དཔེ་ཆོས་རྩོམ་རིག་གི་སྤྱོད་སྒོ་ལ་དཔྱད་པ།

གླེང་གཞི།

དཔེ་ཆོས་ནི་བརྗོད་འདོད་ཀྱི་དོན་གང་ཞིག་ཉན་པ་པོར་བརྡ་ལེགས་པོར་སྟོན་སླད་དཔེ་ཡི་སྒྱུ་རྩལ་ཚད་མཐོན་པོར་སོན་པ་དག་གིས་མཚོན་པ་ཞིག་ཡིན་ཏེ། དེ་ཡང་དགེ་བའི་བཤེས་གཉེན་མཆོག་གིས “དཔེ་ཆོས་ཞེས་པའི་མིང་ཡང་མངོན་པའི་དཔེ་དང་དེའི་རྒྱབ་ཆོས་སམ་དཔེ་དེ་ཉིད་ཀྱི་འབྱུང་རྒྱུའི་ཆོས་གཉིས་ལས་ཐོགས་པར་སེམས”ཞེས་གསུངས་པ་བཞིན། དཔེ་ཆོས་ནི་མངོན་པའི་དཔེ་དང་མི་མངོན་པའི་རྒྱབ་ཆོས་གཉིས་ཀྱིས་གྲུབ་པ་ཞིག་རེད། ཡིན་ན་ཡང་དཔེ་ཆོས་ལ་གོ་བ་ཡག་པོ་མ་བླངས་པར་ཀོ་གྱོང་ལག་མཉེས་དང་། གྱོང་ཁ་འབུར་གསོས། ཀླད་མེད་མགོ་སྐོར་སོགས་ཀྱིས་མཚོན་པའི་དཔེ་ཙམ་པོ་བ་སྐོར་ཞིག་ཕྱོགས་གཅིག་ཏུ་བསྡུས་ཏེ་དཔེ་ཆོས་ཚིག་མཛོད་ཅེས་པའི་དེབ་བསྒྲིགས་ཡོད་པ་ནི་མཁས་པས་ཐུགས་མཉམ་མ་བཞག་པའི་སྐྱོན་དུ་སྣང་། འདི་ལྟར་དཔེ་ཆོས་དང་དཔེ། གཏམ་དཔེ་སོགས་ཀྱི་དབྱེ་བ་གསལ་པོར་མ་ཕྱེས་པར་ཉ་ཉུང་མཉམ་བསྲེས་ཀྱི་སྣང་ཚུལ་མང་བ་དང་། ཁྱད་པར་དུ་དེང་གི་ཆར་དཔེ་ཆོས་ཀྱི་ངག་རིག་སྒྱུ་རྩལ་བེད་སྤྱོད་ཐད་ཅུང་ཟད་ཉམས་དམས་སུ་གྱུར་ཡོད་པའི་གནས་བབ་ལ་དམིགས་ཏེ་གུས་པས་དཔེ་ཆོས་ཀྱི་སྒྱུ་རྩལ་རིན་ཐང་ནམ་གཞར་མི་ཉམས་པའི་མཐུན་རྐྱེན་དུ་འགྱུར་ན་སྙམ་པའི་ཀུན་སློང་གིས་མདུན་བསུས་ཏེ་དཔེ་ཆོས་ཀྱི་སློབ་གསོའི་སྤྱོད་སྒོ་སོགས་ལས་དྲངས་ཏེ་རང་གི་རྨོངས་བློར་ཤར་ཚོད་ཀྱིས་འདོད་དོན་ཕྱོགས་གསུམ་ནས་བྲི་བར་འདོད་དོ། །

དང་པོ། རྩོམ་པའི་རྗོད་བྱེད་ལ་དཔེ་ཆོས་ཀྱི་རིག་འཕྲུལ་སྤྱོད་པ།

“དེ་ལྟར་ཐོག་མའི་ངག་རྣམས་བཤད་ནས་བསྟན་བཅོས་ཀྱི་ལུས་རྩོམ་པ་ན་སྒྲའི་རྒྱུ་ཡི་གེ་དང་། མིང་དང་ཚིག་གི་ཚོགས་གསུམ་བཤད་དོ། །” ཞེས་གསུངས་པ་བཞིན་རྩོམ་པའི་ལས་སུ་གཞུག་ཚེ་ངེས་པར་དུ་ཚོགས་གསུམ་གྱི་སྦྱོར་བར་བརྟེན་ཏེ་ནང་གི་ཀུན་སློང་མཚོན་པར་བྱ་དགོས་པས། རྗོད་བྱེད་ཀྱི་ཚིག་སྦྱོར་ལ་དང་དོད་མ་བྱས་ཚེ་ཕ་རོལ་པར་གོ་བརྡ་ཇི་བཞིན་དུ་སྤྲོད་མི་བཏུབ་པ་དང་། རང་ཉིད་ཐ་སྙད་བེད་སྤྱོད་ཙམ་ལའང་རྨོངས་པའི་ཉེས་མིང་ཡང་ཞར་ལ་འཁུར་དགོས་པས་དེ་ལ་ཐུགས་སྣང་མཛད་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་སེམས། དེ་བས་ཇི་ལྟར་བརྗོད་པའི་ཚིག་ཕ་རོལ་པས་དེ་ལྟར་བདེ་བླག་ཏུ་གོ་བའི་རྨང་གཞིའི་སྟེང་། ཚིག་གི་སྦྱོར་བ་ལེགས་པར་སྤེལ་ནུས་ཚེ་རབ་ཀྱི་རྩེ་མོ་ཡིན་པས་བོད་ཀྱི་རྩམ་དྲི་དང་འོ་དྲི་མ་ཡལ་བའི་དཔེ་ཆོས་དེ་རྩོམ་པའི་རྗོད་བྱེད་དུ་དྲངས་ཚེ།བརྗོད་འདོད་ཀྱི་དོན་གང་བརྡ་ལེགས་པར་སྤྲོད་པར་གཞོགས་འདེགས་ཀྱི་ནུས་པ་ཐོན་པར་མ་ཟད་ཚིག་སྦྱོར་གྱི་རིག་འཕྲུལ་གྱིས་ལྟ་འདོད་ཀྱི་སྲེད་པ་སློང་ནུས་པ་གདོན་མི་ཟའོ། ། ང་ཚོས་དཔེ་ཆོས་ཤིག་མཐོང་མ་ཐག་དེའི་རྒྱབ་ཆོས་རྟོགས་འདོད་ཀྱི་བློ་ཞིག་དེ་མུར་རྒྱུད་ལ་སྐྱེས་ཡོང་བས།ཀློག་པ་པོར་གཞིགས་འབྲེལ་གྱི་བར་སྟོང་ཞིག་བསྐྲུན་ཐུབ་ཅིང་། རྒྱབ་ཆོས་ཀྱི་བྱུང་རིམ་ལ་གསོན་ཉམས་ལྡན་ཞིང་འཆར་ཡན་ཕུན་སུམ་ཚོགས་པས་ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་པ་དང་དོན་གྱི་བྱུང་བ་བརྙན་རིས་བཞིན་མིག་ལ་སྣང་ཡོང་ངོ་། ། ས་སྐྱ་པཎྚི་ཏས“མཁས་པ་མཁས་པའི་ནང་ན་མཛེས། ། བླུན་པོས་མཁས་པ་ཇི་ལྟར་གོ། ། ཙན་དན་གསེར་བས་རིན་ཆེ་བ། ། བླུན་པོས་སོལ་བར་བྱས་ལ་ལྟོས། །”ཞེས་དོན་གྱི་གོ་བ་འབྱིན་ཕྱིར་དཔེ་ཆོས་ཤིག་དྲངས་པར་བརྟེན་སྣང་བརྙན་གྱི་སྒོ་ནས་གནས་ལུགས་སྟོན་པའམ་དོན་གནད་འབུར་དུ་ཐོན་པར་གལ་ཆེའི་ནུས་པ་ཐོན་ཡོད་པ་དང་། གཞན་ཡང་སྤྱན་སྔ་བློ་གྲོས་རྒྱལ་མཚན་མཆོག་གིས“ཆོས་འཇིག་རྟེན་ཐམས་ཅད་ལས་ཉམས་པའི་རྒྱུ་ནི་བླུན་ཞིང་གཏི་མུག་པ་ཉིད་ཡིན་ཏེ།དཔེར་ན་ཐ་ག་པ་བཞིན་ནོ། །” ཞེས་དཔེ་ཆོས་ཤིག་དྲངས་པའི་རྗེས་སུ་ཐ་ག་པའི་རྒྱབ་ཆོས་ཀྱང་བཀོད་ཡོད་པས་བསྟན་བྱའི་དོན་གོ་སླ་ཞིང་འཛིན་བདེ་བ། ཡིད་ལ་ངེས་པ་སླ་བ་སོགས་ཀྱི་ནུས་པ་ཐོན་ཡོད། དེ་ལྟར་དཔེ་ཆོས་ཀྱི་བྱེད་ནུས་ཀྱིས་དོན་གྱི་འབྲས་བུ་ཡིད་ཀྱི་འཁྲི་ཤིང་ལ་སྨིན་དུ་བཅུག་པས་དོན་གྱི་བྱུང་བ་ནམ་གཞར་ཡང་བསྙེལ་དུ་མེད་ལ། བུ་རམ་མུར་བ་བཞིན་དུ་ཚིག་དང་དོན་གྱི་མངར་ཆས་མུ་མཐུད་དུ་དོན་དང་ཚིག་གི་སྦྱོར་བ་ལ་ལྟ་འདོད་ཀྱི་ཀུན་སློང་གཤའ་མ་ཞིག་ཀྱང་སྐྱེས་ཡོང་ངོ་། ། “དོན་གྱི་ཉམས་སམ་རྒྱན་མེད་ན་ཚིག་གི་ཉམས་འབའ་ཞིག་གིས་སྙན་ངག་ཏུ་མི་འགྱུར་རོ། །”ཞེས་གསུངས་པ་བཞིན་རྩོམ་རིག་འབྲི་མཁན་ཞིག་ལ་མཚོན་ན་དོན་དང་ཚིག་གི་ཉམས་འགྱུར་གྱིས་ཕྱུག་པའི་རྩོམ་ཞིག་མི་ཡུལ་གྱི་སྐྱེས་སུ་དབུལ་བར་འབད་བརྩོན་བྱེད་བཞིན་ཡོད་པས་ཡབ་མེས་རྣམས་ཀྱིས་སྤྱི་ཚོགས་ལ་ཉམས་ཞིབ་དང་བློ་གྲོས་ཀྱིས་དཔྱད་བསྡུར་མཛད་དེ་འོ་མ་ལས་མར་གསར་བཏོན་པ་བཞིན། དཔེ་ཆོས་ཀྱི་རིག་འཕྲུལ་དེ་ང་ཚོའི་བགོ་སྐལ་དུ་གནང་ཡོད་པས། ང་ཚོས་རྩོམ་བྲི་བའི་གོ་རིམ་ཁྲོད་དཔེ་ཆོས་བེད་སྤྱད་ཚེ་གོང་གི་རེ་སྨོན་དེའང་བདེ་བླག་ཏུ་འགྲུབ་ཐུབ་པར་འདོད། དེའི་རྒྱུ་མཚན་ཡང་དཔེ་ཆོས་ནི་དོན་གྱི་བསྡུས་གཟུགས་ཤིག་ཡིན་པས་རྒྱབ་ཆོས་ཀྱི་བྱུང་བར་དོན་དང་ཚིག