[ནང་དོན་གནད་བསྡུས།] བོད་སྐད་ཀྱི་འབྲེལ་སྒྲའི་ཕྲད་ནི་གཙོ་བོ་དངོས་པོའི་མིང(名词)དང་དངོས་པོའི་མིང་གི་བར་མཚམས་སུ་སྦྱོར་བཞིན་ཡོད་པ་དང་། བརྡ་དོན་ཀྱི་ཆ་ནས་ཆེ་ཕྱོགས་སུ་ཁོངས་གཏོགས(领属)དང་རང་བཞིན་གྱི་འབྲེལ་བ(属性关系)གཉིས་བསྟན་བཞིན་ཡོད། འོན་ཀྱང་དངོས་པོའི་མིང་གཉིས་སམ་དུ་མ་འདུས་སོ་ཅོག་ལ་འབྲེལ་སྒྲའི་ཕྲད་ངེས་པར་དུ་སྦྱོར་དགོས་པ་ཞིག་མ་ཡིན་ཏེ། ལ་ལར་འབྲེལ་སྒྲའི་ཕྲད་གཏན་ནས་ཞུགས་མི་རུང་ཞིང་། ཞུགས་ཚེ་དོན་ཡན་གར་དུ་སྟོན་སྲིད་ལ། འགའ་ཞིག་ལ་ངེས་པར་དུ་སྦྱོར་དགོས་པ་དང་། མ་སྦྱར་ཚེ་བརྗོད་འདོད་ཀྱི་དོན་གང་བདེ་བླག་ཏུ་སྟོན་མི་ཐུབ། ཡང་དུ་མ་ཞིག་ལ་སྦྱར་མ་སྦྱར་གང་ཡང་རུང་པ་དང་། དོན་ལ་ཁྱད་པར་ཅི་ཡང་མི་འབྱུང་། འོ་ན་བོད་སྐད་དུ་འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར་ལ་ཚད་བཀག་གང་དག་ཡོད་ཅེ་ན། རྩོམ་འདིས་བསྟན་བྱའི་ཐད་ནས་དོན་རྡོག་པོ་གཅིག(整一性)ཡིན་མིན་དང་། སྐད་ཆའི་སྤྱོད་སྒོ(语用)ནས་དོན་འབུར་དུ་སྟོན(凸显)དགོས་མིན། སྐད་ཆའི་སྡེབ་སྦྱོར་ནས་འཆམ་འཐུན་ལ་གནོད་མིན་བཅས་ཕྱོགས་གསུམ་ནས་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] འབྲེལ་སྒྲ། ཚད་བཀག བརྡ་དོན། སྐད་ཆའི་སྤྱོད་སྒོ། སྡེབ་སྦྱོར།
རྩོམ་པ་པོས《བོད་ལྗོངས་ཞིབ་འཇུག》(2020ལོའི་དེབ4)བ་རུ“བོད་སྐད་ཀྱི་འབྲེལ་སྒྲའི་ཐད་ཀྱི་གནད་དོན་འགའ”ཞེས་པའི་ཡིག་འབྲུ་ཁྲི་གཉིས་ཡས་མས་ཅན་གྱི་དཔྱད་རྩོམ་ཞིག་བཀོད་པ་དང་། རྩོམ་དེས་བོད་སྐད་ཀྱི་ཚད་བཀག་སྟོན་པའི་མིང(限定词)དང་མིང་གཙོ་བོའི་སྒྲིག་གཞི་ཅན(定中结构)ཁྲོད་ཀྱི་འབྲེལ་སྒྲའི་ཕྲད་ཀྱི་སྤྱོད་ཚད་ལ་ཕྲ་ཞིང་ཞིབ་པར་བསྡོམས་རྩིས་བླངས་པ་དང་། སྒྲིག་གཞི་འདིའི་རིགས་ཅན་གྱི་ནང་ནས་བརྡ་དོན་ཀྱི་ཐད་དུ་རང་བཞིན་གྱི་འབྲེལ་བ་འབའ་ཞིག་སྟོན་ཞིང་། སྒྲིག་གཞིའི་ཐད་ནས་གྲུབ་ཆ་སྔ་ཕྱི་ཚགས་དམ་པ། སྐད་ཆའི་སྤྱོད་སྒོ་ནས་དོན་གང་འབུར་དུ་སྟོན་པ་ཅན་ཞིག་ཡིན་ཚེ་ཚད་བཀག་སྟོན་པའི་མིང་དང་མིང་གཙོ་བོའི་བར་དུ་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱོར་དགོས་པ་དང་། དེ་དང་ལྡོག་ན་འབྲེལ་སྒྲའི་ཕྲད་སྦྱོར་མི་དགོས་པའི་ལྟ་བ་བཏོན་ཡོད། དེའི་རྗེས་སུ་ཡང་རྩོམ་པ་པོ་དངོས་སུ་བོད་རིགས་རང་སྐྱོང་ས་ཁུལ་འགའ་ཞིག་སྟེ། བོད་ལྗོངས་ཀྱི་ལྷ་ས་དང་། མཚོ་སྔོན་གྱི་རེབ་གོང་། མགོ་ལོག ཀན་སུའུ་ཡི་བླ་བྲང་དང་། གཙོས་བཅས་ས་ཁུལ་ལྔ་རུ་བརྟག་དཔྱད་དུ་བསྐྱོད་དེ། དེ་གའི་ལས་ཁུངས་སོ་སོའི་མཚན་བྱང་དང་། ཟ་ཁང་ཚོང་ཁང་གི་མིང་དུ་འབྲེལ་སྒྲའི་ཕྲད་སྦྱོར་ཡོད་མེད་ལ་ཞིབ་ཏུ་བརྟག་པ་ཡིན་ལ། དེ་རུ་བོད་ལྗོངས་ལྷ་ས་ནས་ས་མིང་དང་མི་མིང་རྒྱུ་མཚན་དུ་བྱས་ཏེ་ལས་ཁུངས་དང་། ཟ་ཁང་ཚོང་ཁང་གི་མིང་དུ་བཏགས་པ་ཅན་བསྡོམས་པས50བདམས་ལ། དེའི་ནང་ནས་མིང་སྔ་ཕྱིའི་བར་ལ་འབྲེལ་སྒྲའི་ཕྲད་སྦྱར་བ་ཅན28མཆིས་པ་དང་། སྦྱར་མེད་པ22ཡོད། མཚོ་སྔོན་རེབ་གོང་ས་ཆ་ནས་དེའི་རིགས་ཀྱི་མིང91བདམས་པ་དང་། དེ་རུ53ལ་འབྲེལ་སྒྲའི་ཕྲད་ཡོད་པ་དང་། 38ལ་འབྲེལ་སྒྲའི་ཕྲད་མེད། མཚོ་སྔོན་མགོ་ལོག་ནས་དེའི་སྐོར་གྱི་མིང50བདམས་པ་དང་། དེའི་ནང་ནས་མིང30ལ་འབྲེལ་སྒྲ་སྦྱར་ཡོད་ལ། 20ལ་འབྲེལ་སྒྲ་སྦྱར་མེད། ཀན་སུའུ་བླ་བྲང་ནས་མིང30བདམས་ཤིང་། དེ་རུ་མིང17དུ་འབྲེལ་སྒྲའི་ཕྲད་བྱུང་ཡོད་པ་དང་། 13ལ་འབྲེལ་སྒྲའི་ཕྲད་སྦྱར་མེད། དེ་བཞིན་ཀན་སུའུ་གཙོས་ས་ཆ་ནས་ཀྱང་འདིའི་རིགས་ཀྱི་མིང30བདམས་ལ། དེ་ནས་མིང23ལ་འབྲེལ་སྒྲའི་ཕྲད་བཞག་ཡོད་ཅིང་། 