བོད་འགྱུར་དཔེ་དེབ་རྩོམ་སྒྲིག་བྱེད་སྐབས་དོ་སྣང་བྱེད་དགོས་པའི་གནད་དོན་སྐོར་གླེང་བ།

རིག་གནས་སྣ་མང་དང་སྐད་ཡིག་སྣ་མང་བར་འབྲེལ་འདྲིས་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བཞིན་པའི་དེང་གི་དུས་འདིར་བོད་ཡིག་ཏུ་འགྱུར་དེབ་མང་པོ་ཞིག་ཐོན་དང་འཐོན་བཞིན་ཡོད་པས། བོད་འགྱུར་དཔེ་དེབ་རྩོམ་སྒྲིག་པར་སྐྲུན་བྱ་རྒྱུ་ནི་བོད་ཡིག་དཔེ་སྐྲུན་ལས་ཀའི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་ཡང་བརྩམས་ཆོས་གང་ཡིན་ཡང་དེ་ཉིད་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་ཡག་པོ་ཞིག་བགྱིས་ཚེ་ད་གཟོད་དཔེ་དེབ་དེ་ཉིད་ཀྱི་སྤུས་ཀ་ཁག་ཐེག་བྱེད་ཐུབ་སྟབས། བོད་འགྱུར་དཔེ་དེབ་ལེགས་པོ་ཞིག་གྲུབ་པ་ལ་ལོ་ཙཱ་བའི་འགྱུར་ཡག་པོ་ཞིག་མཁོ་བར་མ་ཟད། དཔེ་དེབ་རྩོམ་སྒྲིག་པའམ་དཔེ་སྐྲུན་པའི་ལས་ཀ་ཞིབ་ཚགས་ཤིག་ཀྱང་ཡོད་དགོས། དེ་ཡང་ཆབ་སྲིད་ཡིག་ཆའི་སྐོར་གྱི་བོད་འགྱུར་དཔེ་དེབ་དང་། ཚན་རིག་ལག་རྩལ་སྐོར་གྱི་བོད་འགྱུར་དཔེ་དེབ། རྩོམ་རིག་བརྩམས་ཆོས་སྐོར་གྱི་བོད་འགྱུར་དཔེ་དེབ། རིག་གཞུང་ཆེད་དེབ་སྐོར་གྱི་བོད་འགྱུར་དཔེ་དེབ། བྱིས་པའི་ཀློག་དེབ་སྐོར་གྱི་བོད་འགྱུར་དཔེ་དེབ་སོགས་དཔེ་དེབ་མི་འདྲ་བ་དག་ལ་ཐོག་མར་ལོ་ཙཱ་བྱེད་དུས་ནས་བཟུང་དམིགས་ཡུལ་དང་ཁྱད་པར་ཡོད་པས། དེ་དག་རྩོམ་སྒྲིག་པར་སྐྲུན་བྱེད་སྐབས་ཀྱང་ཚད་གཞི་དང་དོ་སྣང་བྱེད་དགོས་པའི་ཆ་མི་འདྲ་བ་རེ་ཡོད། ཡིན་ནའང་བོད་ཡིག་གི་འགྱུར་དེབ་སྤྱི་ལ་མཐུན་ཆོས་ཀྱང་ཡོད་པས། སྐབས་བབ་འདིར་བོད་འགྱུར་དཔེ་དེབ་རྩོམ་སྒྲིག་པར་སྐྲུན་བྱེད་པའི་ལས་ཀ་སྤྱི་ལ་དམིགས་ཏེ་རང་གི་བསམ་ཚུལ་མདོ་ཙམ་གླེང་བར་འདོད།

