རྨ་ས་བཟུང་དར་དཀར་མདུད་པ་ཞེས་པའི་སྒྲུང་དཔེ་ལས་བསྟན་པའི་ས་མིང་གི་རིན་ཐང་སྐོར་ལ་དཔྱད་པ།

སྐབས་འདིར་དཔྱད་གཞིར་གྱུར་པའི་སྒྲུང་དཔེ་ནི་རྨ་ས་བཟུང་གི་སྒྲུང་དཔེ་ཡིན་ཞིང་། སྒྲུང་དཔེའི་པར་གཞིའི་མ་དཔེ་དངོས་ནི་སྡེ་དགེ་གླིང་ཚང་གི་ཤིང་པར་ཏེ། 《གེ་སར་སྒྲུང་ཡིག་ཆེན་མོ》ཞེས་པ་ལས་སྒྲུང་དཔེ་སྔ་མ་གསུམ་ལས་རྨ་ས་བཟུང་དར་དཀར་མདུད་ཅེས་པའི་སྒྲུང་དཔེ་དེ་ཡིན། འདི་ནི་སྒྲུང་པ་གྲགས་ཅན་གླིང་བློན་འགྱུར་མེད་ཐུབ་བསྟན་འཇམ་དབྱངས་གྲགས་པས་བསྒྲིགས། སྒྲུང་དཔེའི་ནང་གཙོ་བོར་སློབ་དཔོན་ཨོ་རྒྱན་པདྨའི་བཀའ་ལུང་ལྟར། ཇོ་རུས་རྫུ་འཕྲུལ་ཡ་མ་ཟུང་གིས་གླིང་དཀར་སྟོད་ཀྱིས་ཁྲིམས་དང་འགལ་ནས་མ་སྨད་གཉིས་པོ་རྨ་ཡུལ་དུ་སྤྱུགས་ནས། ཇོ་རུས་རྨ་ཡུལ་ལེགས་པར་བསྐྱངས་པ་དང་ཚོང་ལམ་སྤེལ་ནས་རྨ་ལུང་གི་བདག་པོ་བྱས། སྐབས་དེར་གླིང་དཀར་སྟོད་ལ་ཁངས་ཆེན་བབས་ནས་རྨ་ཁོག་ཏུ་ས་གཡར་བར་ཇོ་རུས་གླིང་དཀར་ཚོ་དྲུག་ལ་ས་བགོས་བྱས་པ་གཙོ་བོར་བརྗོད་ཡོད།

དང་པོ། སྒྲུང་དཔེ་ལས་ས་མིང་རིན་ཐང་གི་སྐོར།

སྤྱིར་རྨ་ས་བཟུང་གི་སྒྲུང་དཔེ་འདི་ནི་ས་མིང་ཀུན་འདུས་ཀྱི་སྒྲུང་དཔེ་ཞིག་ཡིན་ལ། སྒྲུང་དཔེ་ནང་གི་ས་མིང་སྐོར་ཞིག་ད་ལྟ་ད་རུང་ངོས་འཛིན་རྒྱུ་ཡོད་པ་དང་བཙལ་ན་རྙེད་པ། ཡུལ་དངོས་རྟོག་ཞིབ་ལ་ནུས་པ་གལ་ཆེན་ཐོན་པའི་སྒྲུང་དཔེ་ཞིག་ཡིན། སྒྲུང་དཔེའི་ལེའུ་དང་པོར་བསྡོམས་པས་ས་མིང་བཅུ་གསུམ་ཡོད་དེ། རྒྱ་གར། རྒྱ་ནག ཧོར་སེར་ཇག་ལམ།ནག་པོ་བདུད་ཀྱི་མཚེར་ས(ཨ་སྟག་ཀླུ་མོའི་ཕ་ས།)རྨ་ཁོག སྦྲུལ་མགོའི་མདའ། རྫ་ཆུའི་ཕ་རི། རྫ་ཆུ། བདུད་ཁ་བསེ་རུ་ལུ། བྱིས་ཆུང་མིད་པའི་འཕྲང་ལམ། གོ་ཚང་ནགས། སྟག་ཚང་། ཤ་བ་གཤོར་བཅས་པ་དང་། ལེའུ་གཉིས་པའི་ནང་བསྡོམས་པས་ས་མིང་བཅུ་དྲུག་ཡོད་དེ། འདུ་ར་སྟག་ཐང་། སྐྱིད་ཕུའི་ཕུག་མདོ། རྨ་སྨད། སྐྱ་ལོའི་མཚེར་ས་གོང་མ། རྫ་རི་ནག་བསེ་རག་གི་ཡུལ། རྨ་སྨད་གཡུ་ལུང་ག་དར་སུམ་མདོ། ལ་དྭགས རྒྱ་ནག