་གི་ཉམས་ཕུན་སུམ་ཚོགས་པ་མངའ་བའི་ཕྱིར།དེ་ལ་དགེ་བའི་བཤེས་གཉེན་མཆོག་གི“རྒྱབ་ཆོས་འོ་མའི་ཚིག་རོ་མངར་ཞིང་མངོན་དཔེ་མར་གསར་གྱི་བཅུད་ཆེ་བ”ཞེས་གསུངས་པ་ལས་ཀྱང་རྟོགས་སླའོ། ། རང་རེའི་བོད་ལ་མཚོན་ན་དཔེ་ཆོས་རིན་ཆེན་སྤུངས་པ་ནི་དཔེ་ཆོས་ཀྱི་བང་མཛོད་ཅིག་དང་དཔེ་ཆོས་ཐར་ཐོར་མཛོད་དུ་སྡེབ་པ་ཐོག་མའང་ཡིན་པས། དེས་ན་མར“བྲག་ཕུག་བྱང་ལྟོས་དམུས་ལོང་བཞིན། །ཁྱི་རིའི་རྫིང་བུ་དགྲ་ལྷ་སྨན། །”ཞེས་པའི་ཚིག་ཅིག་ཡོད་ལ་དེའི་ནང་ནས་དཔེ་ཆོས་གཅིག་ཁོལ་དུ་ཕྱུང་ནས་དཔྱད་པར་བྱ་སྟེ། ཁྱི་རའི་རྫིང་བུ་ལྟ་བུར་མཚོན་ན་དེའི་རྒྱབ་ཆོས་ནི“གཅིག་གིས་གནམ་མཚོ་ཕྱུག་མོའི་ལོ་རྒྱུས་བཟླས་པས། རྒན་མོ་གཅིག་ན་རེ།གནམ་མཚོ་ཕྱུག་མོའམ་དེ་ཁྱི་རའི་རྫིང་པོ་ཆེ་ཙམ་ཞིག་ཡོད་དམ་ཟེར་སྐད།”དེ་ནི་ལྟ་རྒྱ་ཐོས་རྒྱ་ཆུང་ཞིང་རང་ཡུལ་ལས་ས་རྒྱུས་ཆུ་རྒྱུས་མེད་པ་སྟོན་པའི་དཔེ་ཆོས་ཤིག་ཡིན་པ་རེད། འདིར་བཤད་འདོད་པ་ནི་ང་ཚོས་ཚིགས་བཅད་སྙན་ངག་དང་དེང་རབས་སྙན་ངག་གཞན་སྒྲུང་གཏམ་དང་ལྷུག་རྩོམ་སོགས་གང་ཞིག་བྲི་ནའང་གོང་གི་དཔེ་ཆོས་ཀྱིས་མཚོན་པའི་དཔེ་ཆོས་དག་བེད་སྤྱོད་དང་གཞན་སྐབས་བབ་རྩོམ་གྱི་དགོས་མཁོ་ལྟར་དཔེ་ཆོས་གསར་གཏོད་ཀྱིས་རྩོམ་པའི་རྗོད་བྱེད་ལ་དཔེ་ཆོས་ཀྱི་རིག་འཕྲུལ་སྤྱད་ན་བརྗོད་འདོད་ཀྱི་དོན་གང་ཞིག་བརྡ་ལེགས་པར་སྟོན་པར་གལ་ཆེའི་ནུས་པ་ཐོན་པར་མ་ཟད། སྐབས་དེ་གའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་སམ་ཡུལ་ལུགས་གོམས་གཤིས་ལའང་རྒྱུས་ལོན་ཟབ་མོ་བྱེད་ཐུབ། དཔེ་ཆོས་ཀྱི་རྒྱབ་ཆོས་ལ་ཉམས་ཕུན་སུམ་ཚོགས་པ་མངའ་བས་ཀློག་པ་པོའི་སེམས་ཀྱི་མཚོ་མོ་ལ་ཡིད་འགྱུར་གྱི་རྦ་རླབས་སྣ་ཚོགས་དྲག་ཏུ་འཕྱུར་བར་བྱེད་ཅིང་བརྗོད་འདོད་ཀྱི་དོན་གང་ཆུ་ལ་ཆུ་བཞག་གི་ཚུལ་གྱིས་སེམས་ངོས་སུ་འཇོག་ནུས་པར་འདོད་དོ། །

གཉིས་པ། སློབ་ཁྲིད་བྱེད་ཐབས་ལ་དཔེ་ཆོས་ཀྱི་ངག་རིག་སྦྱོར་བ།

ཀུན་གྱིས་མཁྱེན་གསལ་ལྟར་སློབ་གསོ་ནི་འཛམ་གླིང་ཤར་ནུབ་མེད་པར་མི་བྱིངས་ཀྱིས་དོ་སྣང་དང་གཙིགས་ཆེན་གནང་སའི་ལས་དོན་གལ་ཆེན་ཞིག་ཡིན་ལ། སློབ་གསོ་ནི་མི་རིགས་དང་རྒྱལ་ཁབ་ཅིག་འཕེལ་རྒྱས་ཀྱི་རྨང་རྡོ་ཡིན་ཞེས་མགྲིན་གཅིག་གིས་གླེང་བཞིན་ཡོད། དེང་གི་ཆར་སློབ་གསོ་གཏོང་ཡུལ་གྱི་ཀུན་སྤྱོད་དང་ཤེས་ཡོན་གོང་འཕེལ་དུ་གཏོང་སླད་སློབ་གསོའི་བྱེད་ཐབས་ཀྱང་སྣ་མང་བེད་སྤྱོད་བྱས་དང་བྱེད་མུས་སུ་ཡོད། སློབ་གསོ་ལ་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