རྒྱ་བོད་མིའི་མིང་གི་ཁྱད་ཆོས་དང་སྒྱུར་ཐབས་གླེང་བ།

ཀྲུང་ཧྭ་མི་རིགས་ནི་མི་རིགས56ལས་གྲུབ་པའི་ཁྱིམ་ཚང་ཆེན་མོ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་ཡིན་པས། མི་རིགས་གང་ཡིན་རུང་ཕན་ཚུན་མཐུན་སྒྲིལ་དང་། རིག་གནས་སྤེལ་རེས་བྱེད་དགོས་པ་ནི་འདོར་དུ་མེད་པའི་འགན་འཁྲི་ཞིག་ཡིན། འོན་ཏེ། ལོ་རྒྱུས་དང་འབྱུང་ཁམས། ཁོར་ཡུག ཆོས་ལུགས་སོགས་མི་འདྲ་བའི་རྐྱེན་གྱིས་མི་རིགས་སོ་སོའི་བསམ་བློའི་འཁྱེར་སོ་དང་བྱ་སྤྱོད་སྤེལ་སྟངས་ཀྱང་མི་འདྲ་བར་སྣང་། ལོ་ཙཱ་བ་རྣམས་ཀྱིས་མི་རིགས་ཤིག་གི་ཆེས་ཕུལ་བྱུང་གི་རིག་གནས་དང་ཆེས་འོད་མདངས་འཕྲོ་བའི་ཤེས་བྱ་མཐའ་དག་མི་རིགས་གཞན་ཞིག་ལ་ངོ་སྤྲོད་དང་ཤེས་སུ་འཇུག་སྐབས་མི་རིགས་གང་དེའི་བྱ་སྤྱོད་དང་ཀུན་སྤྱོད་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཀྱིན་ཡོད། དེའི་ཕྱིར་ལོ་ཙཱ་བས་སྒྱུར་ཡིག་གི་ནང་དོན་གསལ་རྟོགས་ཐུབ་པའི་རྨང་གཞིའི་ཐོག་གཞི་ནས་སྒྱུར་དོན་མ་ལོག་པ་དང་མི་འཁྲུལ་བ་ཡོང་རྒྱུར་འབད་དགོས། ལྷག་པར་དུ་མིའི་མིང་སྒྱུར་སྐབས་མི་རིགས་གང་དེའི་གཤིས་རྒྱུད་དང་དད་མོས། སེམས་ཁམས་སོགས་ལ་རྒྱུས་མངའ་མ་ལོན་ན་སྒྱུར་གོ་ལོག་པ་དང་། བསྟན་དོན་མི་གསལ་བ་སོགས་ཀྱི་སྐྱོན་ཆ་ཡོང་ངེས་རེད། དཔྱད་རྩོམ་འདིའི་ནང་རྒྱ་བོད་མི་རིགས་གང་ཞིག་ཡིན་རུང་མི་སོ་སོའི་མིང་ལ་མཚོན་དོན་ངེས་ཅན་ཞིག་ཡོད་པས། ཡིག་སྒྱུར་མཁན་གྱིས་མིང་གི་རིག་གནས་ལ་རྒྱུས་མངའ་ཡོད་པའི་ཐོག་སྒྲ་སྒྱུར་དང་། ཐད་སྒྱུར། དོན་སྒྱུར་སོགས་ཐབས་ཤེས་གང་འཚམ་བེད་སྤྱོད་ཀྱིས་བསྒྱུར་དགོས་པ་ལས་རང་འདོད་ལྟར་གང་བྱུང་དུ་སྒྱུར་མི་རུང་བའི་སྐོར་བཤད་ཡོད།

དང་པོ། མིང་གི་མཚན་ཉིད།

བརྡ་སྤྲོད་ཀྱི་གཞུང་ལས། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་གི་མཚན་ཉིད་ཡིན་ཏེ་མཚན་གཞི་ནི་ཀ་བ་ཞེས་བརྗོད་པའི་སྒྲ་ཞེས་དང་། ལང་ཀར་གཤེགས་པའི་མདོ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་མིང་གི་གོ་དོན་དང་མིང་འདོགས་པའི་དགོས་པ་གསལ་པོར་བསྟན།