ཨ་ཆེན་ན་བ་ཁྲ་ལེབ། རྩྭ་ར་པད་མ་སྟོང་ལྡན། རྨ་རྒྱལ་སྦོམ་ར། རྨ་སྨད་གཡུ་ལུང་སུམ་མདོ། སེང་ཕྲུག་སྟག་རྩེ། རྒྱ་ཡུལ་འོ་མི་ཤན། རྨ་གྲོ་གྲོ་ལུ་གུའི་མཁལ་ཁང་། གཉན་གེ་འཛོ་བཅས། ལེའུ་གསུམ་པའི་ནང་བསྡོམས་པས་ས་མིང་ཞེ་བརྒྱད་ཡོད་དེ། གླིང་ཡུལ། རྨ་དེལ་ཡག་སྟག་ཐང་ཁྲ་མོ། རྨ་ཡུལ། རྒྱ་གར། རྒྱ་ནག ཨ་ཆེན་ཧོར། ཨ་ཏིའི་རོང་། རྨ་ཆུའི་ཁུག་གསུམ། རྨ་རྩེ་ལྷ་གསེར་རིའི་ཁ་མདོ་ན། ཆེ་རྒྱུད་གསེར་བ། གོ་འཇོ་ཨར་ལྕགས། རྨ་སྟོད། རྨ་སྐེད། བར་གླིང་། སྨད་གླིང་། རྨ་གྲོ་གྲོ་ལུ་གུའི་ཁ་ཁུག རྨ་སྲིབ་ཆེན་བྲག་མདོ་ཕྱུག་ལུང་། རྨ་ཕུ་དར་ལུང་ཕྱུག་མོ། རྨ་སྨད་ལུ་གུ་ཡན་ཆད། སྲིད་པ་ཁོལ་མོ་རོག་རྫོང་། སྟོད་ཆེན་རྗ་བཀྲ་གོང་མ། རྨ་ཉག་ཆེན་གླང་མའི་གདོང་། རྨ་འཇང་ལུང་གཡུ་རལ་དགུ་སྒྲིལ། རྨ་ཕོ་རོག་ཉི་མ་ལེབ་ཆེན། རྨ་ཆུ་རིས་ལྷ་ཐང་ཁྲ་མོ། རྨ་བཀྲ་ཤིས་མཚལ་དེའུ་གོང་མ། རྨ་རྫ་ཆེན་ཁུ་བྱུག་སྤང་ཐོག རྨ་རྫ་ཁྲི་གའུ་གསེར་ལུང་། རྨ་ཉིད་ལུང་བྲག་དཀར་དགུ་སྒྲིལ། རྨ་ཕུ་ལུང་དར་ཐང་ཕྱུག་མོ། རྨ་དར་ཁྲ་ལུང་བའི་སུམ་མདོ། རྨ་གྲུ་གུ་དགུ་སྒྲིལ་ཁྲ་མོ། རྨ་ན་ཆེན་འདམ་གྱི་གོང་མ། རྨ་ཉི་ཁོག་པད་པའི་ལུང་བ། གདོང་སྲིན་མོའི་འདུས་མདོ། རྨ་རྫ་ཟལ་མོ་སྒང་། སྲིབ་ལུང་ནགས་རྫོང་ལུང་མདོ། གླིང་ཆེ་རྒྱུད་ས་སྡེ། གླིང་འབྲིང་རྒྱུད་ས་སྡེ། ཆུང་རྒྱུད་ས་སྡེ། ཚ་ཞང་སྐྱ་ལོའི་ཁྲི་སྐོར། རྨ་སྨད་ལིང་ཚེ་ཁྲ་མོ། འཇང་ཤིང་ནགས་མར་ཁུའི་ཡོལ་བ། རྨ་དེའུ་ཡང་སྟག་ཐང་གོང་མ། རྨ་སྐེད་ལུ་གུའི་རྩེད་ར། རྨ་ཟེ་ཟེ་ཁྲ་མོའི་སྒང་ཐོག ཨབ་ཨུར་གཉིས་ཀྱི་འདུས་མདོ། རྨ་ཡང་མཐའ་གཡུ་ལུང་སུམ་མདོ་བཅས་ཡིན།

རྨ་ས་བཟུང་གི་སྒྲུང་དཔེའི་ནང་དུ་ལེའུ་དང་པོར་ས་མིང་དགུ་དང་། ལེའུ་གཉིས་པར་ས་མིང་བཅུ་དྲུག ལེའུ་གསུམ་པར་ས་མིང་ཞེ་བརྒྱད་བཅས་བསྡོམས་ན་ས་མིང་བདུན་ཅུ་ལྷག་བྱུང་ཡོད་ལ། ས་མིང་བསྐྱར་བཟློས་ཀྱི་ཆའང་མང་པོ་ཡོད། “ས་མིང་འདི་དག་ལས་དེང་སང་གི་ས་ཁུལ་དངོས་ལ་ངོས་འཛིན་པ་ཐུབ་པ་ནི། སྐྱིད་ཕུའི་ཕུག་མདོ་དང་། སྐྱ་ལོའི་མཚེར་ས་གོང་མ། རྨ་སྨད་གཡུ་ལུང་ག་དར་སུམ་མདོ། སྟོད་ལ་དྭགས། རྒྱ་གར། རྒྱ་ནག