གཅིག དེ་ཡང་སྤྱིའི་ཆ་ནས་འགྱུར་རྩོམ་ལ་རང་ཉིད་ཀྱི་ཁྱད་ཆོས་ཡོད་ཅིང་། སྐབས་འགར་དེ་ནི་རང་རྐྱ་ཕེར་བའི་བརྩམས་ཆོས་ཤིག་ཏུའང་གྲུབ་མོད། ཡིན་ཡང་གསར་རྩོམ་བྱས་པའི་བརྩམས་ཆོས་དང་བསྡུར་ཚེ། འགྱུར་རྩོམ་ནི་མ་རྩོམ་ལ་བལྟོས་ཏེ་གྲུབ་པའི་བརྩམས་ཆོས་ཤིག་ཡིན་པས། བོད་འགྱུར་དཔེ་དེབ་རྩོམ་སྒྲིག་བྱེད་པ་ལ་རྩོམ་སྒྲིག་པས་འགྱུར་ཡིག་གང་དེའི་མ་རྩོམ་ལ་རྒྱུས་ལོན་གཏིང་ཟབ་ཅིག་བྱེད་དགོས་པ་ནི་ཐོག་མའི་སྔོན་འགྲོ་ཡིན། དེར་བརྟེན་བོད་འགྱུར་དཔེ་དེབ་རྩོམ་སྒྲིག་བྱེད་སྐབས་རྩོམ་སྒྲིག་པས་འགྱུར་ཡིག་དང་མ་ཡིག་ཞིབ་ཏུ་བསྡུར་ཏེ་བལྟ་དགོས་པ་ཤིན་ཏུ་གལ་ཆེ། ལྷག་པར་དུ་འགྱུར་ཡིག་ནང་ལོག་སྒྱུར་དང་། འགྱུར་ཆད། འགྱུར་ལྷག་སོགས་བྱུང་བར་དོ་སྣང་ལེགས་པོ་བྱས་ཏེ་རྩོམ་སྒྲིག་པས་གཟབ་ནན་སྒོས་དག་བཅོས་བྱ་དགོས། དེ་ནི་བོད་འགྱུར་དཔེ་དེབ་སྤུས་བཟང་ཞིག་འགྲུབ་པའི་རྨང་གཞི་ཡིན་ལ། མ་ཡིག་ལ་བརྩི་བཀུར་བགྱི་བ་དང་འགྱུར་ཡིག་ལ་འགན་ཁུར་བྱེད་པའི་རྟགས་མཚན་ཡང་ཡིན། དེ་ཡང་དེབ་ཀྱི་ནང་དོན་ག་འདྲ་ཞིག་ཡིན་ཡང་ཐོག་མར་རྩོམ་སྒྲིག་པས་དེའི་ནང་དོན་རྟོགས་རྒྱུ་ནི་རྩ་བའི་ཆ་རྐྱེན་ཡིན་ཏེ། འགྱུར་དེབ་ཡིན་ན་ཐོག་མར་མ་རྩོམ་གྱི་ནང་དོན་ལེགས་པོ་ཞིག་རྟོགས་དགོས། གལ་སྲིད་རྩོམ་སྒྲིག་པས་དོན་ཅི་ཡིན་མ་རྟོགས་ཚེ་ཀློག་པ་པོ་དག་གིས་དོན་དེ་བས་གོ་མི་སྲིད། ཡང་དཔེ་དེབ་རྩོམ་སྒྲིག་པར་སྐྲུན་བྱེད་སྐབས་གལ་སྲིད་རྩོམ་སྒྲིག་པས་རྩོམ་ཡིག་ལས་ཚན་པ་གཅིག་གམ་བརྗོད་པ་གཅིག་གམ་ཐ་སྙད་གཅིག་གསལ་པོ་ཞིག་མ་ཤེས་ཚེ་དེས་ནོར་འཁྲུལ་ཚབས་ཆེན་བཟོ་ངེས་པ་གདོན་མི་ཟ། བོད་འགྱུར་དཔེ་དེབ་རྩོམ་སྒྲིག་བྱེད་པར་འགྱུར་སྐྱོན་དང་འགྱུར་ཆད་ལ་ལྷག་པར་དོ་སྣང་བྱ་དགོས། དཔེར་ན། བོད་ཡིག་གི་འགྱུར་དེབ་ལ་མཚོན་ན་བརྩམས་ཆོས་ཁ་ཅིག་ནི་སྐད་རིགས་གཉིས་སམ་གཉིས་ཡན་ཆད་བརྒྱུད་དེ་བོད་ཡིག་ཏུ་ཉིས་སྒྱུར་རམ་སུམ་སྒྱུར་བྱས་པ་ཞིག་ཡིན་པས། སྐབས་དེར་མི་མིང་དང་ས་མིང་སོགས་ལོ་ཙཱ་བྱེད་སྐབས་རྒྱུན་པར་འགྱུར་སྐྱོན་འབྱུང་གིན་ཡོད། དེར་བརྟེན་བོད་འགྱུར་དཔེ་དེབ་ཁྲོད་ཀྱི་མིའི་མིང་དང་། ས་མིང་། བརྩམས་ཆོས་ཀྱི་མིང་། ས་གནས་རང་གི་གཏམ་དཔེ་དང་ཁ་དཔེ་སོགས་མ་ཡིག་ལ་ཁུངས་བཅོལ་རྒྱུ་གལ་ཆེ།

གཉིས། འགྱུར་རྩོམ་གང་ཡིན་ཡང་དེའི་དམིགས་བྱ་ནི་ཀློག་པ་པོ་ཡིན་པས་འགྱུར་རྩོམ་གྱི་སྐད་ཆའང་ཀློག་པ་པོའི་ཁམས་དང་བསྟུན་རྒྱུ་གལ་ཆེ། བོད་འགྱུར་དཔེ་དེབ་ལ་མཚོན་ན་འགྱུར་རྩོམ་གྱི་སྐད་ཆ་ནི་བོད་སྐད་ཀྱི་ལུགས་དང་མཐུན་དགོས་པ་ནི་སྨོས་ཅི་དགོས། ཡིན་ཡང་འགྱུར་རྩོམ་ནི་གསར་རྩོམ་གྱི་དཔེ་དེབ་དང་མི་འདྲ་བས་འགྱུར་རྩོམ་དུ་མ་རྩོམ་གྱི་ཁྱད་ཆོས་འཐོན་རྒྱུ་ཡང་གལ་ཆེ། དེར་བརྟེན་བོད་འགྱུར་དཔེ་དེབ་རྩོམ་སྒྲིག་བྱེད་སྐབས་སྐད་གཉིས་བར་གྱི་འབྲེལ་བ་ལ་ཐག་གཅོད་ཡག་པོ་ཞིག་བྱ་དགོས་ཏེ། བོད་སྐད་ཀྱི་བརྡ་སྤྲོད་ལུགས་སྲུང་ཞིང་འཛིན་པའི་རྨང་གཞིའི་ཐོག་མ་རྩོམ་གྱི་རྩོམ་ཉམས་གདོན་རྒྱུ་ཤིན་ཏུ་གལ་ཆེ། དེང་གི་བོད་འགྱུར་བརྩམས་ཆོས་ལ་རྒྱ་ཡིག་གི་ལུགས་སུ་སོང་བའི་སྐད་ཆ་དང་ཡང་ན་ཕྱི་སྐད་ཀྱི་ལུགས་སུ་སོང་བའི་སྐད་ཆ་ནི་རྒྱུན་པར་འབྱུང་གིན་ཡོད་པས། པར་སྐྲུན་བྱ་དུས་རྩོམ་སྒྲིག་པས་དེ་དག་ལ་བཟོ་བཅོས་བྱས་ཏེ་བོད་སྐད་ཀྱི་ལུགས་དང་མཐུན་པར་བྱ་དགོས་ལ། དེར་མ་ཟད་མ་ཡིག་དང་འགྱུར་ཡིག་གཉིས་ཀའི་སྐད་ཆའི་སྦྱོར་བ་ལ་དོ་སྣང་བྱས་ཏེ་འགྱུར་རྩོམ་དུ་མ་རྩོམ་གྱི་ཁྱད་ཆོས་མངོན་པར་མཚོན་པར་འབད་དགོས། ལྷག་པར་རྩོམ་རིག་བརྩམས་ཆོས་ཀྱི་འགྱུར་དེབ་ལ་མཚོན་ན་འདི་ནི་ཤིན་ཏུ་གལ་ཆེ་བའི་ཆ་ཞིག་ཡིན། སྤྱིར་སྐད་ཆའི་སྦྱོར་བ་ནི་ཚིག་རིས་ཙམ་དང་བརྡ་སྤྲོད་ལུགས་ཙམ་མ་ཡིན་པར་དེ་ནི་རིག་གནས་དང་བསམ་གཞིག་ལ་འབྲེལ་ནས་ཡོད་པས། རྩོམ་སྒྲིག་པས་སྐད་ཆ་དང་རྩོམ་གཤིས་སོགས་ལ་དོ་སྣང་བྱེད་དགོས་ཤིང་། མ་ཡིག་དང་འགྱུར་ཡིག་གཉིས་ཀའི་རིག་གནས་སྣང་ཚུལ་ལ་དེ་བས་ཀྱང་ཡིད་གཟབ་བྱེད་དགོས། གང་ལྟར་ཡང་འགྱུར་རྩོམ་ནི་སྐད་རིགས་མི་འདྲ་བའི་བརྩམས་ཆོས་ཕན་ཚུན་བརྗེ་རེས་བགྱིས་པ་ཞིག་ཡིན་པས། དེ་ཉིད་རྩོམ་སྒྲིག་ཞུ་དག་བྱེད་པར་རྩོམ་སྒྲིག་པ་ལ་སྐད་གཉིས་སམ་སྐད་གསུམ་གྱི་ཆུ་ཚད་མཐོན་པོ་ཞིག་ཡོད་དགོས་པར་མ་ཟད། སྐད་ཆ་དང་འབྲེལ་བའི་རིག་གནས་ལའང་རྒྱུས་མངའ་ཟབ་མོ་ཞིག་ཡོད་དགོས་པ་ནི་རྩ་བའི་ཆ་རྐྱེན་ཡིན། སྐད་ཆའི་ཐད་ནས་དོ་སྣང་བྱེད་དགོས་པའི་གནད་གཞན་ཞིག་ནི་བརྡ་དོན་མཚོན་པའི་རྟགས་མཚན་གྱི་སྐོར་ཡིན། དཔེར་ན། རྒྱ་ཡིག་གི་དཔེ་དེབ་ཏུ་འདྲེན་རྟགས་དང་འདྲི་རྟགས་སོགས་བརྡ་དོན་མཚོན་པའི་རྟགས་མང་བ་དང་དེ་དག་རེ་རེས་དོན་སྟོན་ལུགས་ཀྱང་མི་མཚུངས་པས། བོད་འགྱུར་དཔེ་དེབ་རྩོམ་སྒྲིག་བགྱི་སྐབས་དེ་དག་གི་ཁྱད་པར་ལ་ལེགས་པར་བརྟག་དགོས། དེ་བཞིན་དུ་ཕྱི་ཡིག་ལས་བསྒྱུར་བའི་དཔེ་དེབ་ལ་མཚོན་ན་ཡི་གེའི་རྣམ་པ་དང་། འབྲི་སྟངས། ཆེ་ཆུང་སོགས་ལའང་དོ་སྣང་ལེགས་པོ་བྱ་དགོས།

