སྒྲུང་གཏམ《མག་མོག་གི་ནུབ་ཁའི་ཉི་མ》དང《ང་དང་ནུབ་ཁ》གཉིས་ཀྱི་ཐོག་མའི་དཔྱད་བསྡུར།

【ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིར《མག་མོག་གི་ནུབ་ཁའི་ཉི་མ》དང《ང་དང་ནུབ་ཁ》ཞེས་པའི་སྒྲུང་གཏམ་འདི་གཉིས་ཀྱི་རྩོམ་པ་པོའི་བསམ་བློའི་རང་བཞིན་ལ་དབྱེ་ཞིབ་བྱས་ནས་བརྗོད་སྙིང་དང་མི་སྣའི་སྣང་བརྙན། སྒྱུ་རྩལ་གྱི་ཁྱད་ཆོས་བཅས་ལ་བསྡུར་བ་བྱས་ནས། ཕ་མ་ཉིས་འཛོམས་མིན་པའི་སྐྱབས་མེད་རེ་མེད་དང་གཉོམ་ཆུང་འཁོས་ཞན་གྱི་བུ་མོ་ཁེར་ཧྲེང་གཉིས་ཀྱི་འདྲ་བའི་ཆ་དག་གཞིར་བཟུང་ནས་དཔྱད་བསྡུར་བྱས་ཡོད།

【བརྡ་ཆད་གཙོ་བོ།】 《མག་མོག་གི་ནུབ་ཁའི་ཉི་མ》 《ང་དང་ནུབ་ཁ》 དཔྱད་བསྡུར།

གླེང་གཞི།

སྒྲུང་གཏམ་ནི་མི་སྣའི་སྣང་བརྙན་སྒྲུབ་བཞེང་དང་། བྱུང་རིམ་དང་ཁོར་ཡུག་ཞིབ་འབྲི་བྱས་པ་བརྒྱུད་ནས། སྤྱི་ཚོགས་འཚོ་བ་མཚོན་པའི་དོན་བརྗོད་རང་བཞིན་གྱི་རྩོམ་རིག་གི་རྣམ་པ་ཞིག་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་སྐབས་སུ་བོད་ལ་དེང་རབས་རྩོམ་རིག་དར་བ་ནས་བཟུང་། སྒྲུང་གཏམ་གྱི་གྲངས་འབོར་ཇེ་མང་དང་སྤུས་ཀ་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ལ། 《མག་མོག་གི་ནུབ་ཁའི་ཉི་མ》དང《ང་དང་ནུབ་ཁ》གཉིས་ཀྱིས་ནང་སེམས་ཀྱི་ཚོར་བ་མཚོན་པ་གཙོར་བྱས་ཏེ། ཕ་མའི་བྱམས་བརྩེ་མ་ཐོབ་པའི་ཁེར་ཧྲེང་གི་བུ་མོ་ཆུང་ཆུང་ཞིག་དང་ཁོར་ཡུག་དང་མཐུན་ཐབས་མེད་པའི་མི་བུ་ཁེར་ཧྲེང་པ་ཞིག་གི་ནང་སེམས་ཀྱི་སྐྱོ་ངལ་བརྗོད་ཡོད། དེས་ན་འདིར་སྒྲུང་གཏམ་དེ་གཉིས་ཀྱི་རྩོམ་གྱི་མི་སྣ་ཁེར་ཧྲེང་ཡིན་པ་འདྲ་བའི་ཆ་གཞིར་བཟུང་སྟེ། ཁེར་ཧྲེང་གང་ནས་བྱུང་བ་དང་། རྩོམ་གཉིས་ཀྱི་བརྗོད་སྙིང་དང་མི་སྣའི་སྣང་བརྙན། སྒྱུ་རྩལ་ཁྱད་ཆོས་བཅས་བསྡུར་ཏེ་གླེང་བར་བྱའོ། །

དང་པོ། བརྗོད་སྙིང་དང་བསམ་བློའི་རང་བཞིན་དབྱེ་ཞིབ།

གཅིག 《མག་མོག་གི་ནུབ་ཁའི་ཉི་མ》

