སྒྲུང་རིང《བོད་ཀྱི་གཅེས་ཕྲུག》གི་རྩོམ་ཆོས་དབྱེ་ཞིབ།

གཅིག དུས་ཚོད་ཀྱི་གདངས་མཚམས་དང་དོན་སྙིང་།

སྤྱིར་སྒྲུང་རིང་འདི་ཉིད་སྟོད་ཆ་དང་སྨད་ཆའི་ཟླས་དངོས་སུ་ཕྱེས་མེད་ཀྱང་། སྒྲུང་གཏམ་སྤྱིའི་དུས་ཚོད་ཀྱི་ངོས་ནས་བལྟས་ཚེ། དེ་ནི་བྱིས་པའི་དུས་སྐབས་དང་དར་མའི་དུས་སྐབས་གཉིས་སུ་གནས་ཤིང་། དུས་སྐབས་ཆེན་པོ་འདི་གཉིས་ཀྱིས་རྩོམ་ཧྲིལ་པོ་རང་བཞིན་གྱིས་སྔ་དུམ་དང་ཕྱི་དུམ་གྱི་རྣམ་པར་གནས་སུ་བཅུག་ཡོད། དེ་ལས་སྟོད་ཆ་ལེའུ་ཞེ་གཅིག་གིས་གྲུབ་ཅིང་། སྨད་ཆ་ལེའུ་ཉེར་དྲུག་གིས་གྲུབ་པར་བྱས་ཡོད་ལ། རྩོམ་སྤྱིའི་ནང་དོན་གྱི་ཟིན་ཚད་ཐད། སྟོད་ཆས་ཧ་ལམ་སུམ་ཆའི་གཉིས་ཙམ་དང་སྨད་ཆས་སུམ་ཆའི་གཅིག་ཙམ་ལས་ཟིན་གྱིན་མེད་པ་མ་ཟད། སྤྲོས་བརྗོད་ཀྱི་དུས་ཚོད་ཀྱང་སྔ་མ་དལ་འགྲོས་ཅན་དང་ཕྱི་མ་མྱུར་འགྲོས་ཅན་དུ་ཡོད་པ་ཞིག་རེད།ཡིན་ནའང་།རྩོམ་གྱི་སྔ་ཕྱི་ཐ་དད་པའི་གནས་སྟངས་འདིས་རྩོམ་ཧྲིལ་པོར་སྒྱུ་རྩལ་གྱི་དོན་སྙིང་མ་འདྲ་བ་ཞིག་བསྐྲུན་ཡོད་དེ། དེ་ལྟ་བུའི་དོན་སྙིང་གང་ཞིག་ལ་ང་ཚོས་སྒྲུང་གཏམ་སྤྱིའི་དུས་ཚོད་སྒྲིག་གཞིའི་ཐད་ནས་གསེད་བཀྲོལ་བགྱིས་ཚེ་ད་གཟོད་ངོས་ཟིན་འཐོབ་ཐུབ་པར་འདོད་པ་ཡིན།

