རྒྱལ་ཡོངས་ཀྱི་ཡུལ་སྐོར་པ་མང་པོས་མཚོ་སྔོན་སྐྱེ་ཁམས་ཀྱི་མཛེས་པ་ལོངས་སུ་སྤྱོད་བཞིན་ཡོད།

མཚོ་སྔོན་པོའི་འགྲམ་དུ་སོང་ནས་སྔོ་བསངས་བསངས་ཀྱི་མཚེའུ་དང་གཡའ་དག་པའི་ནམ་མཁའ། དྭངས་གཙང་གི་མཁའ་དབུགས་བཅས་ལ་རོལ་མྱོང་བྱེད་པ་དང་། བཙུན་མོ་སྒང་དུ་འགོས་ནས་རྒྱང་རིང་དུ་བསྲིངས་པའི་མུ་མཐའ་མེད་པའི་རྩྭ་ཐང་ལ་བལྟ་བ། གཞན་ད་རུང་འཇའ་ཚོན་གྱི་ཕ་ས་དང་། དྭངས་གཙང་གི་རྨ་ཆུ་སྔོན་མོ་སོགས་ཆེས་མཛེས་པའི་དུས་ཚིགས་སུ་སླེབས་པ་དང་བསྟུན་ནས་མཚོ་སྔོན་གྱི་ག་ས་གང་དུ་སྐྱེ་ཁམས་ཀྱི་མཛེས་པ་ཡོངས་སུ་ངོམ་འདུག

གོམ་པ་ལྷོད་ཀྱིས་སྤོས་ནས་མཚོ་སྔོན་གྱི་རང་བྱུང་སྐྱེ་ཁམས་དང་བཅར་བ།

གཡའ་དག་པའི་ནམ་མཁའ་དང་ལང་ལོང་དུ་འཁྲིགས་པའི་སྤྲིན་དཀར། ཤེལ་གྱི་མཆོད་རྟེན་འདྲ་བའི་གངས་རི། འབྱམས་ཀླས་པའི་རྩྭ་ཐང་། སྔོ་བསངས་བསངས་ཀྱི་མཚེའུ། ཡིད་དབང་འཕྲོག་པའི་མེ་ཏོག་གི་ཞིང་ཁམས། ངོ་མཚར་གྱི་མི་རིགས་གོམས་སྲོལ་སོགས། མཚོ་སྔོན་གྱིས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དང་མི་རིགས་རིག་གནས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་པ་མང་པོ་འགུག་བཞིན་ཡོད། རྟ་ཐོག་ནས་མེ་ཏོག་ལ་བལྟ་བ་ལྟ་བུའི་ཡུལ་སྐོར་བྱེད་སྟངས་དེ་ཉམས་ལེན་གཏིང་ཟབ་ལེན་པའི་ཡུལ་སྐོར་བྱེད་སྟངས་སུ་བསྒྱུར་ཏེ། ཡུལ་སྐོར་པས་གོམ་པ་ལྷོད་ཀྱིས་སྤོས་ནས་མཚོ་སྔོན་གྱི་རང་བྱུང་སྐྱེ་ཁམས་དང་ཉེ་བར་བཅར་བཞིན་ཡོད།