གཉིས་པ། མིང་གི་དབྱེ་བ།

དེ་ཡང་། 《མཁས་འཇུག》ལས། མིང་ཚིག་དེ་དག་རྒན་པོ་ཡིས། །ཐོག་མར་སྦྱར་བ་བརྡ་ཡིན་ལ། །ཕྱི་ནས་དཔྱོད་པ་ཐ་སྙད་ཡིན། །དེ་ཡི་དང་པོ་འདོད་རྒྱལ་སྒྲ། །དེ་ལ་བརྟེན་ནས་ཕྱི་ནས་དོན། །གཞན་ལ་སྒྲོ་འདོགས་རྗེས་སྒྲུབ་སྒྲ། །བརྡ་སྤྲོད་བྱེད་པ་འདོད་རྒྱལ་སྒྲ། །ཞེས་པ་སྟེ་མིང་ལ་འདོད་རྒྱལ་དང་རྗེས་སྒྲུབ་གཉིས་སུ་དབྱེ་བ་དང་དངོས་མིང་དང་བཏགས་མིང་གཉིས་སུ་དབྱེ་བ་ལས་འདོད་རྒྱལ་ནི་རྒྱུ་མཚན་ལ་མ་གཏོད་པར་རང་འདོད་བཞིན་བཏགས་པ་ཡིན་ལ་རྗེས་སྒྲུབ་ནི་འདོད་རྒྱལ་གྱི་མིང་གང་རུང་ཞིག་ལ་གཞིགས་ནས་འདྲ་འབྲེལ་རྒྱུ་མཚན་དུ་བྱས་ཏེ་རྗེས་སུ་སྒྲུབ་པའི་མིང་ལ་ཟེར། དཔེར་ན། བྲང་སྐྱེས་དང་ཆུ་སྐྱེས་ལྟ་བུའོ། །མིང་ལ་དངོས་མིང་དང་བཏགས་མིང་གཉིས་ལས་དངོས་མིང་ཟེར་བ་ནི་དོན་གྱི་ངོ་བོ་དང་ལྡན་ཞིང་དབང་པོ་དང་འདྲ་བ་སོགས་ཀྱི་ཚོར་ནུས་པའི་བྱ་དངོས་དོན་དག་སོགས་ཆོས་གང་གི་ཐ་སྙད་དུ་གྲུབ་སྟེ་ཚིག་ཕྲེང་གི་ཚིག་འབུར་དུ་ཐོན་པ་བྱ་བར་རུང་བའི་ཆ་དེ་ལའོ། །དེའི་ནང་དུ་མིང་ལ་བྱ་བའི་མིང་། རྒྱན་པའི་མིང་། གྲངས་མིང་བཅས་བསྡུས་ཡོད། བཏགས་མིང་ནི་བླུན་པོ་ལ་བ་གླང་དུ་བཏགས་པ་སོགས་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དང་། སྤྱི་མིང་བྱེ་བྲག་ལ་བཏགས་པ། བྱེ་བྲག་གི་མིང་སྤྱི་ལ་བཏགས་པ། ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ། རྒྱུ་མིང་འབྲས་ལ་བཏགས་པ་སོགས་དབྱེ་བ་མང་དུ་ཡོད།

གསུམ་པ། མིང་གི་འདོགས་སྟངས།

མིའི་མིང་ཞེས་པ་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་རང་སོ་སོའི་མི་རྣམས་ཕན་ཚུན་དབྱེ་བ་འབྱེད་ཤེས་པའི་ཐོག་བཏགས་པའི་མཚོན་རྟགས་ཤིག་ཡིན། དེས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བསམ་པའི་འདུ་ཤེས་མཚོན་ཐུབ་པར་མ་ཟད་མི་རིགས་སོ་སོའི་བསམ་བློ་དང་ཆོས་ལུགས། དད་མོས་དེ་བཞིན་དམངས་སྲོལ་ཡང་མཚོན་གྱིན་ཡོད། གནའ་རབས་མིའི་མིང་གི་ཐོག་ནས་རིགས་རུས་མཐོ་དམན་དང་། དཔལ་འབྱོར་གྱི་གནས་བབ། གོ་ས་ཅི་ཡོད་མངོན་པས་མིའི་མིང་ལ་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པ་གསལ་ཐུབ། རྒྱ་བོད་གཉིས་ཀྱི་མིའི་མིང་འདོགས་སྲོལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་ནི་དངོས་ཡོད་རེད། དེ་ལས་བོད་ཀྱི་མིའི་མིང་འདོགས་སྲོལ་ནི་དང་ཐོག་མིའི་མིང་དང་རུས་མིང་གཉིས་སོ་སོར་དབྱེ་རྒྱུ་མེད་ལ་ཚོ་པ་སོ་སོ་ངོས་འཛིན་བདེ་བར་དམིགས་ནས་བཏགས་པར་སྣང་། གནའ་བོའི་མི་རྣམས་ལ་ཚོ་ཆུང་ཁག་གི་རུས་དེ་ཚོ་དཔོན་གྱི་མིང་དུ་འབོད་སྲོལ་ཡོད་པ་ཕུད། འབངས་མི་ཚོས་ཚོ་པ་དེའི་མིང་དེ་རང་ཉིད་ཀྱི་རུས་མིང་དུ་འབོད་རྒྱུ་ལས་རང་སོ་སོར་དམིགས་སུ་མིང་འདོགས་སྲོལ་མེད། རུས་དང་མིང་གཉིས་དོན་གཅིག་ཏུ་གནས་པས་ནུས་པ་ཡང་གཅིག་མཚུངས་ཡིན། རྒྱ་བོད་ལོ་རྒྱུས་ཐོག་ཏུ་མིའི་མིང་འདོགས་སྟངས་ལ་ཁྱད་ཆོས་མང་པོ་འདུག་སྟེ་འགའ་ཞིག་ནི་སྐྱེས་ཡུལ་དང་འབྲེལ་ནས་བཏགས་པ་དང་། འགའ་ཞིག་ནི་སྐྱེ་དུས་ཀྱི་གཟའ་ཟླ་དང་ཚེས་གྲངས་སོགས་དང་འབྲེལ་ནས་བཏགས་པ། འགའ་ཞིག་ནི་བཀྲ་ཤིས་དང་དོན་གྲུབ་པའི་མཚོན་དོན་བྱས་ནས་བཏགས་པ། འགའ་ཞིག་ནི་དཔའ་དང་སྟོབས་མཚོན་པར་བྱེད་པ་སོགས་ཧ་ཅང་མང་པོ་ཡོད། དེ་ཡང་། ལོ་ཙྭ་བས་ཡིག་སྒྱུར་བྱེད་དུས་རྒྱ་བོད་མིང་གི་འདོགས་སྟངས་ཀྱི་ཁྱད་ཆོས་ལ་ཡིད་གཟབ་གནང་དགོས།