དེ་ཡང་སྒྲུང་གཏམ་ཁྲོད་ཀྱི་སྟོད་ཆའི་ནང་དོན་དག་ནི་སྨད་ཆའི་ཁག་གི་དར་མའི་དུས་སྐབས་ན་འཚོ་བའི་སྤྲོས་བརྗོད་མཁན་གཙོ་བོ “ང” ཡི་ཕྱིར་དྲན་འབའ་ཞིག་ཡིན་པ་སྟེ།རྩོམ་པ་པོས་འདི་ཉིད་ལྡོག་བརྗོད་ཆེན་པོའི་ཐབས་རྩལ་ལ་བརྟེན་ནས་བྲིས་ཡོད་ཅིང་།ང་ཚོས་ལྡོག་བརྗོད་ལ་བརྟེན་པའི་རྩོམ་གྱི་སྟོད་ཆའི་ཁག་ལ་ལྟ་ཀློག་བྱེད་དུས། སྤྲོས་བརྗོད་ཀྱི་སྟེང་ནས་དལ་བྲེལ་མེད་པའི་ལྷོད་ཉམས་ཤིག་ཏན་ཏན་མཐོང་ཐུབ་པ་ཡིན། དེ་ནི་དུས་ཚོད་ཀྱི་བར་གསེང་ན་འབྱུང་བཞིན་པའི་འགྱུར་བ་ཕྲ་མོ་དག་གིས་བསྐྱེད་པ་ཡིན་ཏེ། འགྱུར་བ་ཕྲ་མོ་དེ་དག་ནི་ངོས་གཉིས་ན་འབྱུང་བཞིན་ཡོད་ཅིང་། གཅིག་ནི། སྤྲོས་བརྗོད་མཁན་དང་པོ “ང” ཡིས་གཙོས་པའི་གསལ་སྒྲོན་དང་། ཐར་འཕེལ། ཉི་མ་དོན་གྲུབ་བཅས་མི་སྣ་བཞི་བོའི་ལུས་སེམས་འཚར་ལོངས་ཀྱི་སྟེང་ནས་མངོན་ཡོད་ལ། ཅིག་ཤོས་ནི་ཁོ་ཚོ་གནས་སའི་ཕ་ཡུལ་མར་ནང་གྲོང་ཚོའི་འཕོ་འགྱུར་ལས་མངོན་པ་ཡིན། རྩོམ་ཆོས་ཀྱི་ཁྲོད་དུ་འགྱུར་བ་ཕྲ་མོ་དེ་དག་འགྲོས་ཧ་ཅང་དལ་བའི་མྱུར་ཚད་ཅིག་གི་སྒོ་ནས་བགས་ཀྱིས་མངོན་ཡོད་དེ། དཔེར་ན། དང་པོ “ང” ཡིས་ཡི་གེ་ཞེས་པ་ནི་ཅི་ཞིག་ཡིན་ནམ་སྙམ་པ་དང་། ཐོག་མར་ཡི་གེ་རྐང་པས་བྲིས་པ་ནས་རིམ་གྱིས་དེ་ནི་ལག་པས་འབྲི་རྒྱུ་ཞིག་ཡིན་པའི་ངོས་ཟིན་ཐོབ་པ། ཐོག་མར་ནེ་ནེས་ཡི་གེ་འབྲི་འདོད་པ་དང་། ཕྱིས་ནེ་ནེས་ཆུང་མ་ལེན་འདོད་པ། དེ་བཞིན་ནེ་ནེ་སྲ་མོར་ཆགས་པར་ཞེད་པ་ནས་ཕྱིས་ནེ་ནེ་སྲ་མོར་ཆགས་པར་ཅི་མི་སྙམ་པ། དོར་མ་མདོམས་མེད་གོན་པ་ནས་མདོམས་ཅན་གོན་པ་དང་། ལོ་སྔོན་མར་གོན་པའི་དོར་མ་དག་ཐུང་དྲགས་པའི་ཚད་དུ་གྱུར་པ། གཞན་ཡང་། མེ་ལོང་ནང་གི་སྔ་ཕྱིའི་ངོ་གདོང་གི་ཁྱད་པར་དང་སྐབས་དེའི་འདུ་ཤེས་སྔ་ཕྱིའི་འཕོ་འགྱུར།དེ་མིན “ང”དང་གསལ་སྒྲོན་གྱིས་ཐུན་མིན་འབྲེལ་བའི་ཐད་བཟུང་བའི་སྔ་ཕྱིའི་རྣམ་འགྱུར་འཛིན་སྟངས་ཐ་དད་དུ་གྱུར་པ་བཅས་ཀྱི་འགྱུར་ལྡོག་འདི་དག་ནི། བྱིས་པའི་དུས་སུ་ང་ཚོ་སུ་ལའང་ཡོད་མྱོང་བའི་སེམས་ཁམས་ཤིག་སྟེ། ལོ་ཟླའི་འཕོ་འགྱུར་གྱི་འགྲོས་ཤིན་ཏུ་དལ་དྲགས་པའི་སྣང་བ་ཞིག་ལས། “ད་ནི་མྱུར་དུ་ནར་སོན་ན་ཅི་མ་རུང་ཨང”སྙམ་པའི་སེམས་ཁམས་དེ་དང་ཆ་འགྲིག་པོའི་སྒོ་ནས་སྤྲོས་བརྗོད་དུས་ཚོད་ཀྱི་མྱུར་ཚད་ཀྱང་ལྷོད་ཤ་ལྡན་ཞིང་ཧ་ཅང་དལ་ལ་རིང་བའི་ངོ་བོར་གྲུབ་པར་བྱས་ཡོད་ཅིང་། གཏམ་རྒྱུད་ཀྱི་དུས་ཚོད་ཀྱང་ལུགས་འབྱུང་ཅན་ལ་གཞོལ་ཆེ་བའི་སྒོ་ནས་རྩོམ་གྱི་སྟོད་ཆའི་སྤྱི་ཁོག་གྲུབ་པར་བྱས་ཡོད། དེ་དང་བསྡོངས་ནས་དུས་ཚོད་ཀྱི་འགྱུར་བ་ཕྲ་མོའི་ངོས་གཞན་ཞིག་ནི་ཕ་ཡུལ་མར་ནང་གྲོང་གི་འཕོ་འགྱུར་ལས་མངོན་གྱིན་ཡོད་དེ། གལ་སྲིད་སློབ་གྲྭ་བཙུགས་པ་དང་གློག་འཐེན་པ་ནི་ཕ་ཡུལ་མར་ནང་གྲོང་གི་འགྱུར་ལྡོག་མངོན་པར་གསལ་བ་གཉིས་ཡིན་པའི་དབང་དུ་བཏང་ན། དེ་ལས་གཞན་པའི་གསར་བྱུང་བྱ་དངོས་རྐང་འཁོར་དང་སྒྲ་སྡུད་འཕྲུལ་ཆས། བརྙན་འཕྲིན་འཕྲུལ་ཆས་སོགས་ནི་དུས་ཚོད་ཀྱི་བར་གསེང་ན་འབྱུང་བཞིན་པའི་མར་ནང་གྲོང་གི་འགྱུར་བ་ཕྲ་མོ་དག་ཡིན་དགོས་ཏེ། འདི་དག་གི་བྱུང་བར་བརྟེན་ནས་མར་ནང་གྲོང་གི་འཕོ་འགྱུར་ཡང་དལ་མེད་བྲེལ་མེད་ངང་ག་ལེར་འབྱུང་བཞིན་ཡོད་པའི་དུས་ཚོད་ཀྱི་མྱུར་ཚད་ཅིག་གྲུབ་ཡོད་ཅིང་།དེ་ལྟ་བུའི་མྱུར་ཚད་གང་སྤྲོས་བརྗོད་ཀྱི་སྟེང་དུའང་ངང་གིས་མངོན་ཡོད། དལ་འགྲོས་ཅན་གྱི་དུས་ཚོད་ཀྱི་རྒྱུན་འདིར་བརྒྱུས་ནས་ཡོད་པ་གཞན་ཞིག་ནི་བྱིས་དུས་ཀྱི་ཡལ་བ་མེད་པའི་དྲན་པ་དེ་དག་ཡིན་ལ། ཕ་ཡུལ་མར་ནང་གྲོང་དང་ཞོགས་པའི་ཁ་བ། མར་ནང་དགོན་པ་སོགས་དང་། དེ་མིན་བློ་རིག་ལྡན་ལ་རྫ་རི་སྨུག་པོ་ལྟ་བུའི་ཕ་རྒན། སྒྲུང་ལ་མཁས་པའི་སྤོ་བོ་རལ་བ་ཅན། ཕོ་ཉམས་ཀྱིས་ཕྱུག་པའི་དགེ་རྒན་མི་འགྱུར་སོགས་ནི་འདུ་ཤེས་ཁྲོད་ཀྱི་སྣང་བརྙན་གཙོ་བོ་དག་ཡིན་ལ། དེ་རྣམས་དང་ང་ཚོའི་དབར་དུ་བྱུང་མྱོང་བའི་ཆུང་དུས་ཀྱི་གཏམ་རྒྱུད་དེ་དག་ནི་གླེང་མི་ཚར་བའི་བརྗོད་གཞི་རིང་མོ་ཞིག་ཡིན་ཞིང་། ནམ་ཡང་བློ་བདེ་བག་ཕེབས་དང་། སོས་དལ་གྱི་ངོས་ན་འཚོ་བའི“ང”ཚོའི་བྱིས་དུས་དང་ཕ་ཡུལ་མར་ནང་གྲོང་ནི། རྩོམ་ཆོས་ཀྱི་སྨད་ཆའི་ཁག་ན་ཅི་ཞིག་ཟད་ཀྱིན་པ་དང་འཛད་ཀྱིན་པའི་གནས་སྟངས་ཁྲོད་ཧ་ཅང་ཉོབ་མདངས་ཀྱིས་འཚོ་བའི་སྤྲོས་བརྗོད་མཁན “ང” ཡི་དྲན་བྱ་ཉག་ཅིག་ཏུ་གྱུར་ཡོད། དྲན་དང་དྲན་པའི་འདས་སོང་གི་འཚོ་བ་དེ་དག་རྩོམ་པ་པོས་བསམ་བཞིན་དུས་ཚོད་ཀྱི་མྱུར་ཚད་དལ་འགྲོས་ཅན་ལ་བརྟེན་ནས་ཅུང་ཞིབ་རྒྱས་ཀྱི་རྣམ་པས་སྤྲོས་བརྗོད་བྱས་ཤིང་། དེ་ལ་བརྟེན་ནས་རྩོམ་ཆོས་ཀྱི་ནང་གི་ལྷོད་ཉམས་དང་ཕྱིའི་ལྷོད་ཉམས་གཉིས་རང་བཞིན་གྱིས་གཞི་གཅིག་གི་བདག་ཉིད་དུ་གྲུབ་པར་བྱས་ཏེ། ཀློག་མཁན་གྱི་སྣང་ངོར་མཛེས་སྣང་ཁྱད་པར་ཅན་ཞིག་ལྡན་དུ་བཅུག་ཡོད།