་སོགས་ཡོད་ལ། འདིར་གླེང་བར་འདོད་པ་ནི་སློབ་གསོའི་སྲོག་ཤིང་སྟེ་སློབ་གྲྭའི་སློབ་གསོ་ཡིན། སློབ་གྲྭའི་སློབ་གསོ་ནི་སློབ་ཁྲིད་དང་དམ་ཟབ་ཏུ་འབྲེལ་ཡོད་པས། དེ་ལ“འཆད་བྱེད་བཤད་པར་བྱ་བའི་ཡུལ། ། བཤད་པར་བྱ་བ་རྣམ་པ་གསུམ། ། འཆད་པར་བྱེད་པ་སློབ་དཔོན་དང་། ། བཤད་པར་བྱ་བའི་ཡུལ་སློབ་མ། ། བཤད་པར་བྱ་བའི་ཆོས་སོ། ། ”ཞེས་འབྱུང་བ་བཞིན་སློབ་ཁྲིད་ཅིག་བྱེད་པ་ལ་འཆད་མཁན་སློབ་དཔོན་དང་བཤད་སའི་ཡུལ་སློབ་མ། བཤད་བྱ་ཆོས་གསུམ་གཅིག་ལ་གཅིག་འབྲེལ་དུ་ཡོད་པར་མ་ཟད། གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་སློབ་དཔོན་གྱི་མཚན་ཉིད་དང་། བློ་གསལ་ཤེས་འདོད་བླ་མར་གུས་ཞེས་སློབ་མའི་མཚན་ཉིད། ལུང་རིགས་རྗེས་སུ་གདམས་པའོ། ། ཞེས་བཤད་པར་བྱ་བའི་ཆོས་ཀྱི་ཁྱབ་ཁོངས་སོགས་མ་འདྲེས་པར་དམ་པ་གོང་མ་དག་གིས་གསུངས་ཡོད་པས། ང་ཚོས་སྔོན་བྱོན་མེས་པོ་དག་གི་རྣམ་དཔྱོད་ལས་འཁྲུངས་པའི་ཤེས་རིག་གི་རྣམ་གྲངས་དེ་དག་ལ་དཔྱད་བསྡུར་གྱི་བློ་མིག་སྤྱད་དེ་སྙིགས་དོར་བཅུད་ལེན་བྱ་རྒྱུ་དང་། སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དགེ་རྒན་དང་སློབ་མའི་དབྱེ་བ་མེད་པར་མཉམ་དུ་སློབ་སྦྱོང་བྱ་རྒྱུ་ནི་སློབ་གསོ་ལེགས་ལམ་དུ་བགྲོད་པའི་སྔོན་འགྲོར་འཁུམས། དེ་ཡང“གྲུབ་མཐའ་གཞན་དག་ལ་སྒོམ་མེད་ཟེར་བ་མིན་རུང་། སྒོམ་ཡག་པོ་བྱུང་བའི་དགེ་མཚན་དང་ཡག་པོ་མ་བྱུང་བའི་སྐྱོན་རྣམས་གསལ་བཤད་གནང་སྟངས་ཐོག་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ནང་བཞིན་གསལ་བཤད་གནང་ཐུབ་མཁན་བྱུང་མེད་པས་དེའི་ཐོག་ནས་བཤད་པ་མ་གཏོགས། གྲུབ་མཐའ་གཞན་དག་གི་བླ་མ་གོང་མ་ཚོ་རྟོགས་པ་ཤིན་ཏུ་མཐོན་པོར་ཕེབས་པ་ཧ་ཅང་མང་པོ་ཡོད།”ཅེས་པའི་གསུང་ཚིག་ལས་འཆད་ཐབས་ཀྱི་གལ་ཆེའི་རང་བཞིན་རྟོགས་ཡོང་ལ།ཕྱི་རབས་པར་ཕྱི་ནང་གི་རིག་གནས་གང་ཞིག་བསྟན་ཀྱང་ཇི་ལྟར་འཆད་པའི་ཐབས་རྩལ་ཡང་དག་ཅིག་འཚོལ་དགོས་པའི་གནད་ཀྱང་ངེས་ཡོང་། འདིར་དམ་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་དཔེ་ཆོས་ཀྱི་ངག་རིག་སྒྱུ་རྩལ་སྤྱད་ན་སློབ་མའི་ཤེས་རྒྱུད་སྨིན་པར་གཞོགས་འདེགས་ཀྱི་ནུས་པ་བླ་ལྷག་ཐོན་པར་འདོད་པས་དེའི་ཕྱོགས་ནས་མདོ་ཙམ་གླེང་བར་བྱའོ། །