1.སྐྱེས་ཡུལ་ལ་གཞིགས་ནས་མིང་འདོགས་ཚུལ།

རྒྱ་མིང་ཁ་ཤས་ཀྱི་འདོགས་སྟངས་ནི་སྐྱེས་ཡུལ་དང་རི་ཀླུང་དང་། རྒྱ་མཚོ་སོགས་དང་འབྲེལ་བར་མ་ཟད་ཡུན་རིང་གི་སྡོད་གནས་དང་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པས་མིའི་མིང་ལ་གོ་བདེ་བའི་རང་བཞིན་ལྡན་ཡོད། དཔེར་ན། 景岗山、陈鲁豫、黄山、潘长江 ལྟ་བུར་མཚོན་ན潘ནི་རུས་དང་长江ནི་འབྲི་ཆུའི་མིང་མིར་བཏགས་ཏེ་མིང་ལ潘长江ཞེས་བཏགས་སྲོལ་ཡང་འདུག གཞན་ཡང龙应台ལྟ་བུར་མཚོན་ན龙ཕའི་རུས་དང应མའི་རུས་ཡིན་ལ་དེ་ལས台湾 དུ་སྐྱེས་པས龙应台ཞེས་བཏགས་ཡོད། བོད་ལ་ཡང་འགའ་ཞིག་གིས་རང་གི་ཕ་ཡུལ་གྱི་མིང་དེ་རང་མིང་གི་མདུན་དུ་འབྲི་སྲོལ་འདུག་སྟེ། དཔེར་ན། ཆབ་མདོ་འཕགས་པ་ལྷ་དང་། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་དང་བཅས་པ་མང་པོ་ཡོད། དེ་ལྟར་ན། རྒྱ་བོད་མིང་གི་འདོགས་ཚུལ་འདྲ་བར་སེམས།

2.སྐྱེ་དུས་དང་སྐྱེ་བའི་དུས་ཚོད་ཀྱི་སྔ་ཕྱི་ལ་བསྟུན་ནས་མིང་འདོགས་ཚུལ།

དུས་བཞི་ལས་དུས་གང་དུ་སྐྱེ་བ་དང་། གཟའ་བདུན་ལས་གཟའ་གང་དུ་སྐྱེས་པའི་དུས་ཚོད་གཞིར་བཟུང་ནས་མིང་འདོགས་སྲོལ་དེ་རྒྱ་བོད་གཉིས་ཀར་ཡོད་འདྲ་སྟེ། དཔེར་ན། རྒྱ་མི་རིགས་ཀྱི་མིའི་མིང་ལ秋生ཞེ་ན། སྟོན་དུས་སྐྱེས་པའི་དོན་དང马家俊、虎生、建国ལ་སོགས་ནི་འཁྲུངས་སྐར་དང་བསྟུན་ཏེ་མིང་བཏགས་པ། དེ་བཞིན་བོད་ལ་ཡང་ཟླ་བ་དང་། མིག་དམར། ལྷག་པ། པ་སངས། ཉི་མ་སོགས་ནི་གཟའ་གང་ཞིག་ལ་སྐྱེས་པ་གཞིར་བྱས་པ་དང་། ཚེས་གསུམ་དང་། བཅོ་ལྔ། གནམ་གང་ལྟ་བུ་ནི་བོད་ཚེས་གང་ཞིག་ལ་སྐྱེས་པ་གཞིར་བྱས་ནས་བཏགས་པའོ། །དེ་ལྟ་ན་རྒྱ་བོད་མི་རིགས་གཉིས་ཀས་འཁྲུངས་སྐར་དང་ཟླ་ཚེས་ལ་དོ་ཁུར་ཆེན་པོ་བྱས་པ་མཚོན་གྱིན་ཡོད།

3.ཕོ་མོའི་ཁྱད་ཆོས་ལ་གཞིགས་ནས་མིང་འདོགས་ཚུལ།

རྒྱ་བོད་མི་རིགས་གང་ཡིན་རུང་མིའི་མིང་ཁྲོད་སྐྱེས་པ་དང་བུད་མེད་མཚོན་པའི་ཆེད་སྤྱོད་མིང་ཤིན་ཏུ་མང་པོ་ཡོད། རྒྱ་མི་རིགས་ལ་མཚོན་ན王秋芳、张建芳、秋菊、李清照、兰芝、语嫣、素芝ལྟ་བུ་བུད་མེད་ཀྱི་མིང་དང་། 安邦、定国、成业、才俊、德明ལྟ་བུ་སྐྱེས་པ་མཚོན་པའི་མིང་ཡིན། བོད་མི་རིགས་ལ་མཚོན་ན། དཔེར་ན། སྒྲོལ་མ། མེ་ཏོག བདེ་སྐྱིད། བུ་ཁྲིད། མཚོ་མོ། ལྷ་སྒྲོན། གཡང་འཛོམས་དང་བཅས་པ་ནི་བུད་མེད་ཁོ་ནར་བཏགས་པ་དང་སྟོབས་ལྡན། རྒྱལ་པོ། རྒྱ་མཚོ། བརྩོན་འགྲུས། མཐར་ཕྱིན། གྲགས་པ་སོགས་སྐྱེས་པའི་རིགས་ལ་ཐོབ་པ་རེད། དེ་ཡང་རྒྱ་བོད་མི་རིགས་གང་ཡིན་རུང་བུད་མེད་དང་སྐྱེས་པ་སོ་སོའི་མིང་འདོགས་སྟངས་ཐད་རང་གི་ཁྱད་ཆོས་ངེས་ཅན་ཞིག་ལྡན་ཡོད།