7ལ་འབྲེལ་སྒྲའི་ཕྲད་སྦྱར་མེད། ཞོར་དུ་ང་ཚོས་བོད་ཁུལ་གྱི་ལས་ཁུངས་འགའི་མཚན་བྱང་གི་བོད་འགྱུར་དག་ལའང་བརྟག་དཔྱད་བྱས་པ་ཡིན་ལ། དེ་རུའང་འབྲེལ་སྒྲའི་ཕྲད་སྦྱར་མ་སྦྱར་ཅི་རིགས་ཤིག་སྣང་ངོ་། ། འདི་དག་ལས་ང་ཚོས་བོད་སྐད་ཀྱི་ལག་ལེན་ཁྲོད་དུ་འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར་ལ་བཀག་རྐྱེན་ཅི་ཡང་མེད་པར་ཤིན་ཏུ་རང་དབང་ཅན་དུ་གྱུར་ཡོད་པ་མཐོང་ཐུབ། འོན་ཀྱང་གནད་དོན་འདིའི་རིགས་ཀྱིས་རྒྱུན་དུ“བལ་ཡུལ་ཚོང་ཁང་”དང“བལ་ཡུལ་གྱི་ཚོང་ཁང་”ལྟ་བུ་ཁྱད་མི་འབྱེད་པར་གཅིག་ཏུ་བྱས་ནས་སྤྱོད་པའི་སྣང་ཚུལ་འབྱུང་བར་བྱེད་བཞིན་ཡོད། སྐད་བརྡ་རིག་པ་ནས་བལྟས་ན། མིང་གཉིས་འདུས་པའི་བར་ལ་འབྲེལ་སྒྲ་སྦྱར་དང་མ་སྦྱར་བས་མིང་གང་དེའི་བརྡ་སྤྲོད་ཀྱི་ངོ་བ་ལ་འགྱུར་བ་གཏོང་ཐུབ་སྟེ། སྦྱར་ཚེ་མིང་ཚོམས(短语)ཤིག་ཡིན་པ་དང་། གྲུབ་ཆ་སོ་སོ་ཕྲལ་རྒྱུ་ཡོད་ལ། མ་སྦྱར་ན་མིང་འདུས་མར(复合词)གྲུབ་ཡོད་པ་དང་གྲུབ་ཆ་སོ་སོ་ཕྲལ་དུ་མེད་དོ། ། བོད་སྐད་ཀྱི་ཁྲོད་དུ་འབྲེལ་སྒྲའི་ཕྲད་བཀོལ་འཛོལ་བྱུང་ཡོད་པ་གོང་གི་དཔེ་བརྗོད་དེ་གཅིག་པུར་མ་ཟད་པར། ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པས། སྐད་བརྡའི་གནད་དོན་ཚབ་ཆེན་ཞིག་ཏུ་གྱུར་ཡོད་དེ། དཔེར་ན། “སི་ཁྲོན་ཟ་ཁང་”དང“སི་ཁྲོན་གྱི་ཟ་ཁང་”གཉིས་ཀ་ཆེད་སྤྱོད་ཀྱི་མིང་དུ་བཀོལ་ཆོག་པ་དང་། “ཀྲུང་གོ་ཁྱེར་འཕྲིན་”དང“ཀྲུང་གོའི་ཉེན་འགོག་”གཉིས་ཀ་སྤྱོད་རུང་བ་ལྟ་བུ། རྩོམ་འདིས་དཔེར་བརྗོད་འདི་དག་གི་ཡིན་མིན་དང་དག་མི་དག་མི་གླེང་བར། གཙོ་བོ་བོད་སྐད་ཁྲོད་དུ་འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར་ལ་ཚད་བཀག་གང་དག་ཡོད་པར་དཔྱད་པར་བྱ། དཔྱད་གཞི་འདིར་མ་དཔྱད་ཡར་སྔོན་དུ་འབྲེལ་སྒྲ་ལ་རྒྱུས་གསལ་བོ་ཞིག་ལོན་ཆེད། སྔོན་ལ་སྔོན་བྱོན་མཁས་པའི་འདིའི་སྐོར་གྱི་དཔྱད་འབྲས་དག་ལ་གཟིགས་པར་འཚལ།
དེ་ཡང་དང་པོར་སློབ་དཔོན་ཐོན་མི་སམ་བྷོ་ཊ་མཆོག་གིས“དེ་དག་ཨི་སྦྱར་འབྲེལ་བའི་ས། །”[②]ཞེས་གསུངས་ནས“གི”སོགས་དྲུག་ནི་བརྡ་དོན་ནས་མིང་སྔ་ཕྱིའི་འབྲེལ་བ་སྟོན་བྱེད་ཀྱི་ཕྲད་ཙམ་ཡིན་པ་བསྟན། ཡིན་ཡང་དེ་རུ་མིང་སྔ་ཕྱིའི་བར་ལ་བརྡ་དོན་གྱི་འབྲེལ་བ་གང་དག་ཡོད་པའི་ཚུལ་སོགས་ཞིབ་ཏུ་གསུངས་མེད། དེ་ནས《སི་ཏུ་ཞལ་ལུང》དུ་བརྡ་སྤྲོད་ཀྱི་གོ་དོན་ཐད་ནས་འབྲེལ་སྒྲ་ལ་རྟེན་དང་བརྟེན་པ་དང་། ཡན་ལག་དང་ཡན་ལག་ཅན་ཞེས་རིགས་ཆེན་པོ་གཉིས་སུ་དབྱེ།[③] དེའི་རྗེས་དབྱངས་ཅན་གྲུབ་པའི་རྡོ་རྗེ་མཆོག་ནས། ཡན་ལག་དང་ཡན་ལག་ཅན(ཤིང་གི་ཡལ་ག) རྟེན་དང་བརྟེན་པ(ཡུལ་གྱི་ལྷ།) བདག་ཉིད་གཅིག་འབྲེལ(གསེར་གྱི་བུམ་པ)། ཆོས་དང་བདག་པོ(རྒྱལ་པོའི་བང་མཛོད)ཞེས་ནང་གསེས་བཞི་རུ་དབྱེ།[④] དེའི་གཞུག་ནས《ཐོན་མི་ཞལ་ལུང》དུ། ཁྱད་གཞི་དང་ཁྱད་ཆོས(གོས་ཀྱི་ཚོན་མདངས)། ཡན་ལག་དང་ཡན་ལག་ཅན(ཁྱོད་ཀྱི་ལག་པ)། རྟེན་དང་བརྟེན་པ(དཀར་ཡོལ་ནང་གི་འོ་མ)། རྒྱུ་དང་འབྲས་བུ(གྲོ་ནས་ཀྱི་སྨྱུ་གུ)ཞེས་རིགས་བཞི་རུ་བསྡུས།[⑤] དེིའི་འཕྲོར《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས》སུ་ཡང་བདག་ཉིད་གཅིག་འབྲེལ་དང་། ཡན་ལག་དང་ཡན་ལག་ཅན། བདག་པོ་དང་ཡུལ། རྟེན་དང་བརྟེན་པ་ཞེས་རིགས་ཆེན་པོ་བཞི་རུ་མཛད།[⑥] དེ་ནས《བོད་ཀྱི་བརྡ་སྤྲོད་རིག་པའི་ཁྲིད་རྒྱུན་ལག་བསྟར་མ》ཞེས་པ་རུ། བདག་པོ་དང་བདག་ཏུ་གཟུང་བྱ། ཁྱད་གཞི་དང་ཁྱད་ཆོས། གཞི་ཆོས་ངོ་བོ་གཅིག་པ། ཡན་ལག་དང་ཡན་ལག་ཅན། གནས་གཞི་དང་གནས་ཆོས་ཞེས་རིགས་ཆེན་པོ་ལྔ་རུ་འདུ་བར་བྱས