པདྨ་ཚེ་བརྟན་ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པའི་དུས་མགོར་ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སྡེ་ཁག་ནས་མཐར་ཕྱིན་པ་དང་། སློབ་གླིང་དུ་གསར་རྩོམ་གྱི་ཕྱོགས་ལ་རྨང་གཞི་བཏིང་ཡོད། སློབ་གྲྭ་དང་ཁ་བྲལ་ཏེ་ཟང་ཟིང་གི་སྤྱི་ཚོགས་འཚོ་བར་ཞུགས་ཀྱང་། ཁོང་གིས་རྩོམ་རིག་ལས་དོན་སྐད་ཅིག་ལའང་བཏང་མ་མྱོང་ཞིང་། དེའི་ཕྱོགས་སུ་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད་པ་རེད། ལྷག་པར་དུ་སྒྲུང་གཏམ་དང་འཁྲབ་གཞུང་གསར་རྩོམ་ཐད་གཞན་དྲིང་འཇོག་མི་དགོས་པའི་འབྲས་བུ་བླངས་ཡོད་པས། དེང་རབས་བོད་ཀྱི་སྒྲུང་གཏམ་དང་འཁྲབ་གཞུང་གསར་རྩོམ་ཐད་ལམ་གསར་པ་འཚོལ་སྙེག་བྱེད་མཁན་གྱི་སྔོན་སྐྱོད་པ་ཞིག་ཡིན་པར་བརྗོད་ཆོག སྤྱིར་པདྨ་ཚེ་བརྟན་གྱི་སྒྲུང་གཏམ་སྤྱིའི་ནང་དོན་ལ་བལྟས་ན། གཅིག་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་སེམས་ཁྲལ་ཆེན་པོ་བྱེད་པ་དང་། གཉིས་ནས་རྙོག་འཛིང་ཆེ་བའི་འཇིག་རྟེན་གྱི་གནས་ལུགས་དང་མིའི་སེམས་ཁམས་མཚོན་པའི་ཕྱོགས་ལ་བརྩོན་པ་བྱས་ཡོད། 《མག་མོག་གི་ནུབ་ཁའི་ཉི་མ》 1995ལོའི《གངས་རྒྱན་མེ་ཏོག》དེབ་དང་པོའི་སྟེང་དུ་བཀོད་ཡོད། སྤྱིར་རྩོམ་རིག་བརྩམས་ཆོས་གང་ཞིག་ལ་མཚོན་ཡང་། ཅི་ཞིག་བྲི་བ་དང་ཇི་ལྟར་བྲི་བ་གཉིས་ནི་ངེས་པར་དུ་གནད་དུ་འཛིན་པའི་དོ་གལ་ཆེན་པོ་ཞིག་སྟེ། “བོད་ཀྱི་རྩོམ་རིག་གསར་རྩོམ་ཕྱོགས་ལ་བལྟས་ན་ཡང་། ཐོག་མར་རྩོམ་རིག་གི་བསམ་བློའི་ནང་དོན་ཕྱོགས་ནས་དངོས་ཡོད་སྤྱི་ཚོགས་དང་ཉེ་བར་བཏུད་དེ་ཡོད་ཀྱང་། སྤྱི་ཚོགས་ཀྱི་སྣང་ཚུལ་རིགས་རྩོམ་དུ་དྲངས་པ་ལས་བསམ་བློ་གཏིང་ཟབ་པ་རྒྱ་ཆེ་བ་ཉུང་ལ། ལྷག་པར་རང་གི་ཐུན་མོང་མྱོང་རྟོག་གིས་ཕྱུག་པ་ཤིན་ཏུ་ཉུང་སྙམ། སྤྱིར་བཤད་ན་བྱ་བའི་བརྒྱུད་རིམ་ངོ་སྤྲོད་པ་ཙམ་དང་། རང་གི་སྡོམ་ཚིག་འགྲེལ་བ་ཙམ་ལས་མ་འདས། ཆེས་སླ་ས་ནས་བཤད་ན། རྩོམ་རིག་གིས་དམངས་ལ་ཕན་འབྱིན་ཚུལ་དེ། རིག་གཞུང་ལྟར་གཏན་ཚིགས་ཀྱིས་རིགས་པ་བེད་སྤྱོད་རྒྱུ་མ་ཡིན་པར། ཡིད་འགྱུར་རམ་བརྩེ་དུང་གི་ཆ་ནས་སམ་གསལ་ཕྱུག་གཉིས་ལྡན་གྱི་སྣང་བརྙན་བཞེངས་སྐྲུན་གྱིས་ཀློག་པ་པོའི་ཡིད་སེམས་དབང་མེད་དུ་དྲངས་ནས། ཀློག་པ་པོར་ཕྱིར་འདང་རྒྱག་རྒྱུའམ་བསམ་བློའི་སྐུལ་མ་གཏོང་བའི་ཚད་ལ་སླེབས་དུས་ད་གཟོད་ཕན་ནུས་བྱུང་བ་རེད། རྩོམ་རིག་གི་ཕན་ནུས་འབྱིན་ཚུལ་ཡང་འདི་ཡིན”①ཞེས་པ་ལྟར། བརྩམས་ཆོས་ཤིག་གི་བསམ་བློའི་ནང་དོན་འཛོམས་པོ་ཡིན་མིན་ནི། རྩོམ་རིག་བརྩམས་ཆོས་དེ་ཡུན་རིང་གནས་ཐུབ་མིན་གྱི་སྲོག་གི་རྒྱུད་སྐུད་ལྟ་བུ་ཡིན་ནོ། །སྒྲུང་གཏམ་དེ་གཉིས་ཀྱི་ནང་དུ་མི་སྣ་གཙོ་བོ་གཉིས་ཀྱི་འཚོ་བའི་ཟུར་ཞིག་མཐོང་སྣེ་བྱས་ཏེ་སོ་སོའི་སེམས་ཀྱི་འཇིག་རྟེན་ཞིབ་འབྲི་བྱས་ཡོད་ལ། 《མག་མོག་གི་ནུབ་ཁའི་ཉི་མ》ཞེས་པའི་སྒྲུང་འདིར་ཀྱ་ཀྱུ་འཕྲུལ་འཛིང་གི་བྱུང་རིམ་མེད་ཅིང་། མི་སྣའི་ལུས་ཀྱི་བྱད་གཟུགས་འབྲི་བ་དང་གཤིས་ཀ་གྱ་ནོམ་འབྲི་བ་མེད། གཙོ་བོར་ཉི་མ་ནུབ་ཁ་ནས་ཕྱི་ཉིན་ནམ་ལངས་རག་བར་གྱི་བུ་མོའི་གནས་ཚུལ་དང་དྲན་སྣང་མང་པོ་བརྒྱུད་དེ། ཕ་མའི་བྱམས་བརྩེ་མ་ཐོབ་པའི་བུ་མོ་ཁེར་ཧྲེང་ཞིག་གི་ནང་སེམས་ཀྱི་སྐྱོ་ངལ་དང་། གཉོམ་ཆུང་འཁོས་ཞན། སྐྱབས་མེད་རེ་མེད་ཀྱི་གནས་བབ་གསལ་པོར་མཚོན་ཡོད། གཞན་ད་དུང་རྩོམ་པ་པོས“ཨ་ཞང”གི་གདུག་རྩུབ་བེད་སྤྱད་དེ། བུ་མོ་ཁེར་ཧྲེང་འདིའི་ནང་སེམས་ཀྱི་འཇིག་རྟེན་ལས། ཨ་མའི་དྲོད་སྐྱིད་ཀྱི་བརྩེ་འདང་གི་རེ་བཞག་དང་གྲང་ཤུར་ཤུར་རམ་སྐྱོ་གདུང་གི་སེམས་ཁམས་དེ་མངོན་པར་མཚོན་ཡོད་དེ། སྒྲུང་འདིའི་ཁྱད་ཆོས་གཙོ་བོ་ཡང་བུ་མོའི་སེམས་ཁམས་བཀྲམ་སྟོན་གྱི་སྟེང་ན་ཡོད་ཕྱིར།“ཨ་ཞང”གིས་མཚོན་པའི་ལྡོག་ཕྱོགས་མི་སྣར་སུན་འབྱིན་བྱེད་པ་དེ་ཕལ་བའི་གནས་སུ་ལྷུང་ཡོད་སྙམ། སྒྲུང་ཐུང་འདིའི་མགོ་ནས་མཇུག་བར་བུ་མོ་ཆུང་ཆུང་དེའི་སེམས་ཁམས་ལ་དམ་དུ་འཁྱུད་དེ། ཉིན་ཞག་གཅིག་གི་ཁོ་མོའི་དཀའ་སྡུག་གི་འཚོ་བ་དང་ཁེར་རྐྱང་གི་གདུང་ཤུགས་དེ་ལྷུག་པོར་བརྗོད་ནས། ནུབ་ཁའི་ཉི་མ་དེ་གསལ་བ་ནས་རིམ་གྱིས་མི་གསལ་བར་འགྱུར་བ་དེས་བུ་མོའི་སེམས་ཁམས་མི་འདྲ་བ་དག་མཚོན་ཡོད་ལ། དེ་བས“མག་མོག་གི་ནུབ་ཁའི་ཉི་མ”ནི་བུ་མོ་དེའི་ཁེར་རྐྱང་གི་བདེན་དཔང་ཡིན་ལ་རེ་བའི་མཚོན་བྱེད་ཀྱང་ཡིན། མུན་པའི་ཀློང་ལས་ཐར་ཐབས་མེད་པའི་མཚོན་བྱེད་ཡིན་ལ་མི་ཚེའི་རེ་བ་མ་ཟད་ཙམ་གྱི་མཚོན་བྱེད་ཀྱང་ཡིན། དེ་ནི་སེམས་ཁམས་མཚོན་པ་གཙོར་བྱས་པའི་སྒྲུང་གཏམ་ཞིག་ཡིན་ལ། སེམས་ཁམས་ཀྱི་ནང་དོན་ལ་མི་ཆོས་ཀུན་སྤྱོད་ཀྱི་དོན་སྙིང་