4.བར་ཆད་བཟློག་པའི་ཆེད་དུ་མིང་འདོགས་ཚུལ།

རྒྱ་བོད་མི་རིགས་གང་ཡིན་རུང་ཁྱིམ་ཚང་ཞིག་ནང་ཕྲུ་གུ་སྐྱེས་མ་ཐག་གྲོངས་འགྲོ་བ་དང་ཕྲུ་གུ་སྐྱེས་ནས་འཚར་ལོངས་མ་བྱུང་ཚེ་ཕྲུ་གུར་མིང་ངན་བཏགས་ན་ཚེ་བརྟན་པོ་ཡོང་བའི་བཤད་སྲོལ་འདུག་པས། མིའི་མིང་དུ་མིང་ངན་པ་དང་རྣ་བར་མི་སྙན་པའི་མིང་འདོགས་སྲོལ་ཡོད་དེ། རྒྱ་མི་རིགས་ཀྱི་མིའི་མིང་ནང་དུ། དཔེར་ན། 狗娃དང屁娃དང二鬼དང憎哥ལ་སོགས། དེ་བཞིན་བོད་ལ་ཡང་མཚམས་གཅོད་དང་ཁྱི་ཕྲུག ཕག་སྐྱག རྐང་བཙུགས། ཤི་ལོག འཆི་ཐར་སོགས་འདོགས་སྲོལ་ཡོད་པ་དེ་དག་ལས། མཚམས་གཅོད་ཅེས་པ་ནི་ཤི་མཚམས་གཅོད་པ་དང་བུ་མོ་སྐྱེས་མཚམས་གཅོད་པ། ཁྱི་ཕྲུག་དང་ཕག་སྐྱག་ནི་ཕྲུ་གུ་སྔོན་མ་རྣམས་ཤི་བ་དང་སྐྱེས་མ་ཐག་ཤི་བས་ཕྱིས་སུ་ཕྲུ་གུ་བདེ་མ་ཐང་མར་འཚར་ལོངས་ཡག་པོ་ཡོང་བའི་རེ་སྨོན་མཚོན་གྱིན་ཡོད། དེར་བརྟེན། རྒྱ་བོད་མི་རིགས་གང་ཡིན་རུང་ཕྲུ་གུར་མིང་འདོགས་དུས་ཕྲུ་གུ་ཡི་འཕྲལ་དང་ཕུགས་ཀྱི་བར་ཆད་སེལ་བ་དང་བདེ་བར་རེ་སྨོན་དང་སྡུག་བསྔལ་ལས་ཐར་ཐབས་བྱེད་པ་རེད།

5.ཆོས་ལུགས་དང་འབྲེལ་བའི་མིང་འདོགས་ཚུལ།

རྒྱ་མི་རིགས་ནི་གནའ་རབས་ནས་ད་བར་མེས་པོ་ལ་བརྩི་བཀུར་དང་རུའུ་ལུགས་ཀྱི་སྲོལ་རྒྱུན་བསམ་བློ་ཡོད་ཅིང་དེའི་ཁྲོད་འཚར་ལོངས་བྱུང་བའི་རྐྱེན་གྱིས་མིང་འདོགས་སྲོལ་ལས་ཀྱང་སྲོལ་རྒྱུན་གྱི་བསམ་བློ་མང་པོ་མཚོན་ཐུབ། དཔེར་ན་མེས་པོ་བླ་ན་མེད་པར光宗耀祖དང仁义དང忠孝དང浩然དང泰然སོགས་འདོགས་ཀྱིན་ཡོད། བོད་ལ་ཡང་ཆོས་ལུགས་ཀྱི་ཤུགས་རྐྱེན་འོག་བཏགས་པའི་མིང་ནི། དཔེར་ན་སངས་རྒྱས་དང་ཆོས་སྐྱོང་། སྒྲོལ་མ། བསྟན་འཛིན།བསམ་གཏན། ཚུལ་ཁྲིམས་སོགས་ཀྱི་མིའི་མིང་མང་པོ་མཐོང་རྒྱུ་ཡོད། དེའི་ཐོག་ནས་རྒྱ་བོད་མི་རིགས་གང་ཡིན་རུང་རང་སོ་སོའི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ་མངོན་གྱིན་འདུག དེར་བརྟེན་ང་ཚོས་མིའི་མིང་ཡིག་སྒྱུར་བའི་སྐབས་སུ་མིང་གི་རྒྱབ་ལྗོངས་དང་ལོ་རྒྱུས་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་ནི་དོར་དུ་མི་རུང་བའི་གནད་འགག་ཅིག་ཏུ་འཛིན་དགོས།

མིའི་མིང་འདོགས་ཚུལ་མི་འདྲ་བས་དོན་སྒྱུར་དང་ཐད་སྒྱུར་བྱས་ན་མིང་གདགས་བྱའི་གང་ཟག་དངོས་སྟོན་མི་ཐུབ་པ་དང་ཡང་ན་གཞན་དང་ནོར་འཁྲུལ་ཡོང་སྲིད། དེ་བས་འཛམ་གླིང་གི་མི་རིགས་སོ་སོའི་ཡིག་སྒྱུར་བྱ་གཞག་ཁྲོད་མིའི་མིང་སྒྱུར་དུས་སྒྲ་སྒྱུར་བྱེད་བཞིན་ཡོད། མིའི་མིང་ཡིག་སྒྱུར་བྱེད་སྐབས་རྩ་དོན་གསུམ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། མ་ཡིག་གི་སྒྲ་ཇི་བཞིན་བསྒྱུར་དགོས་པ། རྒྱུན་འབྱམས་སུ་གྱུར་པའི་མིང་ལ་བཟོ་བཅོས་མི་རྒྱག་པ། བོད་ཡིག་གི་སྒྲ་ཡང་དག་པར་སྒྱུར་ཐུབ་པ་བཅས་ཡིན།

མི་ཁ་ཤས་ཀྱི་མིའི་མིང་ནི་ཆེད་སྤྱོད་ཐ་སྙད་དུ་ངོས་འཛིན་བྱས་ནས་ཡིག་སྒྱུར་སྐབས་ལས་སླ་པོ་ཡོད་བསམས་ཏེ་ཐད་སྒྱུར་ཁོ་ན་བྱེད། འོན་ཀྱང་དོན་དངོས་ཐོག་དེ་འདྲ་མིན་པར། མིའི་མིང་དེ་མི་རིགས་ཀྱི་རིག་གནས་དང་བརྡ་སྤྲོད་གཞུང་ལུགས། ཡུལ་གྲུ་སོ་སོའི་གནས་ཡུལ་བཅས་དང་བསྟུན་ནས་བསྒྱུར་དགོས་པ་ཞིག་ཡིན། དེ་བས་མིའི་མིང་སྒྱུར་སྐབས་ཐད་སྒྱུར་ཐལ་དྲགས་མི་རུང་། མིང་གི་སྒྱུར་སྟངས་རྣམས་ངེས་པར་དུ་བེད་སྤྱོད་བྱེད་དགོས་པ་ནི་སྨོས་མེད་ཅིག་ཡིན་ཏེ། དཔེར་ན། འགྲེལ་སྒྱུར་དང་དོན་སྒྱུར། ཕྱེད་ཐད་སྒྱུར་དང་ཕྱེད་སྒྲ་སྒྱུར། སྒྲ་སྒྱུར་སོགས་མང་པོ་ཡོད་དོ། །

1.སྒྲ་སྒྱུར་གྱི་སྒྱུར་ཐབས།

སྒྲ་སོར་འཇོག་དང་བསྒྱུར་བྱ་གང་དེའི་སྒྲའི་ཀློག་སྟངས་སྒྱུར་བྱེད་སྐད་ཀྱི་མཚོན་པར་བྱས་པ་སྟེ་བསྒྱུར་ཐབས་དེ་ནི་བསྒྱུར་བྱའི་བསྟན་བྱའི་མིའི་མིང་ཡོངས་ཁྱབ་ཀྱི་མིང་ཞིག་ཡིན་དགོས། དཔེར་ན་མའོ་ཙེ་ཏུང毛泽东 ལེ་ཧྥེང雷锋 列宁ལེ་ཉིན།孙思邈སུན་སི་མའོ། 范仲淹ཧྥན་ཀྲུང་ཡན། 朱元璋ཀྲུའུ་ཡོན་ཀྲང་སོགས་ནི་སྒྲ་སྒྱུར་གྱིས་བཏགས་པ་ཡིན། དེ་ཡང《སྒྲ་སྦྱོར་བམ་གཉིས》ལས། “ཀོོ་ཤི་ཀ་ལྟ་བུ་རྩྭ་ཤ་ཐོགས་པ་དང་མཁས་པ་དང་པད་མ་ལ་དགའ་བ་དང་འུག་པ་དང་མཛོད་ལྡན་ལ་སོགས་པ་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་རྣམ་གྲངས་མང་པོ་ཞིག་ཏུ་སྙེགས་ལ་བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་རྣམ་གྲངས་དེ་ཀུན་འདུ་བར་ཡང་མི་བཏུབ་སྟེ་གཅིག་ཏུ་ཆད་པར་བྱ་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་རང་སོ་ན་ཞོག་ཅིག”ཅེས་གསུངས་པ་ལྟར་མི་མིང་བསྒྱུར་སྟངས་རང་སོར་འཇོག་པ་འདི་ནི་བསྒྱུར་བྱ་གང་དེའི་སྒྲ་དོན་ཇི་བཞིན་སྒྱུར་བྱེད་སྐད་དུ་སོར་འཇོག་བྱས་པ་ལ་བྱ་སྟེ་འདིར་བཞི་ཙམ་བྱུང་ཡོད། སྒྲ་སོར་འཇོག་དེ་ནི་མ་ཡིག་གི་མིང་ཇི་ལྟ་བ་བཞིན་བསྒྱུར་དགོས་པ་སྟེ་དཔེར་ན毛泽东མའོ་ཙེ་ཏུང་དང孔子ཁུང་ཙི། དེ་ནི་མ་ཡིག་གི་ཀློག་པ་པོར་གོ་བདེ་བའི་ཆེད་དུ་ཡིན་ཞིང་སྒྲ་སོར་བཞག་ནི་མ་ཡིག་གི་མིང་ཀློག་པ་པོའི་མཐོང་ལམ་དུ་འབུལ་དུས་དང་གོ་བ་ལེན་དུས་ལྟ་བདེ་བའི་རྩ་དོན་གཞིར་བཟུང་ཡོད། དེ་ནི་སྒྲ་སྒྱུར་གྱི་རྩ་དོན་གྱི་དགོངས་པ་དང་འགལ་མེད། ཡིག་སྒྱུར་སྐབས་མིའི་མིང་ཁོ་ན་ཡོད་དུས་སྒྲ་སྒྱུར་བྱས་ན་ལེགས། འོན་ཀྱང་སྒྲ་སྒྱུར་སྐབས་དོ་སྣང་བྱེད་དགོས་པ་ནི་མ་ཡིག་གི་སྒྲ་དྲག་ཞན་དང་བསྟུན་དགོས། དཔེར་ན། 毛泽东མའོ་ཙེ་ཏུང་ལྟ་བུར་མོའོ་ཙེ་ཏུང་སོགས་བསྒྱུར་ན་སྒྱུར་ཡིག་གི་སྒྲ་སྒྱུར་གྱི་རྩ་དོན་དང་རྒྱབ་འགལ་དུ་འགྲོ་བཞིན་ཡོད། 毛泽东ནི་སྒྲ་དྲག་ཞན་ལ་བསྟུན་ནས་འགྱུར་འཚམས་ཤོས་ནི་མའོ་ཙེ་ཏུང་ཡིན། དེ་བཞིན་དུ་བོད་དུ་བོད་མིའི་མིང་རྒྱ་ཡིག་གི་ནང་དུ་སྒྱུར་བ་ཡང་དེ་ལྟར་ཡིན་ཏེ། དཔེར་ན། སྲོང་བཙན་སྒམ་པོ松赞干布ཞེས་པར་བསྒྱུར་ཡོད། གཞན་ཡང་བོད་ཀྱི་ཡུལ་སྐད་མང་བས་ཡིག་སྒྱུར་བྱེད་དུས་ཁྱད་པར་ཡོད། བོད་ལ་ཆ་མཚོན་ན་ཡུལ་སྐད་ཀྱི་ས་ཁུལ་གསུམ་དུ་དབྱེ་ཆོག་སྟེ། དབུས་གཙང་དང་ཨ་མདོ། ཁམས་བཅས་གསུམ་ཡོད། དེར་བརྟེན་ཡིག་སྒྱུར་མཁན་ཞིག་ཡིན་ན་བོད་ཀྱི་ཡུལ་སྐད་སོ་སོར་རྒྱུས་མངའ་ལོན་པའི་རྨང་གཞིའི་ཐོག་ཡིག་སྒྱུར་བྱེད་དགོས་པ་ཡིན། དཔེར་ན། བྱམས་པ། ལྟ་བུར་མཚོན་ན“强巴”“向巴”“祥巴”སོགས་སྒྱུར་ཆོག་པ། ད་དུང་དཔེར་ན། བདེ་སྐྱིད་ལྟ་བུར་མཚོན་ན “德吉”“德西”སོགས་སྒྱུར་ཆོག དེ་དག་ནི་བོད་ཀྱི་ཡུལ་སྐད་མང་བའི་རྐྱེན་གྱིས་ཡིན། དཔེར་ན། དབུས་གཙང་གིས་བྱ་ལ“qia”(恰)ཀློག་གིན་ཡོད། འོན་ཀྱང་ཁམས་སྐད་དུ “xia”(辖)ཀློག་གིན་ཡོད་པས་ཡིག་སྒྱུར་བྱེད་མཁན་ཞིག་ཡིན་ན་ཡུལ་སྐད་མི་གཅིག་པར་རྒྱུས་ལོན་ཡོད་པའི་ཐོག་ནས་ཡིག་སྒྱུར་བྱེད་དགོས་པ་གལ་ཆེ། དཔེར་ན། བསོད་ནམས་རྒྱ་མཚོ་ལ索南加措(斯郎嘉措)དང་ནོར་བུ་དགྲ་འདུལ་ལ罗布占堆(诺布占堆) སོགས་ཡོད།