།[⑦] དེའི་རྗེས《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》ཞེས་པ་རུ། བདག་དང་བདག་གི་བ། ཡན་ལག་དང་ཡན་ལག་ཅན། རྟེན་དང་བརྟེན་པ། ཁུངས་དང་ཐོན་རྫས། ཆ་དང་ཆ་ཅན། རྒྱུ་དང་འབྲས་བུ། སྐབས་དང་དོན། བྱ་བ་དང་གྲུབ་པ། ཁྱད་གཞི་དང་ཁྱད་ཆོས། དཔེ་དང་དཔེ་ཅན། བདག་ཉིད་གཅིག་པ། བྱེད་པ་གཅིག་པ། ལས་གཅིག་པ་ཞེས་དབྱེ་བ་བཅུ་གསུམ་དུ་བསྟན། [⑧] འདི་དག་གི་རྨང་གཞི་ནས《བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན》ཞེས་པ་རུ། བདག་པོ་དང་རྫས། ངོ་བོ་གཅིག་པ། ཆ་དང་ཆ་ཅན། ཡན་ལག་དང་ཡན་ལག་ཅན། ཁྱད་གཞི་དང་ཁྱད་ཆོས། རྫས་གཅིག་པ། རྫས་ཐ་དད། རྟེན་དང་བརྟེན་པ། ཁྱབ་བྱ་ཁྱབ་བྱེད། བརྗོད་བྱ་རྗོད་བྱེད། ཡུལ་དང་ཡུལ་ཅན། རྒྱུ་དང་འབྲས་བུ། དེ་ལས་དེ་བྱུང་། བྱ་བ་དང་བྱ་ཡུལ། སྣོད་དང་བཅུད། གོང་འོག དགྲ་གྲོགས། ཕྱོགས་སྟོན། དཔེ་དོན། གཞི་མཐུན། བསྒྲུབ་བྱ་སྒྲུབ་བྱེད་ཅེས་ནང་གསེས་བཅུ་དགུའི་གྲངས་སུ་མཛད་ཡོད་དོ། །[⑨]
གོང་གི་དབྱེ་བ་འདི་དག་ནི་དོན་དུ་བརྡ་སྤྲོད་ཀྱི་གོ་དོན་ནམ་ཡང་ན་མིང་སྔ་ཕྱིའི་བརྡ་དོན་གྱི་འབྲེལ་བ་འབའ་ཞིག་ལ་གཞི་བཅོལ་ནས་འབྲེལ་སྒྲར་དཔྱད་པ་བཏང་བ་རེད། ཡིན་ནའང་། བརྡ་དོན་གྱི་འབྲེལ་བ་ཞེས་པ་དེ་མདོར་དེད་ན། སྐད་ཆའི་སྐབས་ཐོག་གང་གི་བརྗོད་འདོད་ལས་གྲུབ་པ་ཞིག་ཡིན་པས། “སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར།”ཟེར་བ་ལྟར། བརྗོད་པ་པོའི་ཀུན་སློང་དང་སྐད་ཆའི་ཁོར་ཡུག་སོགས་ལ་བསྟུན་ནས་མིང་སྔ་ཕྱིའི་བརྡ་དོན་གྱི་འབྲེལ་བ་དེ་ལ་ཡང་འགྱུར་བ་སྣ་ཚོགས་འབྱུང་སྲིད། དཔེར་ན། “བཀྲ་ཤིས་ཀྱི་སྨྱུ་གུ”ཞེས་པར་མཚོན་ན། སྨྱུ་གུ་དེའི་བདག་པོ་བཀྲ་ཤིས་ཡིན་པ་སྟོན་དུས། ཆོས་དང་བདག་པོའི་འབྲེལ་བ་དང་། སྨྱུ་གུ་དེའི་འབྱུང་ཁུངས་བཀྲ་ཤིས་ཡིན་པར་འཆད་སྐབས། ཆོས་དང་འབྱུང་ཁུངས་ཀྱི་འབྲེལ་བ་ཡིན་ཞིང་། སྨྱུ་གུ་དེའི་བཟོ་བ་བོ་བཀྲ་ཤིས་ཡིན་པ་བརྗོད་ཚེ། ཡང་བྱེད་པོ་དང་རྫས་ཀྱི་འབྲེལ་བར་ཆགས་པ་བཞིན་ནོ། ། དེ་བས། བརྡ་དོན་གྱི་འབྲེལ་བ་འབའ་ཞིག་གཞིར་བཟུང་ནས། རྣམ་དབྱེ་དྲུག་པ་འབྲེལ་སྒྲར་དཔྱད་པ་ནི་ཕུགས་མི་བརྟན་ལ། ཕྱོགས་ཡོངས་ཀྱི་རང་བཞིན་ཡང་མི་ལྡན་སྙམ་མོ། ། དེ་མིན་གོང་གི་དཔྱད་པ་དག་ནི་གཙོ་བོ་འབྲེལ་སྒྲའི་ཕྲད་སྦྱོར་བ་གཞི་བཞག་བྱས་ནས་གླེང་བ་ཤ་སྟག་ཡིན་པས། འབྲེལ་སྒྲའི་ཕྲད་སྦྱར་དང་མ་སྦྱར་ལ་བརྡ་དོན་དང་། སྒྲིག་གཞི། སྡེབ་སྦྱོར་སོགས་ལ་ཁྱད་པར་ཅི་ཡོད་པ་སོགས་གང་ཡང་གླེང་མེད། འདིའི་སྟོང་ཆ་སྐོང་བའི་ཕྱིར་དུ་གཤམ་ནས་ང་ཚོས་གཙོ་བོ་འབྲེལ་སྒྲ་སྦྱོར་མི་སྦྱོར་ལ་ཚད་བཀག་གང་དག་ཡོད་པར་དཔྱད་པར་བྱ།
དང་པོ། རྡོག་པོའི་རྩ་དོན(整一性原则)དང་འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར།
“རྡོག་པོ་”ཞེས་པའི་མིང་འདི་ནི་རྒྱའི་སྐད་བརྡ་སྨྲ་བ་ཞུ་དབྱང་ཁྲུན་ལགས་ཀྱིས་བཏོན་པའི“板块”[⑩]ཞེས་པའི་བརྡ་ཆད་ལ་ཟུར་ལྟ་བྱས་ནས་བཏགས་པ་ཞིག་ཡིན་ལ། ཞུ་དབྱང་ཁྲུན་ལགས་ཀྱིས་འབྲེལ་སྒྲའི་ཕྲད་སྦྱར་མེད་པའི་ཁྱད་ཆོས་སྟོན་པའི་མིང་དང་མིང་གཙོ་བོའི་སྒྲིག་གཞི་ཅན་གྱི་རིགས་ལ“板块”ཞེས་མིང་བཏགས་ཡོད་པ་དང་། འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱར་བའི་རིགས་ལ“非板块”ཞེས་ཟེར་བཞིན་གདའ། དོན་དུ་འདིའི“板块”ཟེར་བ་ནི་ནང་ཁུལ་གྱི་སྒྲིག་གཞི་ཚགས་དམ་པ་དང་། བརྡ་དོན་ཀྱི་ཆ་ནས་ཧྲག་བསྡུས་ཀྱི་རང་བཞིན་ལྡན་པ། སྐད་ཆའི་སྤྱོད་སྒོ་ནས་ཁྱད་ཆོས་གང་འབུར་དུ་སྟོན་པ་ཅན་གྱི་སྒྲིག་གཞི་ཅན་ལ་གོ་བཞིན་ཡོད་པ་དང་། དེ་ལྟར་ན་མིང་འདུས་མའང“板块”ཞེས་པ་འདིའི་ཁོངས་སུ་འདུས་སོ། ། འདི་ལ་བོད་སྐད་དུ“རྡོག་པོ་”ཞེས་ན་ཅུང་འཚམ་པར་འདོད་དེ། དེའི་དོན་ནི་རྣམ་པའི་སྟེང་ནས་མིང་དུ་མ་འདུས་ཀྱང་རུང་། དོན་གྱི་ཆ་ནས་དོན་རྫས(语素)སམ་གྲུབ་ཆ་མང་པོ་ཚོགས་ཀྱང་ཆོག