱང་ཡིག་སྒྱུར་ལེགས་པོར་ཡོང་བའི་ཆ་རྐྱེན་གཙོ་བོར་གྱུར་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།