དེ་ཡང“མཁས་པར་བགྲང་བ་རྣམས་ནི།སྨྲ་བརྗོད་གཙང་ཞིང་།གཏམ་རིང་པོ་དཔེ་སྣ་ཚོགས་དང་སྦྲེལ་ཏེ་ལབ་ནུས་པ་དག་ཡིན།”ཞེས་དང“དཔེ་དུ་མའི་སྒོ་ནས་མཚོན་ཏེ་གསུངས་པའི་དགོས་པ་ནི།དཔེའི་སྒོ་ནས་དོན་མྱུར་དུ་རྟོགས་པར་འགྱུར་ཏེ། རྟོགས་པ་བརྗོད་པའི་སྡེ་བྱ་བ་ཡང་། དཔེའི་སྒོ་ནས་བསྟན་པ་ལ་གསུངས་པ་ཡིན།མདོ་སྡེ་པད་མ་དཀར་པོ་དང་།དཀོན་མཆོག་ཏ་ལ་ནས་ཀྱང་དཔེས་བསྟན་ན་རྟོགས་སླ་བར་གསུངས།”ཞེས་གསུངས་པ་བཞིན་དཔེར་བཀོད་དེ་འཆད་ན་ཉན་པ་པོས་གོ་བདེ་བར་འགྱུར་བས་ང་ཚོས་འཆད་བྱའི་ནང་དོན་གང་དཔེ་ཆོས་ཀྱི་ལམ་ནས་འཆད་རྒྱུ་ནི་བྱེད་ཐབས་ཡག་པོ་ཞིག་ཏུ་མཐོང་། སྔོན་འགྲོའི་སློབ་གསོ་མྱོང་བཞིན་པའི་ཁྱེའུ་ཚོགས་ལ་ཁོང་ཚོའི་བློ་ཁ་དང་འཚམ་ཞིང་ཡིད་ལ་ངེས་བདེ་བའི་དཔེ་ཆོས་ཀྱི་རིགས་འགུལ་རིས་ཀྱི་རྣམ་པར་བཟོ་བའམ་རི་མོའི་གཟུགས་སུ་ཕབ་སྟེ་ངོ་སྤྲོད་བྱ་ནུས་ཚེ་དོན་གྱི་འདལ་ཀ་ཆེ་བར་འདོད། དེ་ནས་སློབ་ཆུང་དང་དམའ་འབྲིང་རིམ་པར་གོམ་གང་མདུན་སྤོས་ཀྱིས་ཁྲིད་བྱའི་ནང་དོན་དཔེ་ཆོས་དང་སྦྱར་ནས་འཆད་ཚེ་དོན་བདེ་ལེགས་ཀྱིས་སྟོན་པར་གཞོགས་འདེགས་འདོན་ནུས་ལ་སློབ་སྦྱོང་གི་དང་བའང་འདྲེན་ནུས་པར་འདོད། དེའི་རྒྱུ་མཚན་ཡང་ལོ་རྒྱུས་ལ་ཕྱིར་མིག་ཅིག་འཕངས་ཚེ་ངེས་ཤེས་ཟབ་མོ་ཞིག་སྟེར་ནུས་ཏེ། བཀའ་གདམས་དགེ་བའི་བཤེས་གཉེན་པོ་ཏོ་བ་མཆོག་གིས་དབང་པོའི་ཡུལ་དུ་གྱུར་པའི་སྣང་ཚུལ་དང་དེ་ལས་བྱུང་བའི་བློ་སྐྱེད་མཐའ་དག་སློབ་མ་སྐྱོང་བའི་ཐབས་སུ་བཀོལ་པས་སྲོལ་རྒྱུན་སློབ་ཁྲིད་ཐབས་རྩལ་ལ་ཕྱག་རྗེས་བླ་མེད་བཞག་ཡོད། དེ་ལ་དགེ་བའི་བཤེས་གཉེན་མཆོག་གིས“ཁོང་ནི་བཀའ་གདམས་པའི་དགེ་བཤེས་བརྒྱ་སྟོང་གི་ཚོགས་རྣམས་ལས་སློབ་མའི་ཚོགས་ལ་ཆོས་འཆད་པའི་ཐབས་རྩལ་ཕུན་སུམ་ཚོགས་ཤོས་པོ་དེ་ཡིན་ཞིང་། སློབ་མ་ཉིས་སྟོང་བརྒྱད་བརྒྱ་ལྷག་གམ་སུམ་སྟོང་ལྷག་ལ་དཔེ་ཆོས་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོའི་ནུས་པ་ལ་བརྟེན་ནས་སློབ་ཁྲིད་ཀྱི་རྒྱུན་ཡུན་རིང་བསྐྱངས་པས། མཁས་བཙུན་བཟང་གསུམ་གྱི་སློབ་མ་མང་དག་གསོ་སྐྱོང་ཐུབ་ཅིང་། བོད་ཀྱི་དཔེ་ཆོས་དང་དེའི་རིན་ཐང་མ་ལུས་པ་མི་རབས་ཕྱི་མ་ནས་ཕྱི་མར་བརྒྱུད་སྤྲོད་ཐུབ་པ་བྱུང་ཡོད་ལ། དགེ་འདུན་སྟོང་ཕྲག་འགའ་ཞིག་ཚེ་འདི་ཉིད་བློས་བཏང་གིས་སྒོ་གསུམ་དབྱེར་མེད་གཅིག་ཏུ་བསྡུ་ཐུབ་པའི་མཛད་པ་དེ་འདྲ་དེ་གོང་དུ་རྒྱ་གར་དུའང་བྱུང་མ་མྱོང་བར་གྲགས་སོ། །”ཞེས་པའི་ཚིག་འདི་ལས་རྒྱབ་རྟེན་གྱི་ལུང་གཞན་ཞིག་མི་མཁོ་བར་འདོད་དོ། ། “ང་ཚོར་ལག་རྩལ་དང་སེམས་ཁམས་སྟེང་གི་ཤེས་བྱ་འབྱོར་རྗེས། ཤེས་བྱ་དེ་དག་གི་རྣམ་གཞག་ལྟར་འཚོ་བར་ཟབ་ཞུགས་བྱེད་པའམ།ཡང་ན་འཚོ་བར་ཟབ་ཞུགས་བྱེད་པའི་གོ་རིམ་ཁྲོད་ཤེས་བྱ་བསྡུ་