བྱིངས་ཀྱིས་རྡོག་པོ་གཅིག་ལ་མ་གཏོགས་སུ་ལྟ་མུ་རུང་བ་ཞེས་པ་ལྟར་རོ། ། བརྡ་སྤྲོད་སྨྲ་བ་དགེ་རྒན་བདེ་མཆོག་ལགས་ཀྱིས“ལྡོག་པ་གཅིག་ལ་འབྲེལ་སྒྲ་མི་སྦྱོར། ལྡོག་པ་ཐ་དད་ལ་འབྲེལ་སྒྲ་སྦྱོར།”[11]ཞེས་གསུངས་པའང་གནད་ཀ་འདི་ལ་ཐུག་ཡོད་སྙམ། ཡང་ཁོང་གིས“ངོ་བོ་གཅིག་གམ་དུ་མ་ཡིན་ཡང་ཆོག ཁྱོད་ལྡོག་པ་གཅིག་ཡིན་ན་འབྲེལ་སྒྲ་མི་སྦྱོར།”[12]ཟེར་བ་ནི་གཙོ་བོ་མིང་བརྡའི་གོ་དོན(词汇意义)མ་གཏོགས་མི་སྟོན་པའི་མིང་རྐྱང་བ་དང་མིང་འདུས་མའི་རིགས་ལ་དམིགས་ནས་བཤད་པ་དང་། “མཐོ་བའི་རི་ཞེ་ན། མཐོ་བ་ལྡོག་པ་གཅིག་དང་། རི་ལྡོག་པ་གཅིག་ཡིན་པས་འབྲེལ་སྒྲ་སྦྱོར་དགོས།”[13]ཞེས་པས་ནི་འབྲེལ་སྒྲ་སྦྱར་བ་ཅན་ཞིག་ཡིན་ན་མ་མཐའ་ཡང་དོན་ལྡོག་པ་གཉིས་སྟོན་ཞེས་པའི་དགོངས་པ་བསྟན་པ་ཡིན་ནམ་སྙམ་ལ། དེ་ལྟར་ན་འདིའི“ལྡོག་པ་”ཞེས་པ་དང་འདིར་བསྟན་གྱི“རྡོག་པོ་”ཟེར་བ་གཉིས་ནི་དོན་གཅིག་ལ་གཞོལ་ཡོད་འདོད་དོ། ། “རྡོག་པོའི་རྩ་དོན་”ཟེར་བ་འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར་ནི་ཁྱད་ཆོས་སྟོན་པའི་མིང་དང་མིང་གཙོ་བོའི་སྒྲིག་གཞི་ཅན་དེ“རྡོག་པོ་”གཅིག་ཏུ་ལྟའམ“རྡོག་པོ་”གཉིས་སམ་དུ་མ་རུ་ལྟ་བར་འབྲེལ་བ་ཡོད་ཞེས་པ་དེའོ། ། རྩ་དོན་འདི་ནི་བོད་སྐད་དུ་ཤིན་ཏུ་ནས་ཀྱང་འཚམ་སྟེ། བོད་སྐད་དུ་ཁྱད་ཆོས་སྟོན་པའི་མིང་དང་མིང་གཙོ་བོའི་སྒྲིག་གཞི་ཅན་དེ“རྡོག་པོ་”གཅིག་ཏུ་སྤྱོད་ཚེ། འབྲེལ་སྒྲའི་ཕྲད་ཀྱིས་མཚམས་གཅོད་མི་རུང་བ་དང་། “རྡོག་པོ་”གཉིས་སམ་དུ་མ་རུ་བཀོལ་དུས་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱོར་དགོས་སོ། ། དཔེར་ན་གཤམ་གསལ།
(1)སྒྲོལ་མ་ཚོང་ཁང་།-སྒྲོལ་མའི་ཚོང་ཁང་། ཨ་མདོ་མཆོད་རྟེན།- ཨ་མདོའི་མཆོད་རྟེན།
ལྷ་ས་ལམ།-ལྷ་སའི་ལམ། ས་སྐྱ་དགོན་པ།-ས་སྐྱའི་དགོན་པ།
(2)ཚོང་ར་དཔལ་འབྱོར།-ཚོང་རའི་དཔལ་འབྱོར། བོད་ཡིག་དགེ་རྒན།-བོད་ཡིག་གི་དགེ་རྒན།
མཛེས་མ་ལུང་བ།-མཛེས་མའི་ལུང་བ། འཛམ་བུ་གླིང་།-འཛམ་བུའི་གླིང་།
(3)ལྕགས་རྟ།-ལྕགས་ཀྱི་རྟ། རི་མཐོན་པོ།-མཐོ་བའི་རི།
གནམ་སྔོན་པོ།-སྔོ་བའི་གནམ། ལྭ་གསར་བ།-གསར་བའི་ལྭ།
གོང་གི་དཔེ་བརྗོད་དག་ནས་འབྲེལ་སྒྲའི་ཕྲད་སྦྱར་མེད་པའི་མིང་འདུས་མ་རྣམས་ལ་གྲིམ་ཆེ་བ་དང་། འདུས་ཚད་མཐོ་བ། ཕྲལ་དུ་མེད་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། “རྡོག་པོ་”གཅིག་ཏུ་མ་གཏོགས་སུ་སྤྱོད་མི་རུང་ལ། བསྟན་བྱའི་དོན་ཡང་གྲུབ་ཆ་སྔ་ཕྱིའི་བསྟན་དོན་ཐད་ཀར་བསྣན་ནས་བྱུང་བ་ཞིག་མ་ཡིན་པ་དང་། རྒྱུན་ལྡན་དུ་བྱ་དངོས་གང་གི་འབོད་བྱེད་ཀྱི་མིང(称谓)དུ་བཀོལ་བཞིན་ཡོད། འབྲེལ་སྒྲས་མཚམས་སྦྱར་བའི་མིང་ཚོམས་དག་ལ་སྒྲིག་གཞི་ཚགས་ལྷོད་པ་དང་། གནས་སྐབས་ཀྱི་རང་བཞིན་ལྡན་པ། ནང་གསེས་སོ་སོ་ཕྲལ་དུ་རུང་བ་སོགས་ཀྱི་ཁྱད་ཆོས་མངའ་བས། “རྡོག་པོ་”གཅིག་ཏུ་སྤྱོད་མི་ཆོག་ཅིང་། བསྟན་བྱའི་དོན་ཡང་གྲུབ་ཆ་སྔ་ཕྱིའི་བསྟན་དོན་སོར་བཞག་བྱས་ནས་བྱུང་བ་ཡིན་པ་དང་། གཙོ་བོ་ཁྱད་ཆོས་གང་ཞིག་འབུར་དུ་སྟོན་བཞིན་ཡོད་དོ། ། དཔེར་ན“སྒྲོལ་མའི་ཚོང་ཁང་”ཞེས་པ་རུ་འབྲེལ་སྒྲའི་ཕྲད་ཀྱི་ནུས་པས“སྒྲོལ་མ”ནི“ཚོང་ཁང”གང་དེའི་བདག་མོའམ་ཡང་ན་དེ་དང་འབྲེལ་བ་ཡོད་པའི་མི་ཆེ་གེ་མོ་ཞིག་ཡིན་པ་སྟོན་པ་དང་། “ཚོང་ཁང”ནི་མི་དེ་དང་ལོགས་སུ་སྣང་བའི་བྱ་དངོས་ཤིག་ཡིན་པ་གོ དེ་བས་དེ་རུ་མིང་སྔ་ཕྱི་གཉིས་ནི་དོན་རྡོག་པོ་ཐ་དད་དུ་གྲུབ་ཡོད་ལ་གཙོ་བོ་དེ་གཉིས་ཀྱི་འབྲེལ་བ་བསྟན་ཡོད་པ་ལས། “ཚོང་ཁང”དེའི་མིང་ལ་ཅི་ཞིག་ཟེར་བཞིན་པ་ད་རུང་ཤེས་མི་ཐུབ་བོ། ། “སྒྲོལ་མ་ཚོང་ཁང་”ཞེས་པ་རུ“ཚོང་ཁང”གང་དེའི་མིང་ལ“སྒྲོལ་མ”ཞེས་བཏགས་ཡོད་པས། སྐབས་འདིར“སྒྲོལ་མ”ནི་གང་ཟག་ཅིག་སྟོན་བྱེད་ཀྱི་མིང་མ་ཡིན་པར“ཚོང་ཁང”དེ་ངེས་འཛིན་བྱེད་དམ་འབོད་བྱེད་ཀྱི་མིང་དུ་གྱུར་ཡོད། དེ་བས་མིང་སྔ་མའི་བསྟན་བྱ་ནི་ཕྱིར་མིང་ཕྱི་མའི་དོན་དུ་གྱུར་ཡོད་པས། མིང་སྔ་ཕྱི་གཉིས་ནི་དོན་རྡོག་པོ་གཅིག་ཏུ་གྲུབ་ཡོད་དོ། ། དེ་བཞིན“ལྷ་ས་ལམ་”ཞེས་པས་ཆེད་དམིགས་ཀྱི་ལམ་ག་གེ་མོ་འབའ་ཞིག་སྟོན་བཞིན་ཡོད་པ་དང་། “ལྷ་སའི་ལམ་”ཞེས་ཚེ་གཙོ་བོ“ལམ”གང་དེ་ས་ཆ་གང་ན་ཡོད་པ་མངོན་པར་སྟོན་བཞིན་ཡོད་དོ། །
“‘板块’ལའང་ནང་གསེས་སུ་གཏན་ཆགས་ཀྱི‘板块’དང་། ཕྲལ་དུ་ཡོད་པའི‘板块’ གནས་སྐབས་ཀྱི‘板块’བཅས་རིགས་གསུམ་མངའ།” [14] ཡིན་ཡང་བོད་སྐད་དུ་རིགས་སྔ་མ་གཉིས་ལས་རྒྱ་སྐད་ལྟར་གྱི“李四儿子、张三媳妇儿”ལྟ་བུའི་གནས་སྐབས་ཀྱི‘板块’མཐོང་དུ་དཀོན། དེ་ལས་གཏན་ཆགས་ཀྱི‘板块’ཞེས་པ་ནི་མིང་ཚོམས་གང་སྤྱོད་རྒྱ་ཆེ་རུ་ཕྱིན་པ་དང་ཆབས་ཅིག ནང་ཁུལ་གྱི་སྒྲིག་གཞི་ཚགས་ཇེ་དམ་དུ་སོང་བ་དང་། བརྡ་དོན་གྱི་གྲུབ་ཆ་ལ་ལ་ཟུར་ཉམས་ཞིང་། འབྲེལ་སྒྲའི་ཕྲད་ཀྱང་དོར་ཏེ། མཇུག་མཐར་མིང་འདུས་མ་ལྟ་བུར་གྱུར་པ་ན། དེ་ལ་ཆེད་དམིགས་ཀྱི་བསྟན་དོན་ཞིག་བྱུང་ངོ་། ། དཔེར་ན“སྒྲོལ་མ་ཚོང་ཁང་།” “ཨ་མདོ་མཆོད་རྟེན།” “ལྷ་ས་ལམ།” “ས་སྐྱ་དགོན་པ་”ལྟ་བུ་སོགས་ནི་གཏན་ཆགས་ཀྱི‘板块’ཡིན་པ་དང་། རེ་རེ་ལ་ཆེད་དམིགས་ཀྱི་བསྟན་བྱ་རེ་རེ་ཡོད་པ་བཞིན་ནོ། ། འདི་དང“སྒྲོལ་མའི་ཚོང་ཁང་།” “ཨ་མདོའི་མཆོད་རྟེན།” “ལྷ་སའི་ལམ།” “ས་སྐྱའི་དགོན་པ་”སོགས་ལ་བརྡ་དོན་གྱི་ཐད་ནས་ངོ་བོའི་ཁྱད་པར་ཡོད། གཞན་ཡང་རྒྱ་སྐད་དང་མི་མཚུངས་པ་ཞིག་ནི་དཔེ་བརྗོད(2)པའི“ཚོང་ར་དཔལ་འབྱོར།” “བོད་ཡིག་དགེ་རྒན།” “མཛེས་མ་ལུང་བ།” “འཛམ་བུ་གླིང་”སོགས་ཀྱི་སྔ་ཕྱིའི་མིང་གི་མཚམས་སུ་བོད་སྐད་དུ་འབྲེལ་སྒྲས་མཚམས་སྦྱར་ཏེ“རྡོག་པོ་”དུ་མར་བགོས་ཆོག་པ་དང་། བརྡ་དོན་ནས“རྡོག་པོ་”གཅིག་ཅན་གྱི་བསྟན་བྱ་དང་ཕལ་ཆེར་ཁྱད་པར་མེད། འདི་ནི་རྒྱ་སྐད་དུ་གཏན་ནས་བྱ་བར་མི་རིགས་སོ། ། དཔེར་བརྗོད(3)པའི“ལྕགས་རྟ་”དང“རི་མཐོན་པོ།” “གནམ་སྔོན་པོ།” “ལྭ་གསར་བ་”སོགས་ལ་འབྲེལ་སྒྲའི་སྦྱར་མེད་ན་མིང་འདུས་མ་རུ་ལྟ་རུང་བ་དང་། གལ་ཏེ་སྐད་ཆའི་སྤྱོད་སྒོ་ཡི་དགོས་དབང་གིས་བར་མཚམས་སུ་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱོར་དགོས་ཚེ། བརྡ་དོན་ནས“རྡོག་པོ་”གཅིག་ཅན་གྱི་མིང་འདུས་མ་དང་ཕལ་ཆེར་འདྲ་ཡང་། འབྲེལ་སྒྲ་སྦྱར་མ་སྦྱར་བས་སྐད་ཆའི་བརྗོད་རིམ་་ལ་དམིགས་བསལ་གྱི་རེ་བ་ཡོད་དེ། འབྲེལ་སྒྲ་མ་སྦྱར་ན་ཁྱད་ཆོས་སྟོན་པའི་མིང་གཞུག་ལ་འཇོག་དགོས་པ་དང་། སྦྱར་ཚེ་ཁྱད་ཆོས་སྟོན་པའི་མིང་སྔོན་ལ་བཞག་ནས་གཙོ་བོ་གང་དེའི་ཁྱད་ཆོས་འབུར་དུ་སྟོན་དགོས་སོ། །
གཉིས་པ། འབུར་ཐོན་གྱི་རྩ་དོན(凸显原则)དང་འབྲེལ་སྒྲ་སྦྱོར་མི་སྦྱོར།