ཟླ6པའི་ཚེས7ཉིན། གནམ་གཤིས་ཧ་ཅང་བཟང་བས་སྔོ་བསངས་བསངས་ཀྱི་མཚོ་སྔོན་པོ་དང་གཡའ་དག་པའི་ནམ་མཁའ་གཉིས་གཞི་གཅིག་ཏུ་འདྲེས་འདུག ལྗོངས་ཁུལ་གྱི་ཕྱི་རོལ་དུ་ཡུལ་སྐོར་འགྲུལ་འཁོར་ཞིག་གིས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་པ་མང་པོ་དྲུད་ནས་མཚོ་སྔོན་པོའི་མཛེས་ལྗོངས་ལ་ཉམས་ལེན་བྱེད་བཞིན་ཡོད། ལྗོངས་ཁུལ་ནང་རོལ་དུ་ཡུལ་སྐོར་པ་རྣམས་མཚོ་འགྲམ་དུ་སོང་ནས་མཛེས་ལྗོངས་ལ་ལྟད་མོར་རོལ་བའམ་ཡང་ན་ལག་ཁྱེར་ཁ་པར་དང་པར་ཆས་བཏེགས་ནས་ཆུ་བྱ་རྩེད་འཇོར་རོལ་བའི་འཆམ་མཐུན་གྱི་རྣམ་པ་པར་དུ་ལེན་བཞིན་ཡོད། དགའ་བ་དང་སྣང་བ་སྐྱིད་པོའི་ཁྲོད་ནས་མཚོ་སྔོན་པོའི་མཛེས་ལྗོངས་བརྙན་མིག་གི་ནང་དུ་བསྡུ་བ་དང་། འདྲ་པར་དང་བརྙན་རིས་ཀྱི་ལམ་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམ་ཅི་ཐུབ་བྱེད་བཞིན་ཡོད།

མཚོ་སྔོན་པོ་རུ་རྩེད་འཇོར་རོལ་བའི་སི་ཁྲོན་གྱི་ཡུལ་སྐོར་པ་ལྕམ་མོ་ལུའུ་ལགས་ཀྱིས་བཟའ་མི་གང་པོ་ཁྲིད་དེ་སི་ཁྲོན་ནས་སྒེར་གྱི་རླངས་འཁོར་བསྐོར་ནས་མཚོ་སྔོན་པོར་རྩེད་འཇོར་རོལ་དུ་ཡོང་བ་རེད། མཚོ་སྔོན་པོ་ནི་ང་རང་ནམ་ཡང་ཡིད་སྨོན་འཆོར་སའི་མཛེས་ལྗོངས་ཀྱི་གྲས་ཡིན། ཡུལ་འདིའི་སྐྱེ་ཁམས་ཁོར་ཡུག་གིས་མི་ལ་དྭངས་གཙང་དང་བསིལ་བ། བག་ཡངས་བཅས་ཀྱི་སྣང་བ་སྦྱིན་ལ། བྲེལ་འཚུབ་ཀྱིས་ལས་ཚོགས་སུ་འགྲོ་བའི་མི་ཚོགས་ལ་གོམ་པ་ལྷོད་ཀྱིས་སྤོ་རུ་བཅུག་སྟེ་རང་བྱུང་ཁམས་ལ་རོལ་མྱོང་བྱེད་དུ་འཇུག་སྲིད་ཟེར།

གསར་འགོད་པས་མཚོ་སྔོན་པོ་ལྗོངས་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ5པའི་ཚེས31ཉིན་བར། མཚོ་སྔོན་པོར་ཡུལ་སྐོར་པ་མི་ཐེངས་ཁྲི54.17ཐོན་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་ཁྲི6623.83ལ་སླེབས། ཟླ6པའི་ཚུན་དུ། མཚོ་སྔོན་པོར་ཡུལ་སྐོར་བྱེད་དུ་ཡོང་བའི་ཡུལ་སྐོར་པའི་གྲངས་ཀ་ཉིན་རེ་བཞིན་སྟོང་བདུན་ཡན་དུ་སླེབས།

ལས་རྣམ་གསར་པ་དར་བས་ཡུལ་སྐོར་པར་སྔར་ལས་མང་བའི་ཚོར་བ་གསར་པ་སྦྱིན།

བསིལ་ཞིང་འཇམ་པའི་ནམ་ཟླ་དང་། སྔོ་ལྗང་ངེར་གནས་པའི་ཡུལ་ལྗོངས། དེའི་ཁར་བརྗིད་ཆགས་ཁོད་ཡངས་ཀྱི་རང་བྱུང་མཛེས་པ། རྫོང་མཐུག་ལ་ཡུན་རིང་བའི་ལོ་རྒྱུས་ཀྱི་མཛེས་པ། ཕུན་ཚོགས་སྣ་མང་གི་མི་ཆོས་རིག་གནས་ཀྱི་མཛེས་པ་བཅས་ཀྱིས་རབ་མཛེས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་དབྱར་ཁ་གྲུབ་ཡོད།