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་དོན་སྙིང་གང་གིས་ཀྱང་མཚོན་པ་མ་ཡིན་པར། ཕ་མའི་བྱམས་བརྩེ་མ་ཐོབ་པའི་བུ་མོ་ཆུང་ཆུང་ཞིག་གི་སྐྱབས་མེད་རེ་མེད་ཀྱི་གཙང་རྐྱང་གི་སེམས་ཁམས་ཤིག་མཚོན་ཡོད་པས། རྩོམ་ལ་སྤྱི་ཚོགས་རིག་པའི་དོན་སྙིང་དང་། ཤེས་རྟོགས་ཀྱི་དོན་སྙིང་མེད་ལ། སྒྱུ་རྩལ་གྱི་དོན་སྙིང་དང་། སེམས་ཁམས་གསལ་སྟོན་གྱི་དོན་སྙིང་ཆེན་པོ་ཡོད་སྙམ།

གཉིས།《ང་དང་ནུབ་ཁ》

རིག་ལྡན་རྒྱ་མཚོ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་ནང་གསར་རྩོམ་གྱི་ལས་ལ་ཞུགས། བར་སྐབས་ཤིག་རིང་གསར་རྩོམ་གྱི་རྒྱུན་ཆད་ཀྱང་། དུས་རབས་ཉེར་གཅིག་པའི་ནང་ཡང་བསྐྱར་གསར་རྩོམ་གྱི་ལས་སུ་གཞོལ་བ་རེད། ཁོའི་སྒྲུང་གཏམ《ང་དང་ནུབ་ཁ》ནི1993ལོའི《གངས་རྒྱན་མེ་ཏོག》དེབ་བཞི་པའི་སྟེང་སྤེལ་ཡོད། སྤྱིར་བཏང་གི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་བོད་ཀྱི་རྩོམ་འབྲི་སྲོལ་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་འབྲི་སྲོལ་ཡིན་ལ། ལོ་རབས་དགུ་བཅུ་པ་ནས་བཟུང་དེང་རབས་རིང་ལུགས་ཀྱི་འབྲི་ཐབས་ལ་ལད་མོ་བྱས་པ་རེད། སྒྲུང་འདི་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་རྩོམ་དང་ཅུང་ཟད་མི་འདྲ་བར། གཏམ་རྒྱུད་དང་འགལ་བ་གཙོ་བོ་བྱས་མེད་ལ། ཁོར་ཡུག་དང་མཐུན་ཐབས་མེད་པའི་མི་བུ་ཁེར་རྐྱང་ཞིག་གི་གཏམ་རྒྱུད་མགོ་རྔ་ཚང་བའི་ངང་རྒྱུ་གཅིག་ཏུ་སྦྲེལ་བ་ཞིག་མ་ཡིན་པར། མི་སྣའི་མི་ཚེ་ནང་གི་ཚན་པ་ལྔ་རྩོམ་གྱི་ནང་བྲིས་ཏེ། མི་སྣ་ང་ནི《ལྷ་མོ》དང《སྨྱོན་པའི་ཉིན་ཐོ》《ཉིག་མཱང》ལ་ལྟ་མཁན་གྱི་སྤྱི་ཚོགས་ཀྱི་བདེ་སྡུག་འབའ་ཞིག་བསམ་མཁན་དང་། ཟླ་སྒྲོན་ནི“ཆུན་ཡོ”ཡི་རྩོམ་ལ་ལྟ་མཁན་གྱི་འཇིག་རྟེན་མཐུན་མཇུག་གམ་ཕོ་མོའི་འདོད་འདུན་ཙམ་དོན་གཉེར་ཅན་གྱི་མི་ཞིག་ཡིན་པ། རང་ནི་གངས་སེང་རྟགས་ཅན་གྱི་མགུལ་རྒྱན་ཙམ་གྱི་ལེགས་སྐྱེས་འབུལ་མཁན་དང་། གཞན་རྣམས་ནི་སྒོར་ཉིས་བརྒྱ་སོགས་ཀྱི་ལེགས་སྐྱེས་འབུལ་མཁན་ཡིན་པ་བཅས། བསྡུར་བ་འདི་དག་གི་སྟེང་ནས་རང་གཞན་གཉིས་ཀྱི་མི་ཚེའི་ལྟ་སྟངས་དང་རིན་ཐང་ལྟ་ཚུལ་