དེ་ནས་རྩོམ་ཆོས་ཀྱི་སྨད་ཆའི་ཁག་ཏུ་སླེབས་པ་ན་སྔ་མའི་སྐབས་དང་ཐ་དད་པའི་སྣང་ཚུལ་ཞིག་མཐོང་ཐུབ་པ་ནི། སྤྲོས་བརྗོད་ཀྱི་སྟེང་ན་མངོན་པའི་འགྱུར་བ་གཞན་ཞིག་སྟེ། ཏག་ཏག་སྐབས་འདི་ནས་བཟུང་ང་ཚོས་ཧ་ཅང་བྲེལ་འཚུབ་ཀྱི་རྣམ་པར་གནས་པའི་དུས་ཚོད་ཀྱི་མྱུར་ཚད་ཅིག་ཚོར་ཐུབ། དེ་ནི་གློ་བུར་བའི་དུས་ཚོད་ཀྱི་མཆོང་སྐྱོད་ཆེན་པོ་ཞིག་གིས་མགོ་དྲངས་ཏེ་དར་མའི་དུས་སྐབས་ཀྱི་གནས་སྟངས་དག་སྤྲོས་བརྗོད་བྱེད་པར་བརྩམས་ཤིང་། མི་སྣ་གཙོ་བོ “ང” ཡི་སྤྲོས་བརྗོད་ཀྱི་མཐོང་སྣེ “ང་ཚོའི”སྟེང་ནས་རིམ་གྱིས་མི་སྣ་བྱེ་བྲག་པ་རེ་རེའི་སྟེང་ལ་ངེས་མེད་དུ་བརྗེ་སྤོར་བྱས་པར་མ་ཟད། སྐབས་དང་སྐབས་སུ་དུས་ཚོད་ཡང་ཡང་ཕྱིར་ལྡོག་བྱས་པ་དང་། སྐབས་སྐབས་སུ་སྟོང་ཆ་ཅན་གྱི་རྣམ་པས་མྱུར་ཚད་ཇེ་དྲག་ཏུ་བཏང་སྟེ་དུས་ཚོད་མདུན་ལ་ཕྱོགས་པ། ཡང་ལན་རེར་རང་འཇགས་སུ་གནས་པ་སོགས་འགྱུར་བག་རབ་ཏུ་རྒོད་པའི་དུས་ཚོད་ཀྱི་རོལ་རྩེད་ཅིག་གྲུབ་པར་བྱས་ཡོད། དེར་བརྟེན། ང་ཚོས་རྩོམ་ཆོས་ཧྲིལ་པོའི་དུས་ཚོད་ཀྱི་སྔ་ཕྱིའི་སྟེང་ནས་མྱུར་ཚད་དལ་འགྲོས་ཅན་ནས་གློ་བུར་དུ་མྱུར་འགྲོས་ཅན་ལ་མཆོང་སྐྱོད་བྱས་པའི་འཕེལ་ཕྱོགས་ཤིག་དང་། སྤྲོས་བརྗོད་ཀྱི་རྣམ་པ་ལྷོད་ཉམས་ཅན་ནས་གློ་བུར་དུ་ཚ་ཚ་འུར་འུར་ཅན་དུ་གྱུར་པའི་སྣང་ཚུལ་ཞིག་མཐོང་གིན་ཡོད་པ་རེད། ཀློག་མཁན་ཐ་མལ་བ་ཞིག་གིས་བལྟས་ན་འདི་ནི་ཧ་ཅང་དོ་མི་སྙོམས་པ་ཞིག་དང་སྔ་ཕྱི་ཐ་དད་དུ་གྱུར་པའི་ངང་ཚུལ་ཞིག་ཡིན་ཡང་སྲིད་དེ། ཐ་ན་ཁ་ཅིག་གིས་འདི་ལ་བརྟེན་ནས་རྩོམ་ཆོས་ཧྲིལ་པོའི་མཛེས་པ་གང་ཞིག་ལ་གནོད་བྱེད་ཀྱང་གཏོང་སྲིད་མོད། དོན་ལ་འདི་ནི་སྒྲུང་གཏམ་གྱི་དུས་ཚོད་ཀྱི་ངོས་ན་མངོན་པའི་གདངས་མཚམས་རིགས་ཤིག་ཡིན་པ་རེད། གདངས་མཚམས་ནི་མྱུར་ཚད་ལ་བརྟེན་ཅིང་། མྱུར་ཚད་རང་ནི་མྱུར་བུལ་ངོས་གཉིས་ཀྱི་བདག་ཉིད་དུ་གྲུབ་པ་ཞིག་རེད། འོ་ན། སྐབས་འདིར་ཏག་ཏག་འབྱུང་བཞིན་པ་ནི་དུས་ཚོད་ཀྱི་ངོས་ན་མངོན་པའི་འགྱུར་བ་སྟེ། མྱུར་བུལ་དང་ལྡན་པའི་གདངས་མཚམས་དེ་རེད། གདངས་མཚམས་ནི་མཛེས་སྣང་བསྐྲུན་པ་ལ་མེད་དུ་མི་རུང་བའི་ཐབས་རྩལ་རིགས་ཤིག་ཡིན་ཚུལ་གོང་དུ་བརྗོད་ཟིན་པ་བཞིན། རྩོམ་འདིར་མཚོན་ནའང་སྤྱིའི་ཆ་ནས་གདངས་མཚམས་ཀྱི་ཁྱད་ཆོས་མངོན་པར་གསལ་བར་མ་ཟད། དེ་ལ་བརྟེན་ནས་དེང་རབས་སྤྱི་ཚོགས་ཀྱི་འཚོ་བའི་ཆ་ཞིག་ཀྱང་ཟ་དང་ཟུར་ན་མངོན་བཞིན་འདུག་པར་སྙམ།

འཚོ་བ་ནི་མ་གཞི་ནས་བསླུ་བྲིད་དང་གཡོ་ཇུས་ཀྱི་རྙི་རྒྱས་ཁེངས་པའི་དོ་ར་ཆེན་པོ་ཞིག་ཡིན་ཏེ། གལ་སྲིད་གསལ་སྒྲོན་བྲོས་བྱོལ་དུ་སོང་བ་དང་། མར་ནང་སྐུ་ལོ་བྲོས་བྱོལ་དུ་སོང་བ། “ང”གྲོང་ཁྱེར་ལ་སྙེགས་པ། ཐར་འཕེལ་སྡེ་དཔོན་དུ་གྱུར་པ་སོགས་ནི་འཚོ་གནས་རིན་ཐང་བཙལ་འཚོལ་གྱི་བརྒྱུད་རིམ་ཞིག་ལ་བསམ་ཆོག་ན། འཚོ་བའི་བསླུ་བྲིད་དེའི་ཕ་རོལ་ན་གཡོ་ཇུས་ཀྱི་རྙི་རྒྱས་བཏབ་ཡོད་པ་ནི། གསལ་སྒྲོན་སྨད་འཚོང་མར་གྱུར་པ་དང་། མར་ནང་སྐུ་ལོ་སྐྱ་སར་བབས་པ། “ང”གཞན་དབང་དུ་གྱུར་པ། ཐར་འཕེལ་གྱིས་ཡར་ནང་གྲོང་ལ་འཁྲུག་པ་བརྒྱབ་པ་སོགས་ཀྱི་མཇུག་འབྲས་དེ་དག་ཡིན་དགོས་ལ། བྲོས་བྱོལ་དང་རྨོངས་འཐོམ། གཏོལ་མེད་རྣམས་ནི་དུས་ཚོད་ཀྱི་མྱུར་ཚད་དེའི་ཁྲོད་དུ་འབྱུང་བཞིན་པའི་གནས་ཚུལ་དག་ཡིན་ཏེ། འཚོ་བའི་བརྡབ་གསིག་དེ་དག་གིས་དར་མའི་དུས་སྐབས་ཀྱི་བྱུང་སྣེ་འཕེལ་གསུམ་དག་ཛ་དྲག་ཆེ་བའི་གནས་སྟངས་ཤིག་ལ་བསྐྱལ་ཡོད། འདི་དག་ཡོད་ཚད་ནི་སྒྲུང་རིང་འདིའི་གཏམ་རྒྱུད་བྱུང་ཡུལ་གྱི་རྒྱབ་ལྗོངས་ཏེ། དུས་རབས་ཀྱིས་བསྐྱེད་པ་ཡིན་ཞིང་། དེ་ནི1980ལོའི་དགུན་ཁ་ནས་དུས་རབས་ཉི་ཤུའི་དུས་མཇུག་གི་སྤྱི་ཚོགས་འཕེལ་རྒྱས་དང་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ལས། མིའི་རིགས་ཀྱི་དུས་རབས་གསར་པ་ཞིག་རིང་མིན་དུ“ང” ཚོར་ཕྱོགས་ཏེ་ཚུར་སླེབ་བཞིན་ཡོད་པ་མངོན་ཡོད་ལ། ཟང་ཟིང་དང་འགྲན་རྩོད་ཀྱིས་ཁེངས་པའི་ལོ་ཟླ་དེ་དག་གི་ནང་དུ་མི་ཚེའི་ཁྲོད་ཀྱི་དུས་ཚོད་མང་པོ་ཞིག་ཀྱང་ཤེས་མེད་ཚོར་མེད་དུ་ཟད་ནས་འགྲོ་བཞིན་ཡོད་ཅིང་། “ང”དང་ཐར་འཕེལ། གསལ་སྒྲོན། ཉི་མ་དོན་གྲུབ་མི་སྣ་བཞི་པོའི་སྟེང་ནས་ཀྱང་ཅི་ཞིག་ཟད་ནས་འགྲོ་བཞིན་ཡོད་དེ། ཕ་ཡུལ་མར་ནང་གྲོང་ཚོའི་སྟེང་ནས་ཀྱང་ལོ་ཟླའི་རླུང་གིས་ཅི་ཞིག་ཁུར་ནས་སོང་ཟིན་པས། “ག་ལེར་གྱིས་ག་ལེར་གྱིས་ཞེས་དང་། དུས་ཚོད་ནི་ཅི་འདྲའི་འགྲོས་མགྱོགས་པ་ལ་ཨང་། ང་ཚོ་ནར་སོན་མེད་ན་ཅི་འདྲའི་སྐྱིད་ཨང”ཞེས་པའི་མི་སྣའི་གླེང་མོལ་ཁྲོད་ཀྱི་བརྡ་རྟགས་ལྟ་བུའི་སྐད་ཆ་དེ་དག་ལ་བརྟེན་ནས་དུས་ཚོད་ཀྱིས་ཡོད་ཚད་སྒྱུར་བཞིན་པའི་སྣང་ཚུལ་ལ་གཏོལ་མེད་ཀྱི་རྣམ་འགྱུར་ཞིག་བཟུང་ཡོད། དུས་ཚོད་ཀྱི་མྱོང་བ (时间体验)འདི་དང་ཆབས་ཅིག་ཏུ་དེང་རབས་རང་བཞིན་གྱི་བརྡབ་གསིག་གིས་བསྐྱེད་པའི་སྐྱོ་གར་རབ་དང་རིམ་པ་དག་ཀྱང་རྩོམ་ཆོས་ཀྱི་མི་སྣ་བཞི་པོའི་སྟེང་ན་མངོན་གྱིན་ཡོད་དེ། འདི་ནི་རྩོམ་པ་པོས་མཇུག་གི་གཏམ་དུ་གླེང་བའི “ང་ཚོའི་ཁ་གཏད་ན་ཚུར་ཡོང་བཞིན་པའི་དུས་རབས་ཀྱི་ནད་ཡམས”ཞེས་པ་དེ་ཡིན་ལ། འདི་དག་ལ་བརྟེན་ནས་རྩོམ་ཆོས་སྨད་ཁག་གི་སྤྱི་ཁོག་གྲུབ་པར་མ་ཟད་ནང་གི་བྲེལ་ཉམས(ནང་དོན) ཤིག་དང་ཕྱི་ཡི་བྲེལ་ཉམས (རྣམ་པ)གཉིས་གཞི་གཅིག་གི་ངོ་བོར་ཆགས་པར་བྱས་འདུག

མདོར་ན། རྩོམ་ཆོས་ཀྱི་སྔ་དུམ་ནི་ནམ་ཡང་གླེང་མི་ཚར་བའི་གཏམ་རྒྱུད་རིང་མོ་ཞིག་གི་ཚུལ་དུ་གནས་ཤིང་། དེ་ཡི་སྤྲོས་བརྗོད་ཀྱི་དུས་ཚོད་ཀྱང་དལ་འགྲོས་ཅན་གྱི་རྣམ་པར་ཡོད་པ་ཞིག་ཡིན་ལ། ཕྱི་དུམ་ནི་ཟང་ཟིང་གི་ལོ་ཟླའི་ཁྲོད་ཅི་ཞིག་ཤེས་མེད་ཚོར་མེད་ཀྱི་ཚུལ་དུ་ཟད་ནས་འགྲོ་བཞིན་པའི་ངང་ཚུལ་དུ་གནས་ཤིང་། དེར་བརྟེན་ནས་སྤྲོས་བརྗོད་དུས་ཚོད་ཀྱང་མྱུར་འགྲོས་ཅན་གྱི་རྣམ་པར་ཡོད་པ་ཞིག་རེད། དེ་བས། འདིར་རྩོམ་ཆོས་སྔ་ཕྱིའི་དུས་ཚོད་ནི་རྣམ་པ་ཅན་དུ་བྱས་པའི་དུས་ཚོད (被形式化了的时间) ཅིག་ཏུ་གྲུབ་ཡོད་ལ། ཚུལ་དེ་ནི་དོན་སྙིང་མཚོན་ཐུབ་པའི་རྣམ་པ་ཞིག་གམ་ཡང་ན་མྱོང་རྟོགས་བྱ་རུང་བའི་ནང་དོན་གྱི་ངོ་བོར་གནས་པ་ཞིག་ཀྱང་ཡིན་ནོ། །

གཉིས། དུས་ཚོད་ཀྱི་མྱུར་ཚད་བཀོད་སྒྲིག་དང་དེའི་དོན་སྙིང་།

“ལོ་གང་མང་གི་རྗེས་སུ”ཞེས་པ་འདི་ནི་དེང་རབས་སྒྲུང་གཏམ་གྱི་ཁྲོད་དུ་ཧ་ལམ་རྒྱུན་མཐོང་དུ་གྱུར་པའི་སྤྲོས་བརྗོད་ཀྱི་སྐད་ཆ་ཞིག་ཏུ་གྱུར་ཡོད་དེ། ང་ཚོས་ལྷ་བྱམས་རྒྱལ་ལགས་ཀྱི་བརྩམས་ཆོས་ཀྱི་མགོའི་ཤོག་ལྡེབས་གཅིག་ཙམ་བཀླགས་རྗེས་ཀྱང“ལོ་གང་མང་གི་རྗེས་ནས། མར་ནང་གྲོང་གི་ཞོགས་པ་དེའི་རྣམ་པ་ངའི་འཆར་སྣང་དུ་ཡང་ཡང་འཁོར་ཡོང་། ང་ནི་ཞོགས་པ་དེར་མར་ནང་གྲོང་གི་དུད་ཁྱིམ་རང་ག་བ་ཞིག་ནས་ཐོན་ཏེ། རབ་དཀར་གྱི་ཁ་བའི་གཞི་རུ་རྐང་རྗེས་འགོད་མཁན་གྱི་ཕྲུ་གུ་དེ་ཡིན”ཞེས་མར་ཁེ་སིའི 《ལོ་བརྒྱའི་ཁེར་ཧྲེང》གི་ཐོག་མའི་སྤྲོས་བརྗོད་ཀྱི་ཚིག་དང་ཆ་འདྲ་བའི་སྒོ་ནས་བྱུང་ཡོད་པ་གསལ་པོར་མཐོང་ཐུབ།

སྤྱིར“ལོ་གང་མང་གི་རྗེས་ནས”ཞེས་པའི་སྔོན་སྤྲོས་ཀྱི་ཐབས་རྩལ་འདི་ལྟ་བུ་ནི་དོན་ལ་གཏམ་རྒྱུད་ཀྱི་ནང་དོན་སྟོང་ཆ་ཅན་དུ་བྱས་ཏེ་སྤྲོས་བརྗོད་དུས་ཚོད་ཀྱི་མྱུར་ཚད་ཇེ་དྲག་ཏུ་བཏང་བ་ཞིག་ཡིན་ལ། འདི་ཡིས་མྱུར་ཚད་ལ་བརྟེན་ནས་གདངས་མཚམས་བསྐྲུན་པ་ལས་གཞན་རྩོམ་ནང་དུ་སྔ་མཐུད་ཕྱི་འདྲེན་གྱི་ནུས་པ་ཞིག་ཀྱང་འདོན་གྱིན་ཡོད་དེ། དཔེར་ན། སྒྲུང་རིང་འདིའི་སྔ་དུམ་གྱི་ཁག་ཏུ་ཐེངས་རེ་འགར“ལོ་གང་མང་གི་རྗེས་ནས”ཞེས་དང་། ཡང“ལོ་ཉི་ཤུ་ལྷག་གི་རྗེས་ནས”ཞེས་སྔོན་སྤྲོས་ཀྱི་ཐབས་རྩལ་སྤྱད་པ་དེས་རྩོམ་ཆོས་ཀྱི་ད་ལྟ་བའི་དུས་དང་མ་འོངས་པའི་དུས་ཕན་ཚུན་སྦྲེལ་མཐུད་བྱེད་པར་སྦྱོར་གཟེར་གྱི་བྱེད་ནུས་ལྟ་བུ་འདོན་གྱིན་ཡོད་ལ། དེ་བཞིན་རྩོམ་ཆོས་ཀྱི་སྨད་ཆའི་ཁག་གི་ལེའུ་ཞེ་གཉིས་པར“ལོ་དུ་མའི་རྗེས་སུ”ཞེས་དང་། “ལོ་བདུན་གྱི་སྔོན།” “མི་ལོ་ཉི་ཤུ་ལྷག་གི་རྗེས་སུ།” “ལོ་བདུན་གྱི་སྔོན།” “ལོ་བདུན་གྱི་སྔོན།” “ལོ་བདུན་གྱི་སྔོན།” “དེ་ལས་ཀྱང་སྔ་བའི་ལོ་ཞིག་གི་དབྱར་མགོའི་ཉིན་ཞིག” “ལོ་ངོ་བདུན་གྱི་རྗེས།” “ལོ་ངོ་བདུན་གྱི་ཡར་སྔོན་གྱི་ཞོགས་པ”ཞེས་སོགས་བསྟུད་མར་འབྱུང་ལ། དུས་ཚོད་ཀྱི་སྔ་ཕྱི་དེ་དག་གློ་བུར་བ་དང་ཛ་དྲག་གི་རྣམ་པར་རེས་མོས་སུ་འཁོར་སྐྱོད་བྱེད་ཀྱིན་ཡོད་ཅིང་། ལེའུ་ཕྱི་མ་དག་ཏུའང་དེ་ལྟར་ཡང་ནས་བསྐྱར་དུ་དུས་ཚོད་ཕྱིར་ལྡོག་བྱས་པ་དང་ཆབས་ཅིག་ཡང་ནས་བསྐྱར་དུ་དུས་ཚོད་མཆོང་བསྐྱོད་ཀྱང་བྱས་ཏེ་གཏམ་རྒྱུད་ཀྱི་ནང་དོན་རྣམས་སྟོང་ཆ་ཅན་དུ་བྱས་ཡོད། འགྱུར་བག་སྐྱེན་པོའི་དུས་ཚོད་ཀྱི་རོལ་རྩེད་འདི་དག་གིས་སྒྲིག་རིམ་གཏོར་ཟིན་པའི་གཏམ་རྒྱུད་སྔ་ཕྱིའི་དུས་ཚོད་དག་བསྐྱར་སྒྲིག་བྱས་ཤིང་། དུས་རིམ་འགྱུར་བའི (时序变形) རྣམ་པར་བརྟེན་ནས་སྔ་དུམ་དང་ཕྱི་དུམ་གྱི་ཚུལ་དུ་གནས་པའི་རྩོམ་ཆོས་ཀྱི་དུས་ཚོད་སྒྲིག་གཞིར་གཏན་ཚིགས་ཀྱི་ཆའང་ཡོད་པར་བསྒྱུར་བ་རེད་ལ། རྩོམ་ཧྲིལ་པོ་གོང་བུ་གཅིག་གྱུར་དང་རྩོམ་སྤྱིའི་སྒྲིག་གཞི་གྲིམ་ཆ་ཅན་དུ་བསྒྱུར་བར་ཡང་ཕན་ནུས་ངེས་ཅན་བཏོན་འདུག་པ་དེ་རེད།

གསུམ། སྣེ་འཛིན་ཚུལ་དང་སྒྲུང་གཏམ་གྱི་འཆི་གསོན།

མཐོང་སྣེ་གཞན་ཞིག་ནས་བལྟས་ན། སྒྲུང་རིང་འདིའི་སྔ་དུམ་ནི་ལུགས་འབྱུང་ཅན་གྱི་དུས་རིམ་ལ་གཞོལ་ཁར་མགོ་རྩོམ་དུས་ཀྱང་གཏམ་རྒྱུད་ཀྱི་ཐོག་མའི་དུས་ཚོད་ནས་སྣེ་བཟུང་སྟེ་སྤྲོས་བརྗོད་བགྱིས་འདུག་པ་དེས། རྩོམ་ཆོས་སྔ་དུམ་གྱི་དུས་ཚོད་སྒྲིག་གཞི་གང་ཞིག་རྦད་དེ་ཆེས་སྤྱིར་བཏང་ཅན་གྱི་རྣམ་པར་བསྒྱུར་འདུག་པའི་སྣང་བ་ཞིག་སྟེར་མོད། སྒྲུང་གཏམ་སྤྱིའི་དགོངས་པ་དང་སྐབས་དོན་གྱི་དགོས་མཁོར་གཞིགས་ཚེ། ལུགས་འབྱུང་ལ་གཞོལ་བ་འདིར་ཡང་དགག་བྱ་ཆེན་པོ་མེད་དེ། ཕྱོགས་གཅིག་ནས་བཤད་ན་འདི་ནི་ལྡོག་བརྗོད་ཆེན་པོའི་ངང་ཚུལ་དུ་གནས་པ་ཞིག་ཡིན་པ་དང་། ཡང་ཕྱོགས་གཅིག་ནས་བཤད་ན། ཤོང་ཚད་ཆེ་བའི་སྒྲུང་རིང་ཞིག་ཡིན་ཕྱིན། སྣེ་འཛིན་ལུགས་ཀྱི་ཐད་དུ་ངེས་པར་དུ་བར་གཅོད (中间切入) བྱ་དགོས་པའི་ངེས་པའང་མེད་དེ། ལྷག་ཏུ་ནར་སོན་གྱི་བརྒྱུད་རིམ (成长史) བྲིས་པའི་སྒྲུང་རིང་འདི་ལྟ་བུའི་རིགས་ལ་བར་གཅོད་བྱས་ཚེ་དེ་ཙམ་མི་འཚམ་ཚུལ་ཡང་བརྗོད། ཡིན་ནའང་། འདི་ནི་སྐབས་དོན་གྱི་དགོས་མཁོ་ཁོ་ནའི་དབང་དུ་བྱས་པ་ཞིག་ཡིན་པ་ལས། དེང་རབས་སྒྲུང་གཏམ་གྱི་དོན་སྙིང་ག་གེ་མོའི་སྟེང་ནས་བལྟས་ཚེ། གཏམ་རྒྱུད་ཀྱི་ཐོག་མའི་དུས་ཚོད་ནས་སྣེ་འཛིན་པ་ནི་རྣམ་དཔྱོད་དང་ལྡན་པའི་ལས་ཤིག་ཏུ་མི་འདོད་དེ། སྤྱིར་བཏང་དུ་སྤྲོས་བརྗོད་ཀྱི་སྣེ་འཛིན་ས་ནི། གཏམ་རྒྱུད་ཀྱི་དུས་ཚོད་བར་གཅོད་བྱས་པ་དེའི་ཅུང་སྟོད་ཀྱི་ཆ་གང་རུང་ནས་བཟུང་ན་ལེགས་པར་བརྗོད་ཅིང་། སྒྲུང་རིང་ལ་མཚོན་ནའང་བར་གཅོད་ཡིན་ཐལ་མི་རུང་བར་བརྗོད་པ་ལས་སྣེ་འཛིན་སྐབས་སྤྲོས་བརྗོད་དུས་ཚོད་དང་གཏམ་རྒྱུད་དུས་ཚོད་གཉིས་འགྲོས་མཉམ་ཡིན་དགོས་པའི་བླང་བྱ་ནི་བཏོན་མེད་དོ། ། དེས་ན། སྤྱིར་བཏང་དུ། སྐབས་འདིར་གཏམ་རྒྱུད་ཀྱི་དུས་ཚོད a—b—c—d—e ལ། སྤྲོས་བརྗོད་དུས་ཚོད b—a—c—d—e ལྟར་བྱས་ཚེ་འོས་འཚམ་ཡིན་པར་འདོད་དེ། རྒྱུ་མཚན་ནི། འདིར་དུས་ཚོད་གཉིས་འགྲོས་མཉམ་དུ་སྤྱད་པས། སྒྲུང་རིང་འདིའི་སྔ་དུམ་གྱི་ཁག་ནི་ཀློག་རྐྱང་བྱས་འདུག་པའི་གཏམ་རྒྱུད་ཅིག་གི་ཚུལ་དུ་བྱས་ཤིང་། དུས་ཚོད་ཀྱི་ཆ་ནས་ཀྱང་ཐུར་རྒྱུག་ཅན (机械性) གྱི་རྣམ་པར་སོང་བས་ཀློག་མཁན་ལ་མཚོན་ན་ཤེས་འཇུག་གི་གོ་སྐབས་ཕྲ་ཞིང་བསམ་གཞིག་གི་བར་སྟོང་ཅི་ཡང་སྦྱིན་མེད་པ་ཡིན། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། རྩོམ་པ་པོས་ཐོག་མ་ཉིད་ནས་ལྡོག་བརྗོད་ཆེན་པོའི་ཐབས་རྩལ་ལྷུར་བླངས་པ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་འདྲ་སྟེ། ལྡོག་བརྗོད་ཆེན་པོའི་ཐབས་རྩལ་ལ་བརྟེན་པའི་སྤྲོས་བརྗོད་མཁན་གཙོ་བོ “ང” ཡི་ཕྱིར་དྲན་གྱིས་རྩོམ་སྤྱིའི་ནང་དོན་གྱི་ཆ་མང་ཙམ་བཟུང་འདུག་ཅིང་། ལྡོག་བརྗོད་ཀྱི་ཁྲོད་དུ་ནང་དོན་དེ་དག་གི་དུས་རིམ་ནི་ལུགས་འབྱུང་ཅན་ནམ་ཐུར་རྒྱུག་ཅན་གྱི་རྣམ་པར་གྲུབ་པས། དེ་ཡིས་རྩོམ་ཆོས་སྔ་དུམ་གྱི་དུས་ཚོད་སྒྲིག་གཞིའང་ཆེས་སྤྱིར་བཏང་ཅན་གྱི་གནས་སུ་མི་ལྷུང་རང་ལྷུང་དུ་བྱས་ཡོད་ལ། ཐོག་མའི་གོམ་གང་སྤོ་ནོར་བྱུང་བ་དེ་ཡིས་མཐའ་མར་དུས་ཚོད་ཐད་དུ་ཟབ་ཚད་དང་མཐུག་ཚད་ལྡན་པའི་སེམས་ཁམས་ཀྱི་མཛེས་དཔྱོད་ཅིག་བསྐྲུན་ཐུབ་མེད་དོ། །