གསུམ། འགྱུར་རྩོམ་ནི་སྐད་རིགས་གཞན་ནས་ཚུར་བསྒྱུར་པའི་བརྩམས་ཆོས་ཡིན་ལ། ལོ་ཙཱ་བ་རེ་རེ་ལ་སྒྱུར་ཐབས་སྣ་ཚོགས་མཆིས་པས་རྒྱུན་པར་མ་ཡིག་གཅིག་ལ་འགྱུར་མི་འདྲ་བ་འབྱུང་བཞིན་ཡོད་ལ། དེ་ནི་འབྱུང་སྲིད་པ་ཞིག་ཀྱང་ཡིན་མོད། འོན་ཀྱང་འགྱུར་རྩོམ་ནང་གི་མིང་བརྡ་ཁ་ཅིག་ལ་གཅིག་གྱུར་ཡོད་དགོས་པ་ནི་ཤིན་ཏུ་གལ་ཆེ་བས། རྩོམ་སྒྲིག་བྱེད་པའི་སྐབས་སུ་རྩོམ་སྒྲིག་པས་སྒྱུར་མཁན་གྱིས་ཚད་གཞི་གང་ཞིག་གཞིར་བཟུང་ནས་སྒྱུར་བ་ལ་བསམ་བློ་གཏོང་དགོས། དེ་ཡང་རང་རེའི་བོད་ཡིག་གི་འགྱུར་རྩོམ་རྩོམ་སྒྲིག་ལ་མཚོན་ན་མི་མིང་དང་། ས་མིང་། ཐ་སྙད་གསར་པ་སོགས་ཀྱི་སྐོར་ནི་མིག་སྔར་དཀའ་ངལ་ཆེས་ཆེ་བའི་ལས་ཀ་ཞིག་ཏུ་གྱུར་ཡོད། ལྷག་ཏུ་ཕྱི་རྒྱལ་གྱི་རྩོམ་ཡིག་བོད་ཡིག་ཏུ་བསྒྱུར་ཏེ་པར་སྐྲུན་བྱེད་དུས་མི་མིང་དང་ས་མིང་ལ་ངེས་གཏན་གྱི་ཚད་གཞི་མེད་པས། ལོ་ཙཱ་བ་དག་གིས་རང་གི་མོས་པ་དང་བསྟུན་ནས་བསྒྱུར་བ་དང་། དཔེ་སྐྲུན་ཁང་སོ་སོ་ལའང་གཅིག་གྱུར་གྱི་ཚད་གཞི་མེད་པས་འགྱུར་དེབ་ཀྱི་ནང་དུ་ཕབ་འབྲི་བྱེད་ལུགས་ཀྱང་མི་འདྲ། སྤྱིར་དེང་སྐབས་སྒྲ་སྒྱུར་བྱེད་ལུགས་ཅུང་འཐུས་ཚང་ཞིག་ཡོད་པ་ནི་རྒྱ་བོད་ཚིག་མཛོད་ཆེན་མོའི་རྗེས་སུ་འཁོད་པའི་སྒྲ་སྒྱུར་རེའུ་མིག་ཡིན་ཏེ་མ་རྩོམ་རྒྱ་ཡིག་ཡིན་པ་ལ་འདི་སྤྱོད་རྒྱུ་ཤིན་ཏུ་གལ་ཆེ། ཡིན་ནའང་སྐད་རིགས་གཞན་ནས་ཚུར་བོད་ཡིག་ཏུ་བསྒྱུར་བ་ལ་རྒྱ་བོད་སྒྲ་སྒྱུར་རེའུ་མིག་ནི་སྐབས་འགར་སྤྱོད་དུ་རུང་ཡང་སྐབས་འགར་ངག་ལ་མི་བདེ་བས་དེ་ཉིད་ལ་དོགས་སློང་བྱེད་མཁན་ཡང་མི་ཉུང་བ་ཞིག་མཆིས། དེས་ན་བོད་འགྱུར་དཔེ་དེབ་རྩོམ་སྒྲིག་བྱེད་སྐབས་ལྟོས་བཅས་ཀྱི་ཚད་