གྱི་ཁྱད་པར་མངོན་དུ་ཕྱུང་ཡོད་ལ། འདིར་གཞན་གྱི་སྡོངས་གྲོགས་དང་རྒྱུས་ལོན་བྲལ་བའི་མི་སྣ་ཁེར་རྐྱང་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱས་པ་བརྒྱུད་དེ། དེང་རབས་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ཤིག་གིས་བོད་སྤྱི་ཚོགས་ཁྲོད་ན་རྒྱུ་ནོར་ཁོ་ནར་སྐྱབས་སུ་འགྲོ་བ་དང་། མི་བུའི་བདེ་སྐྱིད་ཉི་ཚེ་བ་ཞིག་མི་ཚེའི་འཚོ་བའི་དམིགས་ཡུལ་དུ་བཟུང་ནས། མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་མི་ཤེས་པའི་འཐོམ་སྦྲིད་ཅན་གྱི་མི་དང་། བསམ་པའི་འཚོ་བ་རྒྱབ་ཏུ་དོར་ཞིང་། སྐབས་འཕྲལ་གྱི་དངོས་པོའི་འཚོ་བ་ཁོ་ན་འཚོལ་སྙེག་བྱེད་པའི་མི་ལ་སུན་འབྱིན་དང་སེམས་ཁྲལ་བྱས་ཏེ། མི་རིགས་ལོ་རྒྱུས་ཀྱི་གནས་བབ་དང་འཕེལ་རྒྱས་ལ་དོ་སྣང་དང་སེམས་ཁུར་མི་བྱ་བའི་སྣང་ཚུལ་ངན་པ་འབྱུང་བཞིན་པ་འདི་ནི། དུས་རབས་གསར་པའི་ནང་གི་ཉེན་ཚབ་གསར་པ་ཞིག་ཡིན་པས་རྩོམ་པ་པོས་ཚོར་བ་རྣོན་པོས་ཉེ་བར་བཟུང་སྟེ། བོད་མི་རིགས་ལ་ཉེན་བརྡ་གསར་པ་ཞིག་བཏང་བའོ། །

གཉིས་པ། མི་སྣའི་སྣང་བརྙན་དང་སྒྱུ་རྩལ་གྱི་ཁྱད་ཆོས་བསྡུར་བ།

གཅིག མི་སྣའི་སྣང་བརྙན་བསྡུར་བ།

དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པའི་ཚུན་ལ། ཡོ་རོབ་གླིང་དང་མེ་གླིང་གི་རྩོམ་རིག་བརྩམས་ཆོས་ཁྲོད་མི་སྣའི་སེམས་ཁམས་འབྲི་བཞེངས་བྱེད་པའི་ཐབས་ལམ་གསར་པ་ཞིག་བྱུང་ཡོད། ལ་ལས་ཐབས་ལམ་འདིར“གབ་སྦས་རྣམ་པའི་སེམས་ཁམས་འབྲི་བཞེངས་བྱེད་ཐབས”ཟེར་གྱིན་ཡོད། དུས་རབས་བཅུ་དགུ་པའི་རྩོམ་པ་པོ་གྲགས་ཆེན་ཏིས་ཀུན་སི་དང་། ས་ཁེ་ལེ། པར་ཀྲ་ཁེ་སོགས་ཀྱིས་བཀོལ་བ་སྟེ། རྩོམ་པ་པོའི་ལྷུག་བརྗོད་དམ་མི་སྣས་ལབ་གླེང་བྱས་ཏེ། མི་སྣའི་སེམས་ཁམས་བཀྲམ་སྟོན་བྱེད་པའི་སྲོལ་རྒྱུན་ཐབས་ལམ་དང་མི་འདྲ་བར། གཙོ་བོ་མི་སྣའི་ཉུང་བསྡུས་ཀྱི་ཁ་བརྡ་རེ་གཉིས་དང་། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་མི་དཀྱུས་མས་བཏང་སྙོམས་སུ་འཇོག་སླ་བའི་ཞིབ་ཆའི་སྐོར་རམ་ཕྱི་ཡུལ་གྱི་ཁོར་ཡུག