འོ་མི་ཤན། ཨ་ཆེན་ན་བ་ཁྲ་ལེབ། རྨ་གྲོ་གྲོ་ལུ་གུའི་མཁལ་ཁང་། སེང་ཕྲུག་སྟག་རྩེ། གླིང་ཡུལ། ཨ་ཆེན་ཧོར། ཨ་ཏིའི་རོང་། རྨ་སྐེད། སྲིད་པ་ཁོལ་མོ་རོག་རྫོང་། རྨ་དེལ་ཡག་སྟག་ཐང་ཁྲ་མོ་བཅས་བཅུ་དྲུག”①ཡོད་ལ། དེའི་ཕྱེད་ཀ་ནི་རྨ་ས་བཟུང་དར་དཀར་མདུད་པའི་ལེའུ་གཉིས་པའི་ས་མིང་ཡིན་པས། ཡུལ་དངོས་རྟོག་ཞིབ་ཀྱི་ཐབས་ལམ་སྤྱད་ནས་འཚོལ་ཞིབ་དང་ཞིབ་འཇུག་བྱས་ན་རིན་ཐང་དང་དགོས་གལ་ལྷག་པར་ཆེ་བར་སེམས། དེ་ཡང་མཁས་དབང་ཚེ་བརྟན་ཞབས་དྲུང་གིས་གླིང་རྗེ་གེ་སར་རིན་པོ་ཆེས་ཞབས་ཀྱིས་མ་བཅགས་པའི་ས་མེད་ཅིང་། བྱིན་གྱིས་མ་བརླབས་པའི་ཡུལ་མེད་ཅེས་གསུངས་པ་བཞིན་དུ་ཁ་བ་རི་བོའི་ཡུལ་ལུང་གང་དུ་ཆས་ཀྱང་མི་རེ་ཡི་ཁ་ན་སྒྲུང་རེ་ཡོད་པ་བཞིན། གེ་སར་རྒྱལ་པོའི་སྒྲུང་ནི་གང་སར་དར་ཁྱབ་ཆེ། འདིས་དམངས་ཁྲོད་ནས་ངག་རྒྱུན་ལས་ཧ་ཅང་དར་འཕེལ་དུ་སོང་བ་ཤེས་ཐུབ་ལ། སྒྲུང་བ་མང་དུ་བྱུང་བའི་གེ་སར་སྒྲུང་གི་ཁོར་ཡུག་ཞིག་ཀྱང་བསྐྲུན་ཡོད།

སྐབས་འདིར་དམིགས་སུ་བཟུང་བའི་རྨ་ས་བཟུང་དར་དཀར་མདུད་པའི་སྒྲུང་དཔེ་འདིའི་ནང་། ཇོ་རུའི་འཁྲུངས་ཡུལ་ས་སྐྱིད་སོས་ཡག་གི་ཁ་མདོ(དེང་སང་གི་ཨ་ཕྱུག་ན་མིང་མ་འགྱུར་བར་ཡོད། )ནས་ཇོ་རུ་མ་བུ་གཉིས་རྒྱང་ཕུད་དུ་གཏོང་ཡུལ་གྱི་རྨ་སྨད།(དེང་སང་དེ་ལག་ན་སེང་འབྲུག་སྟག་རྩེའི་མཁར་ཤུལ་ངོས་བཟུང་ཡོད། )རྗེས་སུ་གླིང་དཀར་སྟོད་ལ་ཁངས་ཆེན་བབས་ནས་ཇོ་རུ་ལ་རྨ་སྨད་ནས་ས་གཡོར་བ་ལས། ཇོ་རུས་གླིང་དཀར་སྟོད་ལ་ས་གཡར་ནས་ས་བགོས་བྱས་ཚུལ་ཀྱི“ལེའུའི་ནང་ས་མིང་བསྡོམས་པས50ལྷག་བྱུང་ཡོད་ལ། དེ་དག་ལས་ད་ལྟའང་མིང་མ་འགྱུར་བར་གནས་པའི་ས་མིང11དང་ད་ལྟ་ངོས་འཛིན་ཐུབ་པ16དང་། ད་རུང་ས་མིང་གང་ཡིན་མི་ཤེས་པ13ཡོད།”② ཅེས་མུ་མཐུད་དུ་རྟོག་ཞིབ་བྱ་རྒྱུ་ཧ་ཅང་གལ་ཆེ། ད་ཐེངས་དངོས་སུ་ཡུལ་དངོས་རྟོག་ཞིབ་བྱེད་མ་ཐུབ་མོད། རྗེས་སུ་འདིའི་སྐོར་ལ་ཡང་བསྐྱར་ཡུལ་དངོས་རྟོག་ཞིབ་བྱ་འཆར་ཡོད། རྗེས་སུ་རྨ་ས་བཟུང་གིས་སྒྲུང་དཔེ་གཙོར་བཟུང་ནས་ཡུལ་དངོས་རྟོག་ཞིབ་སྐབས་གཙོ་བོ་ད་ལྟའི་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་དང་དཔལ་ཡུལ་རྫོང་། སེལ་ཤུལ་རྫོང་། མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་ཁུལ་དང་མགོ་ལོག་ཁུལ་བཅས་གཙོར་བྱས་ནས་རྨ་འབྲི་རྫ་གསུམ་གྱི་ཡུལ་ལུང་དག་ལ་བསྐྱོད་རྒྱུ་གལ་ཆེ། སྒྲུང་དཔེ་འདིས་གཙོ་བོ་ཚོ་ཁག་ཅིག་གམ་མི་རིགས་ཤིག་གནས་སྤོར་བ་མཚོན་ཡོད་པའམ་ལམ་གྱི་ལམ་ཐོ་ལྟ་བུ་ཞིག་ཡིན།རུ་སྤོར་བ་འདི་ལས་ཚོ་ཁག་དེ་ཡིས་ས་མིང་གི་རུ་སྤོར་བའང་ཤེས་ཐུབ་སྟེ། དཔེར་ན། ཐོག་མར་རྫ་རྒྱལ་འཕེན་ཕྱུག་དེ་གེ་སར་འཁྲུངས་སའི་ཨ་ཕྱུག་གི་བྱང་ཕྱོགས་སུ་ཡོད་མོད་དེང་སྐབས་རྫ་རྒྱལ་འཕེན་ཕྱུག་མང་པོ་ངོས་འཛིན་རྒྱུ་ཡོད་ཟེར་ནས་དགེ་རྒན་སྨན་ཤུལ་རྡོ་རྗེ་ལགས་ཀྱིས་སློབ་ཁྲིད་སྐབས་གསུངས། རུ་སྤོར་བ་དང་སྤོར་ཡུལ་བཅས་ཀྱིས་ས་མིང་རྟོག་ཞིབ་ཀྱི་རིན་ཐང་གལ་ཆེན་མངོན་ཡོད།

གཉིས། སྒྲུང་དཔེ་ལས་ས་མིང་གི་ཞིབ་བསྡུར་སྐོར།

རྨ་ས་བཟུང་གི་སྒྲུང་དཔེ་ལས་ཇོ་རུས་གླིང་དཀར་སྟོད་ལ་ས་གཡར་སྐབས། “གླིང་དཀར་མ་འདུག་འོང་རྒྱུ་བྱོས། །ཚེ་གང་འདུག་ན་ཆོག་རྒྱུ་བྱེད། །ལོ་གསུམ་འདུག་ན་ཅི་དགའ་བྱོས། །ས་གླ་རྩྭ་རིན་མི་ལེན་པ། །གླིང་དཀར་ཕུ་ནུའི་སྤྱི་ངོ་དང་། །ཡང་སྒོས་རྒྱ་ཚའི་སྐུ་ངོ་ཡིན། །ད་རུང་དེ་བས་མི་ཚད་པའི། །ཤེལ་བྲག་གཏེར་སྒོ་འོག་མ་ན། །གཏེར་ཟོག་ནོར་བུ་ཆ་བདུན་ཡོད། །”③ཅེས་པ་དང་། “གླིང་པ་རྣམས་རྨ་ཡུལ་སྲིད་པའི་ཟོ་དོར་རྣམས་ཀྱིས་བསྐྱངས་པས་དབུལ་བོ་ཕྱུག་པོ་དང་། གཉོམ་ཆུང་བཙན་པོར་སོང་བར་གདའ། དེ་ནས་ཚེས་བཅོ་ལྔའི་ཉིན་རྨ་རྒྱལ་གཏེར་སྒོ་འོག་མ་ནས། ཇོ་རུས་གཏེར་སྒོ་འབྱེད་རྒྱུ་ཡིན་གསུངས་ནས་གླིང་ཚོ་བ་དྲུག་པོ་འདུས་པ་དང་། ནམ་མཁའ་ནས་མེ་ཏོག་གི་ཆར་བབས། བར་སྣང་ནས་འཇའ་འོད་ཀྱི་གུར་ཕུབ། ས་གཞི་ནས་མེ་ཏོག་གི་དྲི་ལྡང་བ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས། ཤེས་བྲག་གཏེར་སྒོ་འོག་མ་འབྱེད་པའི་ལྡེ་མིག་གཏེར་བདག་གིས་ཕུལ་ནས། གཏེར་སྒོ་འོག་མ་ཕྱེ།”④ཞེས་དངོས་སུ་བཀོད་ཡོད་པ་དང་། ཡང་འདན་མ་ནས་རྫོང་ལས། “ལྡོང་ཁུ་བོ་སྤྱི་དཔོན་རྒྱལ་པོ་དེས་གླིང་ལྷ་ལ་བསང་དང་གསེར་སྐྱེམས་ལེགས་པར་མཛད་དེ་རྨ་སྨད་དུ་ཆས་རུང་ཇོ་རུ་རྫུ་འཕྲུལ་གྱིས་རྨ་སྟོད་དུ་ཐོན་ཏེ་སྤྱི་དཔོན་དང་འཕྲད། འདན་མ་ནས་རྫོང་ཇི་ལྟར་འབེབས་པའི་བཀོད་པ་འཐེན”⑤ཞེས་པ་ལས་གླིང་ནི་སྒྲུང་དཔེ་སྤྱི་དང་མཐུན་པར་འབྲི་རྫ་ཟལ་མོའི་སྒང་ནས་རྨ་རྒྱལ་སྦོམ་རའི་བར་གྱི་ས་ཁོངས་ལ་གོ། རྨ་སྨད་དང་རྨ་སྟོད་ནི་རྨ་ས་བཟུང་ལྟར། དེང་སང་ཡང་མིང་མ་འགྱུར་བར་ཡོད། འདན་མའི་ཡུལ་ནི་དེང་སང་སི་ཁྲོན་སེར་ཤུལ་རྫོང་གི་འདན་ཁོག་ཞང་ནས་བྱང་དུ་སྤྱི་ལེ20མཚམས་ན་མཁར་ཤུལ་ངོས་འཛིན་རྒྱུ་ཡོད། ཡང“རྨ་སྨད་གཡུ་ལུང་སུམ་མདོར་ཇོ་རུ་མ་བུའི་བྲ་སྒོ་ན་འབྲི་ལུག་གཡག་གསུམ་མཆིས། ཇོ་རུས་ཨ་ཁུ་ཁྲོ་ཐུང་ཡོང་བ་ལ་རྫུ་འཕྲུལ་བསྟན་ནས་ཨ་ཁུ་ཁྲོ་ཐུང་ལག་ནས་འདན་ཁྲི་དཀར་གྱི་བླ་རྡོ་དེ་བླངས”⑥ཞེས་པ་ལས་རྨ་སྨད་གཡུ་ལུང་སུམ་མདོ་ནི་རྨ་ས་བཟུང་གི་སྐབས་ཀྱི་རྨ་སྨད་གཡུ་ལུང་ག་དར་སུམ་མདོ་ནི། བྲག་དགོན་པའི་གསུང་གི་རྒྱུད་དར་གྱི་དར་ས་ནག་ལུང་སྟེ། དེང་སང་མཚོ་སྔོན་དར་ལག་རྫོང་ལ་ངོས་འཛིན་དགོས།” ⑦གཞན་ཚ་བ་རོང་མདའ་རྫོང་ལས། “སེང་ཆེན་ནོར་བུ་དགྲ་འདུལ་སྐུ་ན་ཆུང་དུས་མ་ཡུམ་འགོག་བཟའ་དང་རྨ་ཡུལ་ས་ནག་ལུང་མདོ་ན་བཞུགས་སྐབས། ཇོ་རུས་ཤྭ་བ་དང་།རྣ་བ་བཏུལ་ནས་བཞུགས། གཞི་བདག་རྨ་རྒྱལ་སྦོམ་རའི་ལུང་བསྟན་ལ།ལྷོ་ཚ་བ་རོང་གི་རོང་སྨད་ལ། །བྲག་དཀར་འཛོང་དེ་འདྲའི་ནང་ཤེད་ལ། །མདའ་ཉག་ཕྲན་རྒོད་སྒྲོ་སྤུངས་སེ་ཡོད། །སྟག་རོང་ཨ་ནུ་གཟིག་འཕེན་ལ། །རྟ་མགྲིན་ལུང་རྫུན་འབེབས་རྒྱུ་གྱིས། །མདའ་མོ་སྲིད་པའི་ཁྲག་འཐུང་དེ། །ཕ་སྟག་རོང་མིན་པ་བདག་པོ་མེད། །”⑧ཅེས་པ་ལས་རྨ་ཡུལ་ས་ནག་ལུང་མདོ་ནི་འགོག་ཡུལ་དར་གྱི་ལུང་མདོ་ཞེས་པ་དེ་ཡིན་དགོས། རྨ་རྒྱལ་སྦོམ་ར་ནི་དེང་སང་མཚོ་སྔོན་རྨ་ཆེན་རྫོང་གི་ཁོངས་སུ་གཏོགས། ལྷོ་ཚ་བ་རོང་ནི་ཆུ་བཞི་སྒང་དྲུག་ལས་ཆེས་ལྷོ་ཕྱོགས་ཀྱི་ཚ་བ་སྒང་དང་འབྲེལ་བ་ཡོད། གཞན་ཡང“གླིང་གིས་མཚོ་སྐྱ་རེངས་སྔོ་རེངས་གྲོ་རེངས་གསུམ་བཟུང་ཚུན། ཨ་ནེའི་ལུང་བསྟན་ལྟར་ཇོ་རུས་སྲིད་པ་ཁོལ་མོ་རོག་རྫོང་གི་ཨ་ཁུ་ཁྲོ་ཐུང་ལ་རྟ་མགྲིན་ཡིན་ཞེས་ཕོ་རོག་ཅིག་ལ་སྤྲུལ་ཏེ་རྟ་རྒྱུག་རྒྱལ་འཇོག་གི་ལུང་ཕབ།” ⑨ཅེས་པ་ལས་གླིང་ནི་སྒྲུང་དཔེ་སྔ་མ་བཞིན་འབྲི་རྫ་ཟལ་མོ་སྒང་ནས་རྨ་ཁོག་ཏུ་ས་བཟུང་ཟིན་པས།མདོ་ཁམས་ཀྱི་རྨ་འབྲི་རྫ་གསུམ་ཐེ་བའི་ས་བབ་སྤྱི་ལ་གོ།སྲིད་པ་ཁོལ་མོ་རོག་རྫོང་ནི་སྒྲུང་དཔེ་རྨ་ས་བཟུང་ལྟར་ཁྲོ་ཐུང་ཕོ་རོག་རྙིང་རྫོང་ཡང་ཟེར། དེང་སང་མགོ་ལོག་དགའ་བདེ་རྫོང་གི་རྐྱང་ཆུ་ཞང་ན་མཁར་ཤུལ་ངོས་འཛིན་རྒྱུ་ཡོད། དེ་དང་རྟ་རྒྱུག་ནོར་བུ་ཆ་བདུན་ལས། “རྨ་སྨད་དུ་ཇོ་རུ་འབོད་པར་འགྲོ་བ་ལ། འབྲུག་མོ་བེ་རི་ཆགས་པའི་ཟུར་ལུང་ནས་ཇོ་རུའི་སྤྲུལ་བ་བེ་རི་ཉི་མ་རྒྱལ་མཚན་ཟེར་བ་མི་ནག་རྟ་ནག་ཅན་ཞིག་ཏུ་སྤྲུལ་བ་དང་ཐུག་ནས་འབྲུག་མོའི་ལག་གི་གསེར་འགུ་མོ་དེ་བཞེས།”⑩ཞེས་པའི་རྨ་སྨད་ནི་རྨ་ས་བཟུང་གི་སྒྲུང་དཔེ་ལྟར་དེང་སང་མཚོ་སྔོན་དར་ལག་རྫོང་ཆན་ཆད་ལ་གོ །བེ་རི་ནི་རྨ་སྟོད་ནས་རྨ་སྨད་ལ་ཐོན་ས་ན་ཡོད། རྨ་སྟོད་ཡིན་དགོས་པ་ནི་སྐྱ་ལོ་ཚང་གི་རུ་དེ་དེང་སང་རྨ་སྟོད་ཀྱི་མཚོ་སྐྱ་རེངས་ཀྱི་ཤར་ལྷོའི་ཕྱོགས་སུ་ངོས་འཛིན་རྒྱུ་ཡོད། ད་དུང“རྫ་ཆེན་ཁུ་བྱུག”ལ་ཧོར་གླིང་གཡུལ་འགྱེད་སྐབས་སུ་རྫ་སྐྱ་ཁུ་བྱུག་ཅེས་བརྗོད། “གཡག་ལའི་ལ”ལ་གཡག་ལ་སེར་པོ་ཞེས་བརྗོད། “སྟག་གཟིག་ནོར་དང་དཀར་ནག་སོག”བཅས་པ་ནི་གླིང་གེ་སར་གྱིས་དུས་ཕྱིས་སུ་དབབ་པའི་རྫོང་ཆེན་བརྒྱད་ཀྱི་ཐོག་པ་ཡིན་ནོ། །

གསུམ་པ། སྒྲུང་དཔེ་ལས་གླིང་ཚོ་དྲུག་དམིགས་སུ་གླེང་བ།

སེང་ཆེན་ནོར་བུ་དགྲ་འདུལ་གླིང་རྗེ་གེ་སར་རྒྱལ་པོ་སྒྲུང་འདི་ལ་ད་ལྟའི་བར་དུ་ཕྱོགས་ཡོངས་ནས་ཞིབ་འཇུག་དང་གྲུབ་འབྲས་མི་དམན་པ་ཞིག་ལོན་ཡོད་དེ། འོན་ཀྱང་ད་སྔ་བར་དུ་གླིང་དཀར་སྟོད་ལ་ཚོ་བ་དྲུག་ཡོད་པ་ཡོངས་ཁྱབ་ཡིན་མོད། གླིང་ཚོ་དྲུག་དེ་ཚོ་བ་གང་དྲུག་པོ་ཡིན་པ་དང་གླིང་ཆེ་རྒྱུད་ཆུང་འབྲིང་རྒྱུད་ཀྱི་ནང་ལ་དཔལ་རྟུལ་གང་དག་ཡོད་པ་ལྟ་བུའི་དཔྱད་འབྲས་སམ་གླིང་ཚོ་དྲུག་གི་སྒྲོམ་ལྟ་བུ་ཞིག་ད་སྔ་བར་དུ་ཆགས་ཐུབ་མེད། རྨ་ས་བཟུང་གི་སྒྲུང་དཔེ་འདིའི་ནང་གླིང་ཡུལ་ལ་ཁངས་ཆེན་བབས་ནས་རྨ་ཁོག་ཏུ་ས་གཡར་སྐབས“དེ་ནས་ཚ་ཞང་འདན་མ་བྱང་ཁྲ། སྟག་རོང་དཔོན་པོ་ཁྲོ་ཐུང་། རྒྱ་དཔོན་བ་དེ་དམར་ལུ། སྐྱ་ལོ་སྟོན་པ་རྒྱལ་མཚན། འབྲི་དགའ་བདེ་ཆོས་སྐྱོང་བེར་ནག་དང་རྒྱ་ཚ་ཞལ་དཀར་བཅས་འགྲོ་བ་ཁས་བླངས་ནས་ཕུ་ནུ་མི་དྲུག་རྨ་ཁོག་ཏུ་ཆས་སོ”ཞེས་པ་དང་། ཡང་ཕུ་ནུ་མི་དྲུག་དེ་རྨ་ཡུལ་དུ་སླེབས་ནས་རྒྱ་ཚས་ཇོ་རུ་ལ་བླངས་པའི་གླུ་ཚིག་གི་མཚམས་སྦྱོར་རམ་ངོ་སྤྲོད་ཀྱི་ནང་དུ“མི་དང་ང་ངོ་མ་ཤེས་ན། །འབུམ་པའི་རྒྱ་ཚ་ཞལ་དཀར་ཡིན། །དཔུང་རོགས་དཔའ་ཐུལ་མི་ལྔ་འདི། །གླིང་ཚོ་དྲུག་ནང་གི་མི་རེ་ཡིན། །”ཞེས་པ་ལས་རྨ་ཡུལ་དུ་ས་གཡར་དུ་འགྲོ་མཁན་ནི་གླིང་ཚོ་དྲུག་གི་ཚོ་བ་རེའི་ཚབ་མཚོན་དང་དེ་དག་གི་དཔའ་ཐུལ་གང་དག་ཡིན་པ་གསལ་པོར་ངོས་འཛིན་ཐུབ། གཞན་གླིང་ཚོ་དྲུག་ལ་རྨ་ཡུལ་ས་བགོས་བྱེད་སྐབས་གླིང་གི་དཔའ་ཐུལ་སྤྱིའི་མིང་བྱུང་ཡོད་པ་དང་། གླིང་གི་ཆེ་རྒྱུད་གསེར་བ་མཆེད་བརྒྱད་དང་།འབྲིང་རྒྱུད་འོམ་བུ་ཚོ་དྲུག །ཆུང་རྒྱུད་དམུ་སྤྱང་སྡེ་བཞི་ཞེས་སྒྲུང་དཔེ་དངོས་སུ་གླིང་ཆེ་རྒྱུད་དང་འབྲིང་རྒྱུད། ཆུང་རྒྱུད་གསུམ་དབྱེ་བ་བྱས་ཡོད་ལ། “ཨ་འབར་བུ་ཡི་འཕེན་སྟག་དང་། །ལྕགས་ནག་དཔོན་པོ་སིང་སིང་གཉིས། །གླིང་ཆེ་རྒྱུད་ས་དེའི་བཅུད་ལ་སྡོད། །འོམ་བུའི་སྤྱང་ཁྲི་རྔམ་ཆེན་དང་། །རྒོད་པོ་ཉི་མ་ལྷུན་གྲུབ་གཉིས། །འབྲིང་རྒྱུད་ས་སྡེའི་བཅུད་ལ་སྡོད། །རོང་ཚ་གུང་གི་དམར་ལེབ་དང་། །འབུམ་པའི་ཤེལ་དཀར་རྒྱང་གྲགས་གཉིས། །ཆུང་རྒྱུད་ས་སྡེའི་བཅུད་ལ་སྡོད། །”ཅེས་པ་འདི་དག་ལས་གླིང་ཚོ་དྲུག་གི་ཚོ་ཁག་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་མི་དམན་པ་ཞིག་ཐོན་ཡོད།

སྤྱིར་ལོ་རྒྱུས་སྙན་རྩོམ་ནི་མི་རིགས་ཤིག་གི་དུས་རབས་ངེས་ཅན་གྱི་ལོ་རྒྱུས་འདྲ་གཟུགས་ཡིན་ལ། ལྷག་པར་དུ་གེ་སར་སྒྲུང་ནི་བོད་རིགས་མི་དམངས་ཀྱི་འཚོ་བ་དང་བསམ་བློ་འདུ་ཤེས་མཚོན་པའི་ལོ་རྒྱུས་ཡིན། སྒྲུང་དཔེ་ནང་གི་ཇོ་རུས་གླིང་གི་ཡུལ་ཁྲིམས་ལ་འགལ་ནས་རྒྱང་ཕུད་དུ་བཏང་བ་ཡང་སྐབས་དེའི་ཚོ་བའི་གོམས་འདྲིས་སུ་གྱུར་པའི་ཁྲིམས་སྲོལ་ཞིག་ཡིན་པ་ཤེས་ཐུབ་ཅིང་། དེ་ནི་སྐབས་དེའི་ལོ་རྒྱུས་ཀྱི་སྣང་ཚུལ་ཞིག་ཡིན་པ་མ་ཟད་དེང་སྐབས་ཀྱི་འཚོ་བའི་ཁྲོད་དུའང་ལོ་རྒྱུས་ཀྱི་བྱེ་བྲག་འདྲ་གཟུགས་མཐོང་ཐུབ། ཇོ་རུ་རྨ་ཁོག་ཏུ་སྤྱུགས་རྗེས་ཇོ་རུས་རྨ་ཁོག་ལེགས་པར་བསྐྱངས་ནས་རང་ངོས་རང་འཛིན་ཐུབ་པ་དང་དཔའ་བསྐྱེད་པས་ཀྱང་རྗེས་སུ་ཕྱོགས་བཞི་དགྲ་བཞི་འདུལ་བ་དང་རྫོང་ཆེན་བཅོ་བརྒྱད་ཕབ་པའི་ས་བོན་ལྟ་བུ་ཞིག་གྲུབ་ཡོད། གཞན་ཡང་ཇོ་རུའི་མགོར་མི་མཛའ་རྒོ་ཕོ་ཅོག་ཞུ་དང་། ལུས་མི་མཛའ་བེའུ་རྩག་མཐའ་གྱོང་། རྐང་མི་མཛའ་རྟ་ལྷམ་དམར་སུག་གྱོན་ནས་ལྕང་དཀར་བེར་ཀ་ལ་བཞོན་པ་སོགས་ལས་གེ་སར་སྒྲུང་གི་མི་གཤིས་དེ་ལྷ་གཤིས་ལས་བརྒལ་ཡོད་པ་དང་ལོ་རྒྱུས་དངོས་ཡོད་མཚོན་པོའོ། །

མདོར་ན། རྨ་ས་བཟུང་གི་སྒྲུང་དཔེ་འདི་ས་མིང་གི་ཁྱད་ཆོས་འབུར་དུ་ཐོན་པའི་སྒྲུང་དཔེ་ཞིག་ཡིན་ལ། དེ་མིན་ཇ་མཁར་བཞི་བཞེངས་ཚུལ་སོགས་ཀྱང་བྲིས་ཡོད། མ་འོངས་པར་ང་ཚོས་ཇ་མཁར་སྨུག་པོའི་རྗེས་ཤུལ་བཙལ་ཞིང་ཞིབ་འཇུག་བྱ་དགོས་ཚེ་རྨ་ས་བཟུང་འདི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་ཆགས་ཡོད་པས་རིན་ཐང་ཆེན་པོ་ཡོད་པར་སྙམ་ལ། དགེ་རྒན་ཆེན་པོ་སྨན་ཤུལ་རིན་ཆེན་རྡོ་རྗེ་མཆོག་གིས། གལ་ཏེ་ཇ་མཁར་དག་གི་རྗེས་ཤུལ་དང་རྨ་ཡུལ་ས་མིང་སོ་སོའི་རྗེས་ཤུལ་འཚོལ་ཐུབ་ན་གླིང་སྒྲུང་ཞིབ་འཇུག་ལ་ཕན་པ་རྒྱ་ཆེར་ཡོད་ཅེས་གསུངས་པ་ནི་དོན་གནད་གལ་ཆེན་ཞིག་ཏུ་ཆགས་ཡོད། གཞན་གླིང་ཚོ་དྲུག་གི་ཚོ་ཁག་ཞིབ་འཇུག་སྐབས་དེའི་ཚོ་ཁག་གི་སྒྲིག་གཞི་ཞིབ་འཇུག་ལའང་ནུས་པ་གལ་ཆེན་ཡོད་པར་སེམས། རྗེས་ཤུལ་དེ་དག་ལས་གླིང་སྒྲུང་གི་ཞིབ་འཇུག་ལ་སྔར་ལས་ལྷག་པའི་ཐོལ་བརྒལ་གསར་པ་ཞིག་དང་། གླིང་སྒྲུང་ཞིབ་འཇུག་ལ་སྔར་ན་མེད་པའི་ལམ་ཁ་གསར་པ་བསྐྲུན་ཐུབ་པར་འདོད། །

མཆན།

①②⑦ སྨན་ཤུལ་རིན་ཆེན་རྡོ་རྗེ། 《གེ་སར་སྒྲུང་གི་ས་མིང་ཞིབ་འཇུག》 [ M ]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2011

③④⑤⑥⑧⑨⑩ 《གེ་སར་སྒྲུང་ཡིག་ཆེན་མོ》ལས 《རྨ་ས་བཟུང་དར་དཀར་མདུད་པ》 [Z] ཧྲང་ཧའེ། ཧྲང་ཧའེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།