གཞི་ཞིག་བཟོ་རྒྱུ་ཤིན་ཏུ་གལ་ཆེ་སྟེ། དེ་ནི་དཔེ་སྐྲུན་ཚད་ལྡན་ཅན་དུ་འགྱུར་བའི་གནད་གཙོ་བོ་ཞིག་ཡིན། དེར་མ་ཟད་དེང་སྐབས་བོད་དབྱིན་མིང་བརྡ་སྒྲ་སྒྱུར་སྐོར་ལ་རིག་གཞུང་པའི་སྡེ་རུ་དཔྱད་འབྲས་མང་དུ་འཕེལ་གྱིན་པས་དཔེ་སྐྲུན་ཁང་དག་གིས་དེ་དག་ལ་ཟུར་ལྟ་བྱས་ཏེ་གཅིག་གྱུར་གྱི་ཚད་གཞི་ཞིག་གཏན་འཁེལ་བྱ་རྒྱུ་ཤིན་ཏུ་གལ་ཆེར་འདོད། ཡང་ཚད་གཞི་དེ་འདྲ་ཞིག་མེད་པའི་གནས་བབ་འོག་རྩོམ་སྒྲིག་པས་དཔྱད་འབྲས་སུ་འཁོད་པའི་སྒྲ་སྒྱུར་བྱེད་ཐབས་དེ་དག་ལ་ལྟོས་ཏེ་དཔྱད་ཞིབ་ཞིབ་མོ་བཏང་ནས་འགྱུར་དེབ་ཏུ་འོས་འཚམ་རེ་འབྲི་དགོས་པ་དང་། དགོས་མཁོ་ཡོད་ཚེ་དེ་དག་ལ་མཆན་འགོད་ཀྱང་ཆོག་སྙམ། འདིར་དམིགས་སུ་ཞུ་རྒྱུ་ཞིག་ལ། རིག་གཞུང་བརྩམས་ཆོས་ཀྱི་འགྱུར་དེབ་ལ་མཚོན་ན་མཆན་འགོད་སྟངས་ནི་ཤིན་ཏུ་ནས་དོ་སྣང་བྱ་དགོས་པ་ཞིག་ཡིན་ཏེ། ཚད་ལྡན་གྱི་རིག་གཞུང་འགྱུར་དེབ་ཅིག་ཡིན་ན་མ་རྩོམ་གྱི་ཤོག་གྲངས་ནི་དཔེ་དེབ་རྗེས་ཀྱི་འཚོལ་ཞིབ་བྱ་ར་དང་འབྲེལ་ནས་ཡོད་པས་འགྱུར་དེབ་ཏུ་མ་རྩོམ་གྱི་ཤོག་གྲངས་འགོད་པའི་སྲོལ་ཡོད་དེ། ནམ་རྒྱུན་རྒྱ་ཡིག་ཏུ་བསྒྱུར་བའི་རིག་གཞུང་དཔེ་དེབ་དག་ཏུ་ཤོག་གྲངས་གཉིས་ཡོད་པ་ལས་གཅིག་ནི་མ་རྩོམ་གྱི་ཤོག་གྲངས་དང་ཅིག་ཤོས་ནི་འགྱུར་དེབ་ཀྱི་ཤོག་གྲངས་ཡིན། རང་རེ་ལ་རིག་གཞུང་རྐྱང་པའི་འགྱུར་དེབ་མང་པོ་མེད་ལ་མཆན་འདི་འདྲ་འགོད་པའི་ལུགས་སྲོལ་ཡང་ཆེར་དར་མེད་མོད། ཡིན་ཡང་རིག་གཞུང་དཔེ་དེབ་བོད་ཡིག་ཏུ་བསྒྱུར་ཏེ་པར་སྐྲུན་བྱེད་དུས་འདི་ནི་ངེས་པར་དོ་སྣང་བྱ་དགོས་པ་ཞིག་རེད་སྙམ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།