ལྷག་པར“བསམ་པ་ནང་ན་ཡོད་པ་ཀུན། །ཕྱི་རོལ་ཏུ་ནི་ཉེ་བར་དམིགས། །”ཞེས་པ་ལྟར། གདོང་གི་ཉམས་ཕྲ་མོ་ཙམ་གྱི་ངོས་ནས་ཀྱང་མི་སྣའི་ནང་སེམས་ཀྱི་འགྱུར་བའམ་བསམ་བློའི་བརྩེ་དུང་ལ་གོ་བ་ལོན་དགོས། རྩོམ་སྟངས་གསར་པ་འདི་རྒྱལ་ཁབ་ཕྱི་ནང་ཀུན་ན་བཀོལ་གྱིན་ཡོད་ལ། པདྨ་ཚེ་བརྟན་ལགས་ཀྱིས་ཀྱང་ཐབས་ལམ་འདི་ནང་འདྲེན་གྱིས་མི་སྣའི་ནང་སེམས་ཀྱི་འགྱུར་བ་གཙོར་བཟུང་སྟེ། བུ་མོ་ཆུང་ཆུང་ཞིག་གི་དྲན་གདུང་དང་ཁེར་ཧྲེང་གི་སེམས་ཁམས་དེ་བཀྲམ་སྟོན་མཚར་པོ་བྱས་ཡོད་པས། ཁོའི་སྒྱུ་རྩལ་འཚོལ་སྙེག་ཁྲོད་ཀྱི་སྤོབས་པ་མཐོང་ཐུབ། གཞན་སྙན་ངག་གིས་ཡིད་བརྙན་ལ་ཁེན་ཏེ་བརྗོད་དོན་གསལ་བར་སྟོན་ཅིང་། སྒྲུང་གཏམ་གྱིས་སྣང་བརྙན་ལ་བརྟེན་ནས་བསྟན་དོན་གསལ་པོར་སྟོན་པས་ན། སྒྲུང་གཏམ་ལ་མཚོན་ན་སྣང་བརྙན་ནི་གསང་རྒྱ་འགྲོལ་བྱེད་ལྡེ་མིག་ལྟ་བུའོ། །དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་གྱིས།“དཔེ་ཆ་ཁ་བསུམ་རྗེས་འདང་མ་བརྒྱབ་ཀྱང་སོ་སོའི་རྟོག་མེད་ཀྱི་དབང་ངོར་ངང་ངམ་ཤུགས་ཀྱིས་ཤར་བ་ཞིག་ལ་སྣང་བརྙན་ཟེར”ཞེས་པ་བཞིན། སྒྲུང་གཏམ་གཉིས་ཀའི་མི་སྣའི་སྣང་བརྙན་གྱི་ངོས་ནས་བཤད་ན་མི་སྣ་གཙོ་བོ་ཁེར་ཧྲེང་གི་ངང་གནས་ཡོད་དེ།《མག་མོག་གི་ནུབ་ཁའི་ཉི་མ》ཞེས་པར་མཚོན་ན་བཟའ་ཚང་གི་ངོས་ནས་ཕ་ངོས་འཛིན་མེད་པ། མའི་སྙོར་སྐྱོང་མེད་པ། གཞན་ཨ་ཞང་གིས་བྱམས་བརྩེའི་སྒོ་ནས་སྙོར་སྐྱོང་བྱས་པ་ཞིག་མ་ཡིན་པའི་སྐྱབས་མེད་རེ་མེད་དང་གཉོམ་ཆུང་འཁོས་ཞན་གྱི་བུ་མོ་ཁེར་ཧྲེང་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད་ལ། ཁོ་མོའི་ཁེར་ཧྲེང་གི་ནང་དོན་ལ་མི་ཆོས་ཀུན་སྤྱོད་ཀྱི་དོན་སྙིང་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་དོན་སྙིང་གང་གིས་ཀྱང་མཚོན་པ་མ་ཡིན་པར། ཕ་མའི་བྱམས་བརྩེ་མ་ཐོབ་པའི་བུ་མོའི་གཙང་རྐྱང་གི་སེམས་ཁམས་ཤིག་བརྗོད་ཡོད།《ང་དང་ནུབ་ཁ》ཞེས་པར་མཚོན་ན་གཅིག་བཟའ་ཚང་གི་ངོས་ནས། བཟའ་ཚང་འཛོམས་པོ་དང་གྲོགས་པོ་གྲོགས་མོ་མང་པོ་ཡོད་པའི་མི་སྣ་ཞིག་མིན་ལ། སྤྱིར་བཏང་དུ་ཕ་མ་མིང་སྲིང་ཡོད་མེད་གང་འཚལ། གང་ལྟར་རྩོམ་གྱི་ནང་རོལ་ཏུ་བལྟས་ཚེ་ཁྱིམ་ཚང་གི་དགའ་སྐྱིད་དང་བཟའ་ཚང་འཛོམས་པའི་འཚོ་བ་དེ་རོལ་མེད་པར། ཐོག་མར་ང་ཚོའི་སྣང་ངོར་མི་རྐྱང་ཞིག་རེད་འདོད་པའི་བསམ་ཚུལ་སྟེར་སྲིད། གཞན་ཁོར་ཡུག་དང་མཐུན་འགྲིག་མེད་ལ། འགའ་ཞིག་གིས“ཁོ་སྨྱོན་པ་ཞིག་རེད།”ཟེར་བ་དང་། ཡང་འགའ་རེས“ཁོ་ནི་དྲང་མོ་ཞིག་ཡིན།”“ཁོ་ཆང་རྐྱལ་ཞིག་ཀྱང་ཡིན།”ཞེས་ཁོར་ཡུག་དང་རྒྱང་ཐག་རིང་བ། གཉིས་དཔེ་ཆ་གཡར་སྟངས་ཀྱི་ངོས་ནས་བརྗོད་ན། དོན་གྱིས་ཁྱིམ་མཚེས་ཟླ་སྒྲོན་གྱིས་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་མཚོན་པ་ཡིན་ཏེ། ཟླ་སྒྲོན་ནི“ཆུན་ཡོ”ཡི་རྩོམ་ལ་ལྟ་མཁན་གྱི་འཇིག་རྟེན་མཐུན་མཇུག་གམ་ཕོ་མོའི་འདོད་འདུན་ཙམ་དོན་གཉེར་ཅན་ཞིག་དང་། རྩོམ་གྱི་མི་སྣ་ནི《ལྷ་མོ》དང《སྨྱོན་པའི་ཉིན་ཐོ》《ཉིག་མཱང》ལ་ལྟ་མཁན་གྱི་སྤྱི་ཚོགས་ཀྱི་བདེ་སྡུག་འབའ་ཞིག་བསམ་མཁན་ཡིན་པས། མི་སྣའི་དགའ་ཕྱོགས་ཀྱི་སྟེང་ནས་ཀྱང་མཐུན་པ་མ་ཡིན་པར་ཁོར་ཡུག་དང་རྒྱང་དུ་བཀྱེད་ཡོད། ཁྱིམ་མཚེས་ཟླ་སྒྲོན་ལྟ་བུར་མཚོན་ན་མི་བུའི་ཐ་མལ་བའི་དགའ་བདེ་ལོངས་སུ་སྤྱད་དེ། མི་རིགས་ལ་གཏན་ནས་འདང་མི་རྒྱག་པར་གནས་སྐབས་སུ་ཆུན་ཡོའི་དཔེ་ཆར་བལྟས་ན་རང་ཉིད་སྐྱིད་པོ་འདུག་ཅེས་མི་བུ་ཁོ་ན་བསམ་ཡོད་ལ། རྩོམ་གྱི་མི་སྣ་དེ་ལས་ལྡོག་སྟེ་མི་རིགས་ཀྱི་ཆ་ལ་བསམས་ཏེ་ཁེར་རྐྱང་དང་སེམས་ཁུར་བྱུང་བ་རེད། ཁོང་གཉིས་ཀྱི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ། ཡང་ན་མཛེས་རྟོག་གི་ལྟ་བ་བཅས་གང་གི་ཆ་ནས་བལྟས་ཀྱང་མི་བུའི་ཐ་མལ་བའི་དགའ་བདེ་ལོངས་སུ་སྤྱོད་པ་དང་མི་རིགས་ཀྱི་དར་རྒུད་ལ་སེམས་ཁུར་བྱེད་པའི་བསམ་བློའི་འདུ་ཤེས་མི་འདྲ་བ་དེ་གཉིས་དཔེ་ཆའི་སྟེང་ནས་མཚོན་ཐུབ། བུ་སྟོན་ཉིན། རང་ནི་གངས་སེང་རྟགས་ཅན་གྱི་མགུལ་རྒྱན་ཙམ་གྱི་ལེགས་སྐྱེས་འབུལ་མཁན་དང་། གཞན་རྣམས་ནི་སྒོར་ཉིས་བརྒྱ་སོགས་ཀྱི་ལེགས་སྐྱེས་འབུལ་མཁན་ཡིན་པ་སོགས་ཀྱི་སྟེང་ནས་ཀྱང་། རྩོམ་གྱི་མི་སྣའི་བསམ་བློ་གཏོང་སྟངས་དང་གཞན་ཁོར་ཡུག་གི་མིའི་བསམ་བློ་གཏོང་སྟངས་གཉིས་མི་འདྲ་བས་རང་གཞན་གཉིས་ཀྱི་མི་ཚེའི་ལྟ་སྟངས་དང་རིན་ཐང་ལྟ་ཚུལ་གྱི་ཁྱད་པར་མངོན་དུ་ཕྱུང་ཡོད་ལ། གཅིག་གིས་དངོས་པོའི་འཚོ་བར་མཐོང་