ལར་དུས་སྐབས་གང་ཞིག་ནས་སྣེ་འཛིན་རྒྱུ་དེ་ནི་མཐར་གཏུགས་ན་སྤྲོས་བརྗོད་ཐད་ཀྱི་ལྟ་ཚུལ་ཞིག་ལ་རག་ལས་པར་བརྗོད་ཅིང་། འདི་ཉིད་གལ་ཆེ་ཚུལ་ནི། དེས་རྩོམ་ཆོས་ཀྱི་ཐོག་མའི་སྣེ་འདྲེན་སྐབས་ཀྱི་མཛེས་དཔྱོད་དང་། སྒྲིག་གཞི། གདངས་མཚམས། བྱུང་རིམ་བཀོད་སྒྲིག་སོགས་ལ་ཐད་ཀར་ཤན་ཤུགས་ཐེབས་ཀྱིན་ཡོད་པས། སྒྲུང་གཏམ་ལ་མཚོན་ན་འདི་ནི་ཤི་གསོན་ལ་ཐུག་པའི་འགག་རྩའི་གནས་ཤིག་ཡིན་པ་རེད། དོན་སྙིང་འདི་ལྟ་བུའི་སྒོ་ནས་བལྟས་ཚེ། བརྩམས་ཆོས་ཤིག་གི་ཁྲོད་དུ་དགེ་མཚན་དུ་མཐོང་བ་མཐའ་དག་ཀྱང་ལན་རེར་གནད་དོན་ཡིན་ནོ་ལོ་རེ་གཉིས་ལ་བརྟེན་ནས་རིན་ཐང་ཉམས་དམས་སུ་གཏོང་བའི་སྐབས་ཀྱང་འདུག་གོ། །

བཞི། དུས་ཚོད་ཀྱི་ཡུལ་རང་བཞིན།

དེ་མིན། གླེང་བར་འདོད་པ་གཞན་ཞིག་ནི། རྩོམ་ཆོས་ཕྱི་དུམ་གྱི་ཤོག་ངོས258ཀྱི་མཇུག་ནས259ཡི་མགོའི་བར་དང་། དེ་ནས་ཤོག་ངོས313དང་ཤོག་ངོས387སོགས་སུ་སྔ་ཕྱིར་བསྐྱར་ཟློས་སུ་འབྱུང་བའི་སྤྲོས་བརྗོད་ཀྱི་ཚིག་འགའ་སྟེ། “མཚམས་རེར་ལུང་མདོའི་མར་ནང་གྲོང་ཚོའི་ཕྱོགས་ནས་སྒོ་ཁྱིའི་ཟུག་སྐད་ཐར་ཐོར་ཞིག་མཆེད་ཡོང་བ་དང་། དེ་ཡང་དེ་ལྟར་རྒྱང་ཐག་ཤིན་ཏུ་རིང་བ་ཞིག་གི་གཏིང་ས་ནས་གྲག་ཡོང་བ་ལྟར་སྣང་ཞིང་། སྐྱེ་བ་འདིའི་གོང་རོལ་ནས་གྲག་ཡོང་བ་དང་མཚུངས”ཞེས་དང་། ཡང“མཚམས་ཤིག་ལ། སུ་ཞིག་གིས་སྒོ་མོ་བརྡུངས་བྱུང་། སྒོ་རྡུང་བའི་སྒྲ་དེ་ནི་ལོ་དེར་མར་ནང་སྐུ་ལོས་གཟིམ་ཁང་ནས་ཐོས་པའི་མར་ནང་ལུང་མདོའི་ཕྱོགས་ནས་མཆེད་ཡོང་བའི་བྱ་ཕོའི་སྐད་གསང་དང་མཚུངས་པར། སྣང་བ་ཞིག་ལ་མཚན་གྱི་གཏིང་རུམ་ཞིག་ནས་གྲག་ཡོང་བ་དང་འདྲ་ལ། སྐྱེ་བ་སྔ་རོལ་ཞིག་ནས་གྲག་ཡོང་བ་དང་ཡང་མཚུངས”ཡང“སྐབས་ཤིག་ལ། མར་ནང་ལུང་པའི་ཕུ་ཞིག་ནས་སྒོ་ཁྱིའི་ཟུག་སྐད་རེ་གཉིས་མཆེད་ཡོང་བ་དང་། དེ་ཡང་དེ་ལྟར་མཚན་གྱི་མུན་པའི་གཏིང་མཐའ་ཞིག་ནས་མཆེད་ཡོང་བ་དང་མཚུངས་ཤིང་། ཡང་ན་སྐྱེ་བ་འདིའི་གོང་རོལ་ནས་མཆེད་ཡོང་བ་དང་འདྲ”ཞེས་སོ། ། འདི་དག་ནི་དར་མའི་དུས་སྐབས་ཀྱི་ཉི་མ་དོན་གྲུབ་བམ་མར་ནང་སྐུ་ལོའི་མི་ཚེའི་དཀྱོག་མཚམས་གཙོ་བོ་འགའ་སྟེ། ཁོང་བྲོས་བྱོལ་དུ་ཕེབས་པ་དང་། སྐྱ་སར་བབས་པ། “ཕྱུག་འགྱུར་གྱི་ལམ་བུར”སྙེགས་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་ཧ་ཅང་འགག་རྩར་ཐུག་པའི་སྐབས་སུ་ད་གཟོད་དེ་ལྟ་བུའི་འཆར་སྣང་ངམ་སེམས་ཚོར (情感) རྒྱུན་དུ་འབྱུང་གིན་ཡོད། སྤྱིར་སྐབས་འདིའི་སྤྲོས་བརྗོད་ཀྱི་ཚིག་འདི་དག་ནི་ཤིན་ཏུ་མཚོན་སྟོབས་ལྡན་ལ་ཚོར་འདུ་སྣ་ཚོགས་ཀྱིས་ཕྱུག་པའི་རྩོམ་རིག་གི་སྐད་ཆ་ཉམས་ཅན་འགའ་རེད། ཡིན་ནའང་། འདིར“མཚན་གྱི་གཏིང་རུམ་ཞིག་ནས་གྲག་ཡོང་བ་དང་འདྲ་ལ། སྐྱེ་བ་སྔ་རོལ་ཞིག་ནས་གྲག་ཡོང་བ་དང་ཡང་མཚུངས”ཞེས་རྟོག་པ་ཕྲ་རགས་མང་པོ་མཉམ་བསྲེས་ཀྱིས་གནས་པའི་སེམས་ཚོར་གྱི་གནས་སྐབས་དེ་སྤྲོས་བརྗོད་ཀྱི་ངག་ཏུ་གྲངས་ཀྱི་ངོ་བོའི་སྒོ་ནས་བྱུང་ཞིང་། དེ་ལྟར་སྐད་བརྡའི་རྣམ་འབྱེད་ཀྱིས་འདི་ཉིད“ཡུལ”རང་བཞིན་ཅན་དུ་བྱས་ཡོད། སྒྲུང་གཞུང་དུ། སེམས་ཚོར་ནི་ཡུལ (空间) གྱི་ཁྱབ་ཁོངས་སུ་བསྡུ་ཐབས་མེད་པའི་དུས་ཚོད་ཀྱི་གོ་དོན་དང་ལྡན་པའི་ཐ་སྙད་ཅིག་ཡིན་ནོ་ཞེས་དང་། ཡང་གང་ཞིག་གྲངས་དང་། རིམ་པ། རྒྱ་ཁྱོན་སོགས་ཀྱི་ངོ་བོར་གནས་ཡོད་པ་དེ་ནི་རྩོད་མེད་དུ་བར་སྟོང་ངམ“ཡུལ”རང་བཞིན (空间化) དུ་ཚུད་པ་ཡིན་ཞེས་སོགས་འབྱུང་བས། གཞུང་ལུགས་ལྟར་ན། འདི་ནི“ལུགས་འགལ” (非法) གྱི་སྦྱོར་བ་ཞིག་ལས་མ་འདས། དེ་བས། ཅུང་ཕངས་པ་ཞིག་ནི་སྤྱིར་བཏང་དུ་མཛེས་སྣང་ཁྱད་པར་ཅན་སྟེར་བའི་ཚིག་འདི་དག་སེམས་ཚོར་སྤྲོས་བརྗོད་ཀྱི་བར་སྐབས་འདིར་སླེབས་དུས་དེ་ལྟར་གྱི་ཕྱི་སྨིན་ནང་སྨིན་ཞིག་ཏུ་འགྱུར་ཐུབ་མེད་ལ། གསལ་པོར་བརྗོད་ན་འདིར་རྩོམ་པ་པོས་དུས་ཚོད་ཡུལ་རང་བཞིན(时间的空间化) དུ་འགྱུར་བའི་གནད་དོན་དེ་ཐག་གཅོད་དང་སྙོམ་སྒྲིག་གང་ལེགས་བྱེད་པར་ནུས་རྩལ་ཁྱད་དུ་འཕགས་པ་ཞིག་འདོན་མ་ཐུབ་པར་སྙམ་མོ། །