“འབུར་ཐོན་”ཞེས་པ་ནི་འབྲེལ་སྒྲའི་ཕྲད་ལ་བརྟེན་ནས་ཁོངས་གཏོགས་དང་རང་བཞིན་གྱི་དོན་ནན་གྱིས་སྟོན་པ་དང་། གྲུབ་ཆ་སྔ་མའི་ཁྱད་ཆོས་ཀྱི་རང་བཞིན་དང་ཚད་བཀག་གི་རང་བཞིན་འབུར་དུ་སྟོན་པ་ཞིག་ལ་བྱ། “འབུར་ཐོན་གྱི་རྩ་དོན་”ཟེར་བ་སྐད་ཆའི་སྤྱོད་སྒོ་ནས་ཁོངས་གཏོགས་དང་རང་བཞིན་གྱི་དོན་ནན་གྱིས་སྟོན་དགོས་ཤིང་གྲུབ་ཆ་སྔ་མའི་ཁྱད་ཆོས་ཀྱི་རང་བཞིན་འབུར་དུ་སྟོན་དགོས་པ་ཞིག་ཡིན་ན་འབྲེལ་སྒྲའི་ཕྲད་སྦྱོར་དགོས་པ་དང་། དེ་མིན་ཚེ་འབྲེལ་སྒྲའི་ཕྲད་དོར་དགོས་ཞེས་པ་དེའོ། ། རྩ་དོན་འདི་ནི་བོད་སྐད་དུ་གཤམ་གྱི་རིགས་གཉིས་ལ་སྤྱོད་རུང་སྟེ།
གཅིག བརྡ་དོན་ནས་རང་བཞིན་གྱི་འབྲེལ་བ་འབའ་ཞིག་ལས་མི་སྟོན་པའི་ཁྱད་ཆོས་སྟོན་པའི་མིང་དང་མིང་གཙོ་བོ་སྒྲིག་གཞི་ཅན་གང་དེས་རང་གི་ཁྱད་ཆོས་དེ་འབུར་དུ་སྟོན་དགོས་ཚེ་འབྲེལ་སྒྲའི་ཕྲད་སྦྱོར་དགོས་པ་དང་། ཕྲད་སྦྱར་བ་ན་རྣམ་པ་ནས“རྡོག་པོ་”དུ་མ་ཅན་དུ་འགྱུར་ལ། བརྡ་དོན་ནས“རྡོག་པོ”གཅིག་ཅན་དང་ཁྱད་པར་མེད་ཀྱང་། སྐད་ཆའི་སྤྱོད་སྒོ་ནས་ཁྱད་ཆེའོ། ། དཔེར་ན། “རྒྱ་རིགས་ཀྱི་གྲོགས་པོ་”དང“ཙན་དན་གྱི་ཤིང་།” “སྙན་ངག་གི་སྤྱི་དོན།” “བོད་རིག་པའི་སློབ་གླིང་”བཅས་ནི་རེ་རེ་བཞིན“རྒྱ་རིགས་གྲོགས་པོ་”དང“ཙན་དན་ཤིང་།” “སྙན་ངག་སྤྱི་དོན།” “བོད་རིག་པ་སློབ་གླིང་”བཅས་ལ་བསྡུར་ན། རང་རང་གི་ཁྱད་ཆོས་འབུར་དུ་སྟོན་ཡོད་པ་ནི་མངོན་གསལ་ཡིན་ལ། སྐད་ཆའི་སྤྱོད་སྒོ་ནས་བལྟས་ནའང་རང་བཞིན་གྱི་དོན(属性义)དེ་ནན་གྱིས་བསྟན་ཡོད་པ་ལྟ་བུའོ། །
གཉིས། འབོད་བྱེད་ཀྱི་མིང་དུ་སྤྱོད་བཞིན་པའི་ཁྱད་ཆོས་སྟོན་པའི་མིང་དང་མིང་གཙོ་བོའི་སྒྲིག་གཞི་ཅན་གྱིས་རང་གི་ཁྱད་ཆོས་དེ་འབུར་དུ་བསྟན་ཞིང་རང་བཞིན་གྱི་དོན་དེ་ནན་གྱིས་སྟོན་པ་ལ། ཁྱད་ཆོས་སྟོན་པའི་མིང་གང་ཉིད་མིང་གཙོ་བོའི་སྔོན་དུ་བཞག་པའི་མུར་དེའི་རྗེས་སུ་འབྲེལ་སྒྲའི་ཕྲད་སྦྱོར་སྲིད་པ་དང་། དེ་མིན་ཚེ་སྐད་ཆའི་བརྗོད་རིམ་ལ་འགྱུར་བ་མི་འབྱུང་ཞིང་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་ཀྱང་མི་སྦྱོར་རོ། ། དཔེར་ན། “རི་མཐོན་པོ།” “གནམ་སྔོན་པོ།” “ལྭ་གསར་བ་”སོགས་ནི་འབོད་བྱེད་ཀྱི་མིང་དུ་སྤྱོད་བཞིན་ཡོད་པས། ཁྱད་ཆོས་ཀྱི་རང་བཞིན་འབུར་དུ་སྟོན་མི་དགོས་ན། འབྲེལ་སྒྲའི་ཕྲད་ཀྱང་མི་སྦྱོར་རོ། ། ལྡོག་སྟེ། “མཐོ་བའི་རི།” “སྔོ་བའི་གནམ།” “གསར་བའི་ལྭ་”སོགས་ཀྱི་འབོད་བྱེད་ཀྱི་མིང་དུ་མི་འཚམ་པར། གཙོ་བོ་ཁྱད་ཆོས་གང་དེ་འབུར་དུ་སྟོན་བཞིན་ཡོད་ན། རང་གི་ཁྱད་ཆོས་སྟོན་པའི་མིང་གི་རྗེས་སུའང་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱོར་བཞིན་ཡོད་པ་ལྟར་རོ། །
གསུམ་པ། སྡེབ་སྦྱོར་གྱི་རྩ་དོན་དང་འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར།
“སྡེབ་སྦྱོར་གྱི་རྩ་དོན་”ཞེས་པ་འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར་ནི་སྐད་ཆའི་སྡེབ་སྦྱོར་གྱི་འཆམ་མཐུན་ལ་བསྟུན་དགོས་ཞེས་པ་དེའོ། ། རྩ་དོན་འདིས་བོད་སྐད་ཀྱི“མི་མིང/ས་མིང+སྤྱི་མིང་”རྣམ་པ་ཅན་གྱི་ཆེད་སྤྱོད་ཀྱི་མིང་དུ“མི་མིང/ས་མིང་”དང“སྤྱི་མིང་”གི་བར་མཚམས་སུ་ཅིའི་ཕྱིར་འབྲེལ་སྒྲའི་ཕྲད་སྦྱོར་རུང་བའི་གནད་དོན་འདི་ལའང་ལན་གསལ་བོ་ཞིག་འདེབས་ཐུབ། རྒྱུ་མཚན་ནི་བོད་སྐད་དུ་གོང་གི་རྣམ་པ་དེའི་རིགས་ཀྱི་ཆེད་སྤྱོད་ཀྱི་མིང་ཡོད་དོ་ཅོག་ལ་འབྲེལ་སྒྲའི་ཕྲད་སྦྱོར་རུང་བ་མ་ཡིན་པར། N1[15]ནི་མཐའ་མེད་ཅན་ཡིན་ཚེ་གཟོད་འབྲེལ་སྒྲའི་ཕྲད“འི་”སྦྱོར་རུང་བའོ། ། དཔེར་ན། “མཚོ་སྔོན་སློབ་ཆེན་”ཞེས་པ་ལྟ་བུ་ལ་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་གཅོད་མི་རུང་བ་དང་། “ཀྲུང་གོའི་མི་དམངས་སློབ་ཆེན་”ཞེས་པར་འབྲེལ་སྒྲའི་ཕྲད་བྱུང་རུང་བ་ལྟར་རོ། ། འདི་ནི་བོད་སྐད་ཀྱི་འབྲེལ་སྒྲའི་ཐོབ་ཐང་ལྟར་ན“སྔོན་”ཞེས་པའི་རྗེས་འཇུག“ན”ཡི་རྗེས་སུ་ཕྲད“གྱི”ཐོབ་པ་དང་། “གྱི་”ཡིས་རང་གཅིག་པུས་ཚིག་ཁྱིམ་གཅིག་གྲུབ་ཐུབ་ན། གལ་ཏེ“མཚོ་སྔོན་”དང“སློབ་ཆེན་”གྱི་བར་ལ་སྦྱར་ཚེ་སྐད་ཆའི་སྡེབ་སྦྱོར་ལ་གནོད་སྲིད་དེ། རྒྱུ་མཚན་ནི“མཚོ་སྔོན་”དང་“སློབ་ཆེན་”ཞེས་ནས་སྒྲ་ཚིགས་གཉིས་གཉིས་ཀྱིས་སྔ་ཕྱི་ཆ་འགྲིག་པ་དང་། “གྱི་”ནི་སྒྲ་ཚིགས་གཅིག་གམ་སྡེབ་སྦྱོར་ནས་བལྟས་ན་ཡ་ཞིག་ཡིན་པས། དེའི་བར་མཚམས་སུ་སྦྱར་ཚེ་སྤྱིའི་སྡེབ་སྦྱོར་གྱི་འཆམ་མཐུན་ལ་གནོད་པ་ཐེབས་པས་ཕྱིར་རོ། ། འདི་དང་མི་མཚུངས་པར། “ཀྲུང་གོ་”ཞེས་པའི“གོ་”ཡི་རྗེས་སུ་འབྲེལ་སྒྲའི་ཕྲད“འི་”ཐོབ་པ་དང་། “འི་”རང་གཅིག་པུས་ཚིག་ཁྱིམ་ཞིག་གྲུབ་མི་ཐུབ་ལ། ངག་ནས་ཀློག་ཚེའང་སྔ་མའི་ཚེག་ཁྱིམ་གྱི་སྒྲ་དང་འདྲེས་ནས་ཡོད་སྟབས། སྒྲ་ཚིགས་གཉིས་གཉིས་བྱས་པའི་བར་མཚམས་སུ་སྦྱར་ཡང་སྤྱིའི་སྡེབ་སྦྱོར་གྱི་འཆམ་མཐུན་ལ་གནོད་པ་ཅུང་ཙམ་ཡང་མི་ཐེབས་པའོ། །
གཞན་ཡང་བརྗོད་པའི(篇章)རིམ་པ་ནས་བལྟས་ན། ཚིག་གོང་འོག་གི་ཆ་ཡ་སྡེབ་སྟངས་ཀྱིས་ཀྱང་འབྲེལ་སྒྲའི་ཕྲད་སྦྱོར་མི་སྦྱོར་ལ་ཤན་ཞུགས་ཐུབ་ལ། སྣང་ཚུལ་འདིའི་རིགས་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཚིགས་བཅད་སྙན་ངག་ཏུ་མངོན་པར་མཐོང་ཐུབ། དཔེ་བརྗོད།
(4)པད་ནང་བུང་བ་འཁོར་རམ་ཅི། །
ཁྱོད་གདོང་ལ་མིག་གཡོའམ་ཅི། །[16]
---《སྙན་ངག་མེ་ལུང་།》
གོང་གི་དཔེ་བརྗོད་ཁྲོད་ཀྱི“ཁྱོད་གདོང་”ཞེས་པ་ནི་མིང་གཉིས་རེ་ཞིག་མཉམ་དུ་འདུས་ཀྱང་ཕྲལ་དུ་རུང་བའི་མིང་ཚོམས་ཤིག་ཡིན་པས། སྤྱིར་བཏང་དུ“ཁྱོད་ཀྱི་གདོང་”ཞེས་ནས་བར་མཚམས་སུ་འབྲེལ་སྒྲའི་ཕྲད་སྦྱོར་དགོས་ལ། འདི་ནས་མ་སྦྱར་བ་ནི་དེའི་ཚིག་རྐང་གོང་མའི“པད་ནང་”ཞེས་པར་སྡེབ་སྦྱོར་ཆ་འགྲིག་པའི་ཆེད་དུ་ཡིན་པ་ལྟར་རོ། ། ཡང་དཔེར་ན།
(5)ཁྱོད་ཀྱི་ཞལ་ནི་ཁྱོད་ཉིད་ལ། །
མཐོང་གི་ཟླ་བ་མཁའ་ལ་མཐོང་།[17]
དཔེ་བརྗོད་འདི་རུ“ཁྱོད་ཀྱི་ཞལ་”ཞེས་ནས་བར་མཚམས་སུ་འབྲེལ་སྒྲའི་ཕྲད་ཀྱིས་མཚམས་སྦྱོར་བར་བྱས་ཡོད་ལ། དེ་དང་མཐུན་པར་ཚིག་རྐང་ཕྱི་མ་རུའང་འབྲེལ་སྒྲའི་ཕྲད་བྱུང་། འདིའང་ཚིག་རྐང་སྔ་ཕྱི་སྡེབ་སྦྱོར་ཆ་འགྲིག་པའི་ཆེད་དུའོ། །
གོང་གི་དཔེ་བརྗོད་དག་ལས་འབྲེལ་སྒྲའི་ཕྲད་ལ་རྡོག་པོ་དུ་མར་བགོ་བའི་ནུས་པ་ཞིག་མཆིས་པ་ཤེས་ཐུབ་སྟེ། དཔེར་ན“ཁྱོད་གདོང་”ཞེས་དུས་རྡོག་པོ་གཅིག་དང་། “ཁྱོད་ཀྱི་གདོང་”ཞེས་ཚེ་རྡོག་པོ་གཉིས་སུ་གྱུར། རྒྱའི་སྐད་བརྡ་སྨྲ་བ་ཞུ་དབྱང་ཁྲུན་ལགས་ཀྱིས“ཁྱད་ཆོས་སྟོན་པའི་མིང་དང་མིང་གཙོ་བོའི་སྒྲིག་གཞི་ཅན་ཏུ་རྡོག་པོ་མང་ཐལ་ན། གོ་བ་ལེན་པར་གེགས་ཐེབས་སྲིད་ལ། རྡོག་པོ་སྨྱུང་བར་བྱ་ཚེ། སྡེབ་སྦྱོར་དང་སྐད་ཆའི་སྤྱོད་སྒོ་སོགས་ལ་མི་གནོད་པ་གཞིར་བྱས་ནས་འབྲེལ་སྒྲའི་ཕྲད་སྐོང་ཅི་ཐུབ་བྱེད་དགོས་སོ་”ཞེས་གསུངས་ཡོད་ལ། སྣང་ཚུལ་འདི་ནི་བོད་སྐད་དུའང་མང་དུ་བདོག་སྟེ། དཔེར་ན།
(6)ཨ་མདོའི་དགོན་པའི་ཁྱད་ཆོས་ནི་ས་ཆ་གཞན་པ་དག་དང་བསྡུར་ན་ཅུང་ཙམ་མི་མཐུན།
(7)ཨ་མདོ་དགོན་པའི་ཁྱད་ཆོས་ནི་ས་ཆ་གཞན་པ་དག་དང་བསྡུར་ན་ཅུང་ཙམ་མི་མཐུན།
དཔེ(7)རུ་འབྲེལ་སྒྲའི་ཕྲད་སྐོང་ཡོད་ཀྱང་། དེའི“ཨ་མདོ་དགོན་པ་”ཞེས་པ་དགོན་པ་ག་གེ་མོ་ཞིག་གི་མིང་ཡིན་པར་འཁྲུལ་མི་སྲིད། རྒྱུ་མཚན་ནི་དེའི་རྗེས་ཀྱི“ས་ཆ་གཞན་པ་”ཞེས་པས“ཨ་མདོ་”ཡིས་ཀྱང་ས་ཆ་གེ་མོ་ཞིག་སྟོན་བཞིན་ཡོད་པ་གོ་ཐུབ་ལ། སྐད་ཆའི་ཁོར་ཡུག་འདི་ལྟ་བུས“ཨ་མདོ་”ལ“ཁོངས་གཏོགས་”ཀྱི་བརྡ་དོན་ཞིག་བསྩལ་བའི་མུར། སྐད་ཆའི་སྤྱོད་སྒོ་དང་སྡེབ་སྦྱོར་སོགས་ལ་མི་གནོད་པའི་རྨང་གཞིའི་ཐོག་ནས་རྡོག་པོ་མཉམ་བསྡུ(板块整合)བྱས་ཏེ། སྒྲིག་གཞི་དང་བརྡ་དོན། སྡེབ་སྦྱོར་ཕྱོགས་གང་ཐད་ནས་ཆེས་འཚམ་པར་གྱུར་ཡོད། ལྡོག་སྟེ་དཔེ(6)རུ་རྡོག་པོ་མང་དྲག་པས་དོན་གྱི་གོ་བ་ལེན་པར་གནོད་ངེས་ཅན་སྐྱེལ་ནས་ཡོད་དོ། །
རྩོམ་པ་པོ་ངོ་སྤྲོད། འཇིགས་བྱེད་སྐྱབས།(1990-)མཚོ་སྔོན་ཞུན་ཧྭའི་མི། ད་ལྟ་ཧྲང་ཧེ་དགེ་ཐོན་སློབ་གྲྭ་ཆེན་མོའི་སྐད་བརྡ་ཞིབ་འཇུག་ཁང་གི2019ལོའི་སྐད་བརྡ་རིག་པ་ཆེད་ལས་ཀྱི་འབུམ་རམས་པའི་བསླབ་གནས་གཉེར་བཞིན་ཡོད།
[①] དཔྱད་རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་ལས་གཞི་སྟེ།“ས་ཁམས་ཆ་འཕྲིན་གཞིར་བྱས་ཏེ་མཚོ་སྔོན་ནང་ཁུལ་གྱི་བོད་ཀྱི་ཡུལ་སྐད་གྲངས་མཛོད་འཛུགས་སྐྲུན”(ཐེབས་རྩའི་ཆོག་མཆན་ཨང་གྲངས།:14ZD102)ཞེས་པའི་དཔྱད་འབྲས་ཀྱི་ནང་གསེས་ཤིག་ཡིན།
[②]ཐོན་མི་སམ་བྷོ་ཊ་མཆོག་གིས་བརྩམས་པའི་ལུང་སྟོན་པ་རྩ་བ་སུམ་ཅུ་བ་ཞེས་བྱ་བ་ནས་དྲངས།
[③]ཀརྨ་སི་ཏུ། མུ་ཏིག་ཕྲེང་མཛེས།[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2003ལོ། P37
[④]稻叶正就,《西藏古典文法学》[M],P183
[⑤]ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་།[M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005ལོ། P151
[⑥]དམུ་དགེ་བསམ་གཏན་རྒྱ་མཚོ། བོད་ཀྱི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་ཞེས་བཞུགས་སོ། །[C] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། སྤྱིའིP25
[⑦]སྐལ་བཟང་འགྱུར་མེད། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་ཞེས་བཞུགས་སོ། །[C] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། སྤྱིའིP14-15
[⑧]དཔའ་རིས་སངས་རྒྱས། བརྡ་སྤྲོད་གསལ་བྱེད་ངག་སྒྲོན།[M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོ། P32
[⑨]འཇམ་དཔལ་ཡེ་ཤེས་རྒྱལ་མཚན། བརྡ་སྤྲོད་གཞུང་ལ་ལེགས་པར་འཇུག་པའི་ལམ་སྟོན། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་ཞེས་བཞུགས་སོ། །[C] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2014ལོ། སྤྱིའིP116-117
[⑩]徐阳春,虚词“的”及其相关问题研究[M],北京:中国社会科学出版社,2006年,P201
[11]བདེ་མཆོག འཆད་ཁྲིད། སྤྱི་ལོ2018ལོའི་ཟླ6པའི་ཚེས20ཉིན། མཚོ་སྔོན་དགེ་ཐོན་སློབ་གླིང་།
[12]བདེ་མཆོག འཆད་ཁྲིད། སྤྱི་ལོ2018ལོའི་ཟླ6པའི་ཚེས20ཉིན། མཚོ་སྔོན་དགེ་ཐོན་སློབ་གླིང་།
[13]བདེ་མཆོག འཆད་ཁྲིད། སྤྱི་ལོ2018ལོའི་ཟླ6པའི་ཚེས20ཉིན། མཚོ་སྔོན་དགེ་ཐོན་སློབ་གླིང་།
[14]徐阳春,虚词“的”及其相关问题研究[M],北京:中国社会科学出版社,2006年,P202
[15] Nཞེས་པས་དངོས་པོའི་མིང་མཚོན་ཞིང་། N1ཡིས“དངོས་པོའི་མིང+འབྲེལ་སྒྲ+དངོས་པོའི་མིང་”ནང་གི་དངོས་པོའི་མིང་སྔ་མ་མཚོན། འདི་ལྟར་མཚོན་པར་བྱེད་པ་ནི་གཅིག་ནས་སྟབས་བདེ་ཆེད་དང་། གཉིས་ནས་རྒྱལ་སྤྱིའི་སྐད་བརྡ་རིག་པའི་འགྲོས་དང་བསྟུན་ཆེད་དོ། །
[16] ཤོང་ལོ་རྡོ་རྗེ་རྒྱལ་མཚན། སྙན་ངག་མེ་ལུང་གི་འགྲེལ་བ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2016ལོ། སྤྱིའིP32
[17] ཤོང་ལོ་རྡོ་རྗེ་རྒྱལ་མཚན། སྙན་ངག་མེ་ལུང་གི་འགྲེལ་བ། [M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2016ལོ། སྤྱིའིP31
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
འབྲེལ་སྒྲའི་ཕྲད་ཀྱི་བཀག་རྐྱེན་འགའ་གླེང་བ།[①]