ལེན་བྱེད་དགོས།”ཞེས་གསུངས་པ་ལྟར་ང་ཚོས་འཚོ་བ་དང་ཡ་མ་བྲལ་བའི་ཤེས་བྱའི་རྒྱགས་ཕྱེ་མནབས་ནས་ཀུན་ལ་ཕན་པའི་མི་ཞིག་བྱེད་རྒྱུ་ནི་གལ་ཆེན་དུ་འདོད། དེ་ཡང་སློབ་གསོའི་སློབ་ཁྲིད་ཀྱི་ཐབས་ལམ་ལེགས་པོ་ཞིག་འཁྱོངས་མིན་ནི་མི་རབས་ཤིག་ལེགས་ལམ་ལ་ཁྲིད་ཐུབ་མིན་གྱི་ཚད་གཞི་ངེས་ཅན་ཞིག་ཡིན་པས།དེར་སྣང་མེད་ཡེ་ནས་བྱེད་མི་རུང་། དགེ་བཤེས་པོ་ཏོ་བས་སྐབས་བབ་ཀྱི་དོན་གང་ཞིག་འཆད་ཀྱང་དོན་གྱི་འཇལ་ལོན་ཆེ་ལ་བསྟན་པར་ཕན་ཅིང་འདལ་ཀ་ཆེ་བའང་དོན་དུ་དཔེ་ཆོས་ཀྱི་ཕན་ནུས་ཡིན་ཏེ་གཏམ་ཅི་གསུངས་ཐམས་ཅད་གནད་ལ་ཁེལ་ཞིང་འཛིན་བདེ་བས་ཡིན། དེ་ཡང“པོ་ཏོ་བའི་དཔེ་ཆོས་ཞེས་གྲགས་ཆེ། ཁོང་གི་དཔེ་ཆོས་སུ་གཏམ་རྒྱུད་ཐུང་ངུ་དང་གབ་སྒྲུང་མི་ཉུང་བ་ཞིག་ཡོད་ལ། དེ་དག་ནི་གསོན་ཉམས་ལྡན་ཞིང་མངོན་སུམ་ལྟར་སྣང་ལ། སློབ་གསོ་དང་བློ་སྒོ་འབྱེད་པའི་ནུས་པ་ཤིན་ཏུ་ཆེ།”ཞེས་བཤད་པ་ནི་དོན་ལ་གནས་པའི་གཏམ་དུ་སྣང་། གོང་དུ་བཤད་པ་བཞིན་འཆད་བྱའི་གཞུང་དེ་དཔེ་ཆོས་ཀྱི་ངག་རིག་སྒྱུ་རྩལ་ལ་དྲངས་ན་སློབ་གསོའི་བྱ་གཞག་ཀུན་བླ་ནས་བླ་རུ་འཕེལ་ནུས་ཤིང་དཔེ་ཆོས་ཀྱི་སྤྱོད་སྒོའང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་མ་ཟད་རྣམ་གྲངས་ཀྱང་ཇེ་མང་ཇེ་འཕེལ་དུ་སོང་སྟེ་ག་ས་གང་དུ་རྒྱ་ཁྱབ་ཏུ་འགྲོ་བར་གདོན་མི་ཟའོ། །

གསུམ་པ། དཔེ་ཆོས་བསྡུ་སྒྲིག་དང་གསར་གཏོད་ཀྱི་ལམ་བུ་འཚོལ་བ།

དཔེ་ཆོས་ཀྱི་ངག་རིག་སྒྱུ་རྩལ་སྒོ་དུ་མ་ནས་འཕེལ་རྒྱས་ཀྱི་ལམ་བུར་འདྲེན་དགོས་ཚེ་སྔར་ཡོད་ཀྱི་དཔེ་ཆོས་འཚོལ་བསྡུ་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་དཔེ་ཆོས་གསར་གཏོད་བྱེད་རྒྱུ་ནི་ཡང་དག་ཐབས་ལམ་ཡིན་པར་འདོད་དེ།ཐོག་མར་དཔེ་ཆོས་འཚོལ་བསྡུའི་སྐོར་ནས་བཤད་པར་བྱ་སྟེ།དེ་ཡང་དགེ་བའི་བཤེས་གཉེན་མཆོག་གིས“དཔེ་ཆོས་རིན་ཆེན་སྤུངས་པ་འདི་ཉིད་ནི་བོད་ཀྱི་དཔེ་ཆོས་མཛོད་དུ་བསྡེབས་པ་ཐོག་མ་དེ་ཡིན་ཞེས་བརྗོད་ཆོག ”ཅེས་གསུངས་པ་ལྟར་དཔེ་ཆོས་ཀྱི་དེབ་དེ་གར་དཔེ་ཆོས་ག་ཚོད་ཙམ་ཡོད་མེད་དང་དཔེ་ཙམ་པོ་བ་ག་ཚོད་ཙམ་ཡོད་མེད་ཀྱི་དབྱེ་བ་གསལ་བར་བྱ་རྒྱུ་དང་། གཞན་དཔེ་ཆོས་རིན་སྤུངས་དང་བེའུ་བུམ་སྔོན་པོར་བྱུང་བའི་དཔེ་ཆོས་འགའ་ལ་མིང་བཏགས་མེད་པས་དེ་དག་ལ་མིང་གསོལ་ནས་དཔེ་ཆོས་ཀྱི་མིང་མཛོད་ཅིག་བསྒྲིག་རྒྱུ་ནི་གལ་ཆེན་དུ་སེམས། དཔེར་ན“ཕ་རྒད་པོ་གཅིག་ལ་བུ་ཨ་ཕ་ད་ཆོས་རན་གྱིས། ཆོས་ཀྱིས་ངས་རྒྱགས་ཕྱེ་སྐྱལ་གྱིས་བྱས་པས།རུང་སུས་ཀྱང་མི་ནུས་པ་དེ་ངས་བྱ་བ་ལས་ཟེར་ལོ། །”འདི་ལྟ་བུ་ལ་མིང་བཏགས་མེད་པས་དཔྱོད་ལྡན་དག་གིས་དཔེ་མིང་མཐོང་མ་ཐག་རྒྱབ་ཆོས་ལྷང་ངེར་དྲན་ཡོང་བའི་དོན་དང་ལྡན་པའི་མིང་ཞིག་གདགས་རྒྱུ་གལ་ཆེ།ངན་བུ་རང་ལ་མཚོན་ན་ཨ་ཕར་སྐུལ་བའི་ཆོས་ལྟ་བུ་ཞིག་འདོགས་སྲིད། རྒྱུ་མཚན་དཔེ་ཆོས་གང་ལ་བལྟས་ཀྱང་དཔེ་མིང་ནི་རྒྱབ་ཆོས་ལས་བྱུང་བའི་དོན་དང་དེ་གར་བྱུང་བའི་གནད་ཚིག་ལས་བཏགས་པ་ཤས་ཆེ་བས་ཕྱིར་རོ། ། “སྤྱིར་དཔེ་ཆོས་ལ་བསམ་གྱིས་མི་ཁྱབ་ཀྱང་དགེ་བའི་བཤེས་གཉེན་དེས། མདོ་རྒྱུད་བསྟན་བཅོས་རྣམས་གཟིགས་པ་དང་། དགེ་བཤེས་སྟོན་པ་ལ་གསན་པ་དང་།འཇིག་རྟེན་པ་ལས་གསན་ཅིང་དགོངས་པ་རྣམས་གང་ཟག་གཞན་དང་གཞན་ལ།དུས་གཞན་དང་གཞན་དུ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའོ། །”ཞེས་དཔེ་ཆོས་གསར་གཏོད་ཀྱི་ཁུངས་གསལ་པོར་བསྟན་ཡོད་དེ། འུ་ཅག་གིས་ཀྱང་དཔེ་ཆོས་གསར་གཏོད་བྱ་དགོས་ཚེ་གོང་གི་ཁུངས་འདི་དག་ལས་བརྒལ་ཐབས་མ་མཆིས།དཔེ་ཆོས་གསར་གཏོད་བྱ་རྒྱུའང་སྐབས་བབ་ཀྱི་བརྗོད་བྱ་ལ་དམིགས་ཏེ་རྟོག་བཟོ་བྱས་ཆོག་ལ། རྟོག་བཟོ་མ་ཡིན་པར་དམངས་ཁྲོད་དུ་ཁྱབ་པའི་ཁ་རྒྱུན་གཙོར་བཟུང་ནས་ཀྱང་གསར་གཏོད་བྱ་ཆོག་སྟེ། དཔེར་ན། སྔོན་གྱི་ཚེ་མདོ་སྨད་ཀྱི་ལུང་པ་ཞིག་ནས་མི་ཞིག་རྐང་ཐང་དུ་ས་ཐག་རིང་པོར་ཕྱིན་རྗེས་ཁོ་རང་གྲོད་པ་ལྟོགས་ཏེ་ཁྱིམ་ཚང་ཞིག་ཏུ་སོང་བ་ན་བདག་མོས་ཁྱོད་ཀྱིས་ཞོ་འཐུང་ངམ་རྩམ་པ་གསོལ་ཞེས་དྲིས་པ་ལ་ཁོས་སྔོན་ལ་རྩམ་པ་ཟོས་རྗེས་ཞོ་འཐུང་ངོ་ཟེར་སྐད། དེ་བཞིན་དུ་འོ་སྐོལ་གྱིས་ཀྱང་དོན་དག་གང་ཞིག་བསྒྲུབས་ཀྱང་རང་ལ་ཕན་འདོགས་མཁན་གྱི་ཁམས་དང་མོས་པར་མི་བསྟུན་པར་གང་ཐོབ་ཐོབ་ལེན་པ་འདིས་མི་བཏུབ་བོ། ། འདི་ནི་དངོས་བྱུང་གི་གཏམ་ཞིག་ཡིན་ལ། དེ་ལ་ཁོ་བོས་རྩམ་པ་ཟོས་རྗེས་ཞོ་ཞེས་པའི་མིང་ཞིག་བཏགས་ཡོད། འདི་ནི་འཇིག་རྟེན་པ་ལས་གསན་ཅིང་ཐོས་པའི་དཔེ་ཆོས་ཤིག་ཡིན་ལ། མདོ་རྒྱུད་བསྟན་བཅོས་ལས་དཔེ་ཆོས་ལ་འོས་པའི་དཔེ་ཞིག་དྲངས་ན། “འདི་ལྟར་ཡུལ་ཁམས་མཐའ་མེད་པ་ལ་དབང་བྱེད་པ། རྒྱལ་ཕྲན་དུ་མས་ཕྱག་འཚལ་བའི་རྒྱལ་པོ་ཆེན་པོ་ཞིག་ཡོད་པ་ལས། རེ་ཞིག་ན་ཡུལ་དུ་ཐན་པ་ཆེན་པོས་གནོད་པར་གྱུར་པས་སེམས་མི་དགའ་སྟེ། དེའི་ཐབས་བསམ་པ་ན་བྲམ་ཟེ་དག་གིས། ཕྱུགས་དུ་མ་བསད་དེ་མཆོད་སྦྱིན་བྱས་ན། ལྷ་མཉེས་ནས་ཆར་འབབ་བོ་ཞེས་ནན་གྱིས་གསོལ་ལོ། ། དེ་ནས་རྒྱལ་པོ་དེས་རང་གིས་ཐབས་ཤེས་ནས།བྲམ་ཟེ་རྣམས་ཀྱི་དེ་མི་རིགས་པར་ཤེས་མོད་ཀྱི། འོན་ཀྱང་ཉན་པ་ལྟར་བྱས་ཏེ། ང་ནི་མི་སྟོང་གི་མཆོད་སྦྱིན་བྱེད་དོ་ཞེས་བྱས་ཏེ། ཡུལ་ཁམས་ཀྱི་མི་རྣམས་བསྡུས་ནས་འདི་སྐད་དུ། ང་ནི་མི་སྟོང་གི་མཆོད་སྦྱིན་བྱེད་ཀྱི། ཁྱེད་ལས་གང་ཉེས་པ་བྱེད་པ་དེ་ནི་མཆོད་སྦྱིན་གྱི་ཡོ་བྱད་དུ་བྱེད་ཀྱི། གང་ཉེས་པ་མི་བྱེད་པ་དེ་ནི་མི་བྱེད་དོ་ཞེས་བསྒྲགས་ནས།ཉིན་རེར་ཉེས་པ་སྤྱོད་པའི་མི་འཚོལ་དུ་བཏང་ངོ་། ། དེ་ལྟར་བྱས་པས་མི་རྣམས་ཤིན་ཏུ་སྐྲག་ནས། ཉེས་པ་བྱེད་པ་འགའ་ཡང་མེད་དེ། ཕན་ཚུན་གཅིག་ལ་གཅིག་ཕན་འདོགས་པ་ལ་བརྩོན་པར་གྱུར་ཏོ། །”ཞེས་པའི་གཏམ་རྒྱུད་དེ་དཔེ་ཆོས་ཀྱི་རྒྱབ་ཆོས་སུ་དྲངས་ན་དེ་ལ་ཉེས་སྤྱོད་འཚོལ་བ་ཞེས་པའི་དཔེ་མིང་ཞིག་འདོགས་ཆོག་པར་འདོད། གཞན་ཡང“ཐེངས་ཤིག་འང་གུ་ཞིག་ཁྲ་ཡིས་འདེད་ནས་གཟུགས་པོ་ཡོངས་རྫོགས་རྨ་ཡིས་ཁེངས་ཏེ་འགྲུལ་བ་ཞིག་ཇ་བསྐོལ་ནས་བསྡད་སར་བར་སྣང་ནས་ལྷུང་བ་དང་། འགྲུལ་བ་དེས་འང་གུ་རྨས་མ་དེ་ཚུར་སྒྲུག་ནས་རང་གི་ཁྱིམ་དུ་ཁྱེར་ཏེ་གསོ་ཚགས་དང་སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་རྗེས་ཕྱིར་གློད་སྟབས། དུས་ཡུན་གང་འཚམས་སོང་རྗེས་ཉིན་ཞིག་འང་གུ་དེ་ཚུར་འཁོར་ནས་བྱུ་རུའི་ཕྲེང་བ་ཞིག་ཁྱེར་ཏེ་རང་སྐྱོབ་མཁན་གྱི་སྦྱིན་བདག་དེའི་ཁྱིམ་གྱི་སྒེའུ་ཁུང་ཐོག་བསྡད་དེ་སྐད་ཡང་ཡང་རྒྱག་གི་ཡོད་པ་རེད།”འདི་ལ་འང་གུ་ཚུར་འཁོར་ཞེས་པའི་དཔེ་མིང་ཞིག་གསོལ་ཡོད། འདི་ནི་དཔེ་མཚོན་ཙམ་བཀོད་པ་ཡིན་ཏེ། གཞན་ཕྱི་རོལ་ཡུལ་གྱི་དངོས་པོའི་གཤིས་ལུགས་ལ་བརྟག་དཔྱད་དང་འཇིག་རྟེན་པར་གྲགས་པའི་གཏམ་རྒྱུད་ཀྱི་མཚོ་མོར་དཔྱོད་ཤེས་ཀྱི་ཀོ་གྲུ་བཏང་ན་དཔེ་ཆོས་ཀྱི་ནོར་བུ་ལོན་པར་འགྱུར་རོ། །

མཇུག་སྡུད་པ།

ད་རེས་དཔྱད་རྩོམ་འདིའི་ནང་དུ་དཔེ་ཆོས་སྤྱོད་སྒོའི་ཐད་ཕྱོགས་གསུམ་ནས་དཔྱད་ཁུལ་བགྱིས་པ་ལ་མི་འདང་བའི་ཆ་དང་ནོར་འཛོལ་གྱི་ཆ་ངེས་པར་ཡོད་སྲིད་པས་དཔྱོད་ལྡན་དག་གིས་སྐྱོན་ལ་ཡོ་བསྲང་དང་མ་འདང་བའི་ཆ་ལ་ཁ་སྐོང་བྱས་ཏེ། དཔེ་ཆོས་ཀྱི་སྤྱོད་སྒོ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་མཐུན་རྐྱེན་བསྒྲུབ་པ་དང་།དཔེ་ཆོས་མཛོད་ཀྱི་ལྡེ་མིག་འཛིན་པའི་དགེ་བཤེས་པོ་ཏོ་བའི་ངག་རིག་སྒྱུ་རྩལ་རྒྱུད་འཛིན་དར་སྤེལ་བཏང་ན་མི་རིགས་སློབ་གསོའི་བྱ་གཞག་བླ་ནས་བླ་རུ་འཕེལ་བར་འདོད་པས་དེའི་ཕྱོགས་ནས་ཐུགས་དགོངས་རེ་བཞེས་པའི་རེ་བ་ཞུའོ། ། མཐར་དཔྱད་རྩོམ་ཐུང་ངུ་འདིའང་གངས་ཅན་རིག་གནས་དར་ཞིང་རྒྱས་པའི་རྒྱུ་རུ་འགྱུར་བར་སྨོན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།