ཐེངས་དང་པོར་མཚོ་སྔོན་དུ་ཡོང་བའི་ཡུལ་སྐོར་པ་རྣམས་ཀྱི་མིག་ལམ་དུ་རྩྭ་ཐང་དང་གངས་རི། བྱེ་ཐང་། བརླན་ས་བཅས་ཀྱིས་གྲུབ་པའི་རང་བྱུང་གི་བཀོད་པ་དེ་ནི་ཐུན་མོང་མ་ཡིན་པ་ཞིག་ཏུ་མངོན་ཞིང། མཚོ་སྔོན་ཡུལ་སྐོར་གྱི་གསེར་མདོག་གི“མིང་བྱང”ཡང་རེད།

མཚོ་སྔོན་ནས་འཚར་ལོངས་བྱུང་བའི་མི་རྣམས་ལ་མཚོན་ན། མཚོ་སྔོན་གྱི་མཛེས་པ་དེ་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་འབྱུང་བཞིན་པའི་ས་ཆ་སོ་སོའི་ཡུལ་སྐོར་དང་། ཡུལ་སྐོར་ལྗོངས་ཁུལ་སོ་སོའི་སྤོ་འགྱུར་རིམ་འཕར་ལས་བྱུང་བའི“ཡུལ་སྐོར་གྱི་ཚོར་བ་གསར་པ”ཡི་སྟེང་དུ་མངོན་ཡོད། སྣེ་ཤན་པ་ཞའོ་པེན་གྱིས་བཤད་པ་ལྟར་ན། 2008ལོར་ཁོ་རང་ཡུལ་སྐོར་ལས་རིགས་སུ་ཞུགས་པ་ནས་ད་རག་བར་དུ། ཟི་ལིང་ནས་ལམ་ལ་ཆས་ཏེ་ཁྲི་ཀ་དང་མཚོ་སྔོན་པོ། མདོ་ལ། མིན་ཡོན་བཅས་ཀྱི་ལམ་ཐིག་ནི་ཁོ་རང་རྒྱུན་དུ་འགྲོ་སའི་ཡུལ་སྐོར་གྱི་ལམ་ཐིག་ཡིན་ཟེར།

“2008ལོ་ནས་བཟུང་། ངས་ཕལ་ཆེར་ལོ་རེ་རེར་ཡུལ་སྐོར་ཚོགས་པ་ཁྲིད་ནས་ཆི་ལེན་རྫོང་དུ་སོང་བ་ཡིན། སྔོན་ཆད་མགྲོན་ཁང་འགའ་ལས་མེད་པ་ནས་ད་ལྟ་རིམ་པ་དང་ཁྱད་ཆོས་སྣ་ཚོགས་ལྡན་པའི་གསོལ་ཁང་དང་འགྲུལ་ཁང་མང་པོ་ཡོད་པ་དང་། ཆི་ལེན་རྫོང་གི་འཕེལ་རྒྱས་དང་། གྲོང་གསེབ་ཆུང་ཆུང་རེ་རེའི་འགྱུར་ལྡོག་ལས་མཚོ་སྔོན་སྐྱེ་ཁམས་ཡུལ་སྐོར་གྱི་སྦས་ཤུགས་ཆེན་པོ་མཐོང་ཐུབ”ཅེས་ཞའོ་པེན་གྱིས་དེ་ལྟར་བཤད།

ཡུལ་སྐོར་གྱི་ལམ་བར་ནས་ཟས་མཆོག་གི་བྲོ་བ་མྱོང་ཆོག

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བས། མཚོ་སྔོན་གྱི་སྐྱེ་ཁམས་དག་ཞིང་དུ་བསྐྱོད་པའི་ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་རེད། རང་བྱུང་ཁམས་ཆེན་མོར་ཉེ་བར་བཅར་བའི་དགའ་སྤྲོ་ལོངས་སུ་སྤྱད་དེ། མཚོ་སྔོན་གྱི་ནམ་ཟླ་བསིལ་མོ་དང་ཁོར་ཡུག་གི་མཛེས་པ། སྐྱེ་ཁམས་ཀྱི་མཛེས་པ་བཅས་ལ་རོལ་མྱོང་བྱས་པའི་ཁྲོད་ནས། ཡུལ་སྐོར་ཚོང་ཁྲོམ་གྱི་འཛད་སྤྱོད་ཆེས་ཆེར་དར་བ་ནི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད།