མཐར་སྒྲུང་རིང་འདིར་དོན་ཅི་ཞིག་བརྗོད་ཀྱང་བར་བཅུག་གི་བརྗོད་པ་སྤེལ་བ་ལྟ་བུའི་སྤྲོས་བརྗོད་བྱེད་སྟངས་དེས་སྤྱིའི་ཆ་ནས་རྩོམ་ཧྲིལ་པོའི་དུས་ཚོད་ཀྱི་ཆར་ཚོད་འཛིན་གང་ལེགས་ཤིག་བྱེད་ཐུབ་ཡོད་པར་མ་ཟད། དེ་ལ་སྒྱུ་རྩལ་གྱི་བྲོ་བ་ངེས་ཅན་ཞིག་ལྡན་ལ། བརྩམས་ཆོས་འདིའི་རང་ཆོས་སུ་རྫོགས་པའི་མཛེས་ཆ་གལ་ཆེན་དག་གི་གྲས་སུའང་ངེས་པར་བགྲང་དགོས་པ་ཞིག་ཡིན་མོད། ཡིན་ན་ཡང་། རྩོམ་ཆོས་ཞིབ་ཀློག་གི་བརྒྱུད་རིམ་ལས་ང་ཚོས་སྔར་བཞིན་བརྩམས་ཆོས་འདི་གའི་དུས་ཚོད་ཐད་ཀྱི་གནད་དོན་རེ་གཉིས་རྙེད་པར་གྱུར་ཅིང་། མཐར་ཐུག་སྒྲུང་རིང་འདིའི་དུས་ཚོད་བཀོད་སྒྲིག་བྱེད་སྟངས་དེ་ང་ཚོའི་རེ་བ་ནང་བཞིན་ཟབ་ཚད་ཅན་དང་མཐོ་ཚད་ལྡན་པ་ཞིག་ཏུ་འགྱུར་མ་ཐུབ་ལ། དེ་ལ་བརྟེན་ནས་སྒྲུང་གཏམ་གྱི་དུས་ཚོད་དང་བརྗོད་གཞི་གཉིས་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བའི་སྒོ་ནས་ཆུ་ལ་ཆུ་བཞག་པ་ལྟར་གྱི་ཡོན་ཏན་ཀུན་རྫོགས་ཤིག་ཏུའང་འགྱུར་མ་ཐུབ་པར་འདོད། སྤྱིར་རྩོམ་པ་པོར་མཚོན་ན་ཡང་ཐོག་མཐའི་གོ་རིམ་གང་དུའང་དུས་ཚོད་ཐད་ཀྱི་དོ་སྣང་ནི་ནམ་ཡང་ལྷོད་གཡེང་དུ་བཏང་མེད་པ་བསྙོན་མེད་ཡིན་ཡང་། གནད་ཀྱི་དོན་པོ་ནི་རྩོམ་འདིར་གཞུང་ལུགས་ཀྱི་བློ་སྦྱོང་སྔོན་དུ་སོང་ནས་དུས་ཚོད་ཀྱི་སྒྲོམ་གཞི་འདི་ཤིན་ཏུ་གཟབ་ནན་རང་བཞིན་དང་ཞིབ་ཚགས་ཅན། ཞུན་ཐར་ཆོད་པ་བཅས་ཀྱི་སྒོ་ནས་ལག་ལེན་བྱེད་མ་ཐུབ་པས་ལན་པར་འདོད་དོ། །

མཆན།

① 米兰·昆德拉《小说的艺术》[M]上海译文出版社 2019年版 第36页

② སྤྲོས་བརྗོད་ཀྱི་དུས་ཚོད་ཁྲོད་སྔར་ཡོད་ཀྱི་གཏམ་རྒྱུད་དང་བྱུང་རིམ་སྔ་ཕྱིའི་གོ་རིམ་གཏོར་བ་དང་དེ་དག་བསྐྱར་སྒྲིག་བྱེད་པའི་བརྒྱུད་རིམ་ལ་ཟེར། (吴晓东 《从卡夫卡到昆德拉》[M] 生活·读书·新知三联书店 2020年版 第172页)

③ 曹文轩 《小说门》[M] 作家出版社2002年版 第150页

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།