2.ཕྱེད་སྒྲ་སྒྱུར་དང་ཕྱེད་དོན་སྒྱུར།

དེ་ནི་བསྒྱུར་བྱ་དེའི་ཕྱེད་ཀ་ཙམ་སྒྲ་སྒྱུར་དང་ཕྱེད་ཀ་དོན་སྒྱུར་གྱི་ཐབས་ལ་ཟེར། དཔེར་ན།诸葛亮—智者 西施—美女སོགས་དང་གཞན་ཡང《ཆུ་ངོགས་གཏམ་རྒྱུད》ལས་ཕོ་རྒོད108མི་རེར་ཚབ་མིང་རེ་ཡོད་པས་དཔེར་ན豹子头—林冲གཟིགས་མགོ་ཅན་ལིན་ཁྲུང་སོགས་ལྟ་བུ། དེ་ལྟར་མིའི་མིང་སྒྱུར་བའི་ཆེས་ཕུལ་བྱུང་གི་འབྲས་བུ་ནི་ཀློག་པ་པོ་ལ་བརྡ་སྤྲོད་པ་དང་གོ་བ་ལེན་བདེ་བའི་ཆེད་དུ་ཡིན་པས་སྐབས་འགར་ཚབ་མིང་ཡང་བེད་སྤྱོད་ཀྱིན་ཡོད། འོན་ཀྱང་ཚབ་མིང་བེད་སྤྱོད་སྐབས་དུས་དང་གནས་ཡུལ་ལ་བསྟུན་དགོས། དེ་ལྟར་མ་བྱས་ཚེ་དགོད་བྲོ་བའི་གནས་སུ་ལྷུང་བར་ངེས། དཔེར་ན། ལོ་ཆེན་རིན་ཆེན་བཟང་པོ།大译师仁钦桑布 རྗེ་བཙུན་མི་ལ་རས་པ།至尊米拉日巴 སྤྲིན་བཞོན་གཡུ་འབྲུག公孙胜 དུས་དཀྲུག་གཤེད་མ། 混世魔王ལྟ་བུའོ། །

3.མིང་གི་བླ་ཐབས་སུ་བསྣན་པའི་སྒྲ་སྒྱུར།

དེ་ཡང་སྒྲ་སྦྱོར་བམ་པོ་གཉིས་པ་ལས། “ཡུལ་དང་སེམས་ཅན་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོམས་མེད་པ་རྣམས་ནི། མགོ་ལ་ཡུལ་ཞེས་པའམ་མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣོན་ལ་རྒྱ་གར་སྐད་རང་སོ་ན་ཞོག་ཅིག”ཅེས་གསུངས་པ་ལྟར། སྒྲ་ཁོ་ན་ཙམ་གྱིས་བོད་སྐད་དུ་ཅི་ཡིན་མི་ཤེས་ཚེ་དེ་ལ་སྒྲ་རང་སོར་བཞག་པའི་སྟེང་མིང་གཅིག་ཁ་སྣོན་བྱས་ཏེ་འགྲེལ་བཤད་ལྟ་བུའི་ཚུལ་དུ་བསྒྱུར་བ་ཡིན། དཔེར་ན唐僧ལ་ཐང་སིན་བླ་མ་དང屈原ལ་སྙན་ངག་མཁས་ཅན་ཆུས་ཡོན་བཅས་བསྒྱུར་ཡོད། དེ་འདྲ་སྒྲ་སྒྱུར་བའི་དགོས་པ་ནི་གང་དེའི་གནས་བབ་དང་ཡོན་ཏན་སོགས་མཚོན་ཐུབ་པའི་ཆེད་དུ་ཡིན། ལྷག་པར་དུ་ལོ་རྒྱུས་ཡིག་ཆ་དང་གསར་འགྱུར་ཚགས་པར། མི་གྲགས་ཀྱི་རྣམ་ཐར། རྟོགས་བརྗོད་སོགས་ཡིག་སྒྱུར་བྱེད་དུས་སྒྱུར་ཐབས་དེ་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད།

4.འགྲེལ་སྒྱུར་གྱི་སྒྱུར་ཐབས།

རྒྱ་བོད་མི་རིགས་ཀྱི་འཚོ་གནས་ཁོར་ཡུག་དང་ལོ་རྒྱུས་འབྱུང་རྐྱེན། བསམ་བློའི་འཁྱེར་སོ་དང་ས་ཁམས་ཆགས་སྟངས་སོགས་ཀྱིས་རྒྱ་བོད་མི་རིགས་གཉིས་བར་གྱི་དངོས་པོ་ཞིག་གམ་མིའི་མིང་འདོགས་ཚུལ་ཡང་མི་འདྲ་བས་འགྲེལ་སྒྱུར་གྱི་ཡིག་སྒྱུར་བྱེད་སྟངས་ཤིག་ཆགས་ཡོད། མིའི་མིང་ཞིག་ལ་རྒྱ་ཡིག་གི་ཁྲོད་བསྡུས་མིང་ཡིན་ན་བོད་ཡིག་ཏུ་སྒྱུར་དུས་དེའི་འགྲེལ་བཤད་དང་སྒྲ་སོར་བཞག་གཉིས་ཀ་འབྲེལ་ཏེ་སྒྱུར་གྱིན་ཡོད། དེ་ལས་འགྲེལ་བསྒྱུར་ནི་འགྲེལ་བཤད་རང་བཞིན་ལ་བརྟེན་ནས་བསྒྱུར་བྱ་གང་གི་ནང་དོན་དེ་མཚོན་ཐབས་ཤིག་སྟེ་སྒྱུར་ཐབས་འདི་ནི་སྐད་རིགས་གཉིས་ཀྱི་མིང་བརྡ་ཕན་ཚུན་སྒྲ་སོར་འཇོག་བྱེད་དུས་གོ་བརྡ་དང་གོ་དོན་སྟོན་མི་ཐུབ་པའི་སྐབས་གོ་བ་མི་འཁྲུལ་བའི་ཐབས་ཤིག་ཡིན། དཔེར་ན三世如来ཞེས་པར་དུས་གསུམ་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་མེས་དབོན་རྣམ་གསུམ祖孙三法王(松赞干布、赤松德赞、热巴坚三位藏王的总称)ཞེས་སྒྱུར་དགོས་པ་ལས་སྒྲ་སོར་འཇོག་གི་སྒྱུར་ཐབས་བེད་སྤྱད་ན་མི་འཚམ་པ་དང་ཕྱེད་སྒྲ་སྒྱུར་དང་ཕྱེད་དོན་སྒྱུར་བྱས་ན་ཡང་མི་འཚམ་པའི་རྐྱེན་གྱིས་འགྲེལ་སྒྱུར་ནི་སྒྲ་སྒྱུར་དང་ཕྱེད་སྒྲ་སྒྱུར་ཕྱེད་དོན་སྒྱུར་གྱི་རྨང་གཞིའི་ཐོག་བྱུང་བའི་སྒྱུར་ཐབས་ཤིག་ཡིན་པར་སྣང་།

5.གཡར་མིང་གི་སྒྱུར་ཐབས།

གལ་ཏེ་མིའི་མིང་ཕྱི་རོལ་ནས་ཡོང་བ་ཡིན་ན་སྒྲ་སྒྱུར་བྱེད་སྐབས་མ་ཡིག་དང་བསྟུན་དགོས། དཔེར་ན་འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་རྒྱ་རྗེ་ཐའེ་ཙུང་བློན་པོ་ཞེང་ཧྭང་ཏེ་གཉིས་ཆབ་སྲིད་གཅིག་ཏུ་མོལ་ནས་ཚེ་ཀྭན་གྱི་ལོ་ལ་མུན་ཤིང་ཀོང་ཇོ་བཙན་པོའི་ཁབ་ཏུ་བླངས་པ་དེའི་མ་ཡིག་ཁྲོད་ཐའེ་ཙུང་བློན་པོ་ཞེང་ཧྭང་ཏེ་མུན་ཤིང་ཀོང་ཇོ་བཅས་ནི་རྒྱ་ཡིག་གི་སྒྲ་སྒྱུར་གྱི་སྒྲ་སོར་བཞག་བེད་སྤྱད་ཡོད་པས་སྒྱུར་ཡིག་ནང太宗文武皇帝和文成公主ལ་གསལ་པོ་བསྒྱུར་ཡོད། དེ་ལ་བལྟས་ན་གཡར་མིང་གི་སྒྱུར་ཐབས་ནི་མ་ཡིག་གི་གོ་བ་དེ་ཀློག་པ་པོར་གོ་ལོག་མི་ཐེབས་པའི་ཆེད་དུ་ཡིན་ཞིང་ལྷག་པར་དུ་མ་ཡིག་ནི་ཆབ་སྲིད་དང་འབྲེལ་བའི་ཆབ་སྲིད་ནང་གི་མིའི་མིང་རྣམས་ཐད་སྒྱུར་མ་གཏོགས་དོན་སྒྱུར་དང་གཞན་གྱི་སྒྱུར་ཐབས་ཉུང་ཙམ་གཏོང་དགོས།

མཇུག་བསྡུ་བའི་གཏམ།

སྤྱིར་གནའ་དེང་གི་དུས་སུ་རྒྱ་བོད་ཡིག་སྒྱུར་ཆེད་ལས་སུ་ཞུགས་མཁན་ནི་ཤིན་ཏུ་མང་པོ་ཡོད་པར་མ་ཟད་སྒྱུར་ལེགས་པོ་ཡང་མང་པོ་མཐོང་རྒྱུ་ཡོད། འོན་ཀྱང་ལོ་ཙཱ་བ་ཞིག་བྱེད་པ་དེ་ཡང་ལས་སླ་པོ་ཞིག་ག་ལ་ཡིན། ལོ་ཆེན་གྲགས་ཅན་ཕུ་ལེ་ཧན་ནོ་ཧྥུས(普列汉诺夫)། ཁྱེད་ཀྱིས་ལོ་ཙཱ་བྱེད་འདོད་ན་དེ་ནི་མཆོག་ཏུ་གྱུར་པའི་ལས་རིགས་ཤིག་ཡིན། ལོ་ཙཱ་བྱེད་པར་ཐོག་མར་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་བྱང་ཆུབ་པ་དགོས་པ་དང་དེ་ནས་བསྒྱུར་བྱའི་མ་ཡིག་དང་འབྲེལ་བའི་དངོས་དོན་རྒྱུས་མངའ་ཞིབ་ཚགས་བྱེད་དགོས། གལ་ཏེ་ཆ་རྐྱེན་དེ་དག་མ་འཛོམས་ན་སྒྱུར་ལེགས་པོ་མེད་པ་དང་སྦྲགས་ཀློག་པ་པོ་མུན་སྤྲུལ་གྱི་ལམ་དུ་འཁྲིད་ཉེན་ཡོད་པས་དེ་ལས་ལོ་ཙཱ་མ་བྱས་ན་དགའ་ཞེས་གསུངས། དེང་སང་ང་ཚོས་རྒྱ་བོད་ཀྱི་དཔེ་དེབ་མང་པོ་ཞིག་ཕན་ཚུན་ཕབ་སྒྱུར་བྱེད་སྐབས་སུ་མ་ཡིག་དང་བསྟུན་གང་ཐུབ་བྱེད་རྒྱུ་ནི་རྩ་བ་ཡིན། འོན་ཀྱང་མ་ཡིག་ལ་བསྟུན་དྲགས་ཚེ་སྒྱུར་ལེགས་པོ་ཞིག་ཆགས་དཀའ་བ་དང་ཐ་ན་གོ་དཀའ་བ་སོགས་ཀྱི་སྐྱོན་ཡང་ཡོང་གིན་ཡོད། འདིར་གླེང་བྱའི་རྒྱ་བོད་མིང་གི་སྒྱུར་སྟངས་ཐད་ནས་བརྗོད་ན་ཡང་མིང་དག་སྒྱུར་སྐབས་སུ་ཡུལ་གྲུ་སོ་སོའི་ཡུལ་སྲོལ་གོམས་གཤིས་སོགས་ལ་བསྟུན་དགོས་པར་མ་ཟད་ཡིག་སྒྱུར་བ་ཞིག་ཡིན་ཕྱིན་མ་མཐར་ཡང་སྐད་རིགས་གཉིས་ལ་བྱང་ཆུབ་དགོས་པ་ཡིན། རྒྱ་བོད་མིང་གི་སྒྱུར་ཐབས་ཐད་ལ་ཡང་རང་སོ་སོའི་བརྡ་སྤྲོད་གཞུང་ལུགས་དང་མཐུན་དགོས་པས་རྒྱ་ཡིག་ཤེས་པའི་རྨང་གཞིའི་ཐོག་བོད་ཡིག་གི་རྩོམ་འབྲིའི་ཆུ་ཚད་ཀྱང་མི་དམན་པ་དགོས། དེ་ལྟར་བྱུང་ཚེ་གཞི་ནས་སྒྱུར་ཡང་དག་ཅིག་དང་སྒྱུར་ཡིག་གནད་ལ་ཁེལ་པོ་ཞིག་ཡོང་བའི་རེ་བ་ཡོད། ཡིག་སྒྱུར་བྱ་བར་ཞུགས་མཁན་ཞིག་ཡིན་ན་རང་གཅིག་པུའི་ཁེ་ཕན་མི་བསམ་པར་མི་རིགས་སྤྱིར་འགན་འཁུར་བའི་འདུ་ཤེས་ཡང་དག་པ་དགོས་རྒྱུ་ནི་ཆེས་རྩ་བར་གྱུར་པའི་ཆ་རྐྱེན་ཞིག་ཡིན་ནོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།