ཡུལ་སྐོར་པ་མང་པོ་ཞིག་གི་སེམས་སུ། ཡུལ་སྐོར་དུ་འགྲོ་བ་ནི་མཛེས་ལྗོངས་ལ་ལྟད་མོ་བལྟ་བའི་ཆེད་ཡིན་ལ། “མཛེས་ལྗོངས་ལ་རོལ་མྱོང་བྱེད་པའི”གོ་རིམ་ཞིག་ཀྱང་ཡིན་པས། ས་ཁུལ་ཞིག་གི་རིག་གནས་དེ་ལོ་རྒྱུས་དང་འཛུགས་སྐྲུན་གྱི་ནང་དུ་མཚོན་ཡོད་པར་མ་ཟད། ཟས་ཞིམ་གྱི་ནང་དུ་དེ་བས་ཀྱང་མཚོན་ཡོད། དགོང་མོར། ཉིན་གང་བོར་རྩེད་འཇོར་རོལ་བའི་ཡུལ་སྐོར་པ་རྣམས་སིལ་ཟས་སྲང་ལམ་དུ་སོང་སྟེ་ཟས་ཞིམ་བཟའ་བ་དང་མཉམ་དུ་མཚོ་སྔོན་གྱི་ས་ཆ་སོ་སོའི་ཟས་མཆོག་རིག་གནས་ལ་རོལ་མྱོང་བྱེད་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་མའོ་ཅ་སྲང་ལམ་དུ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སིལ་ཟས་སྣ་ཚོགས་ཀྱི་བྲོ་བ་འཐུལ་འདུག ཁྱད་ལྡན་སིལ་ཟས་སུ་གཏོགས་པའི་ལུག་ཤ་བསྲེགས་མ་བཙོང་ཡུལ་དུ་སྦྱིན་བདག་གིས་ལུག་ཤ་སྲེག་ཞོར་དུ་ཡུལ་སྐོར་པར་གླེང་མོལ་བྱེད་བཞིན་ཡོད།

ཟླ6པའི་ཚེས6ཉིན། ཞིན་ཆན་ལྟད་མོའི་མཚན་ཁྲོམ་དུ་ཤ་བསྲེགས་མ་བཙོང་བཞིན་པའི་སྦྱིན་བདག་མ་མེན་ཧྥུ་ཡིས་གསར་འགོད་པར་བཤད་རྒྱུར། ལོ་རེའི་མཚོ་སྔོན་གྱི་ཡུལ་སྐོར་དུས་གཞུང་ནི་ཁྱད་ལྡན་ཐོན་རྫས་དང་ཁྱད་ལྡན་སིལ་ཟས་ཀྱི་ཚོང་ཧ་ཅང་བྲིན་པའི་སྐབས་ཡིན་ལ། ལྷག་པར་དུ། ལྔ་གཅིག་གུང་གསེང་གི་རྗེས་སུ། མཚོ་སྔོན་ལ་ཡུལ་སྐོར་དུ་ཡོང་བའི་ཡུལ་སྐོར་པ་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བ་དང་། དགོང་མོ་རེ་རེར་ཁོའི་ཤ་བསྲེགས་མ་བཙོང་ས་རུ་ཡོང་མཁན་གྱི་འགྲུལ་པ་མང་ཆེ་ཤོས་གཞན་ཡུལ་གྱི་ཡུལ་སྐོར་པ་རེད།

ཞིང་ཆེན་སྡོམ་རྩིས་ཅུས་ཀྱིས་བསྒྲགས་པའི་ཆེས་གསར་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ4པའི་བར། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི672.7སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཡོང་སྒོ་སྒོར་དུང་ཕྱུར59.74ལ་སླེབས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།