ཆེན་དང་གཞན་ཞིག་གིས་བསམ་པའི་འཚོ་བར་མཐོང་ཆེན་བྱེད་བཞིན་ཡོད། ང་ཚོས་སྲོལ་རྒྱུན་ལོ་རྒྱུས་དང་ཆོས་ལུགས་གང་ལ་བལྟས་ཀྱང་གནད་དོན་འདི་མཐོང་ཐུབ་སྟེ། སྤྱིར་བོད་ཀྱི་རིག་གནས་ངོས་ནས་བཤད་ན་བསམ་པའི་འཚོ་བར་མཐོང་ཆེན་དང་དངོས་པོའི་འཚོ་བར་མཐོང་ཆུང་བྱས་པ་རེད་དེ། ད་ལྟའི་འཚོ་བའི་ངོས་ནས་བཤད་ན་བོད་ཀྱི་སྤྱི་ཚོགས་འདི་དངོས་པོ་ལ་མཆོག་ཏུ་ལྟ་བ་དང་བསམ་པ་ལ་དམན་པར་ལྟ་བ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ལ། རྩོམ་གྱི་ནང་ནས་ཀྱང་སྒོར་ཉིས་བརྒྱ་དང་གོས་ཡུག་གཅིག་ཕུལ་ན་ཚང་མའི་སྣང་ངོར་གཟི་བརྗིད་ཅན་ཞིག་ཏུ་རྩི་བཞིན་ཡོད་ལ། མཚོན་དོན་གྱི་རང་བཞིན་ཡོད་པ། བོད་མི་རིགས་ལ་དགའ་བ་དང་ཤ་ཚ་བ་ཞིག་ཏུ་འགྱུར་རྒྱུའི་སྨོན་ལམ་གྱི་སྒོ་ནས་གངས་སེང་རྟགས་ཅན་གྱི་མགུལ་རྒྱན་བུའི་མགུལ་བར་བཏགས་ན་མཐོང་ཆུང་གི་མིག་གིས་ཅེར་འདུག་པ་སོགས་ཀྱི་སྟེང་ནས་བལྟས་ནའང་དངོས་པོ་ལ་མཆོག་ཏུ་ལྟ་བ་དང་བསམ་པ་ལ་དམན་པར་ལྟ་བའི་བསམ་བློའི་འདུ་ཤེས་ཤིག་ཡོད་པ་ཤེས་ཐུབ། རྩོམ་གྱི་མི་སྣའི་བསམ་ཚུལ་འདི་ལས་ལྡོག་སྟེ། སྔར་བཞིན་བསམ་པའི་འཚོ་བར་གལ་ཆེ་བ་དང་དངོས་པོའི་འཚོ་བར་མཐོང་ཆེན་བྱེད་པར་མི་འགྲིག་པའི་བསམ་ཚུལ་དེ་ཡོད། འདི་དག་ཚང་མ་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་གཉིས་ཀྱི་འགལ་བ་ཡིན་ལ། གཅིག་གིས་མི་ཚེ་དོན་ཡོད་དུ་གཏོང་དགོས་ན་སྒོར་མོ་བཙལ་ནས་ཕྱུག་པོར་འགྱུར་དགོས་པ། ཕྱུག་པོ་དེ་རིན་ཐང་ཅན་ཞིག་ཡིན་པའི་རིན་ཐང་ལྟ་ཚུལ་དེ་ཡོད། བྱེ་བྲག་ཏུ་བཤད་ན་འགལ་བ་མི་འདྲ་བ་འདི་གསུམ་ཀའི་སྟེང་ནས་རྩོམ་གྱི་མི་སྣར་ཁེར་རྐྱང་གི་སེམས་ཚོར་བྱུང་བ་རེད།

གཉིས། སྒྱུ་རྩལ་གྱི་ཁྱད་ཆོས་བསྡུར་བ།

སྤྱིར་འཇིག་རྟེན་གྱི་ཁམས་ཆེན་མོ་འདི་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་གཉིས་ཀྱི་ལེགས་ཚོགས་ཇི་སྙེད་འཛོམས་པ་ལ་བརྟེན་ནས་གྲུབ་པ་བཞིན། རྩོམ་རིག་བརྩམས་ཆོས་གང་ཞིག་ཡིན་ཡང་། ནང་དོན་དང་རྣམ་པ་གཉིས་ཀྱིས་མ་གྲུབ་པ་གང་ཡང་མེད། བརྩམས་ཆོས་ཤིག་གི་ནང་དོན་གྱིས་ནུས་པ་ཇི་ལྟ་བ་འདོན་ཐུབ་མིན་དེའང་རྣམ་པར་རག་ལས་ཡོད་དེ། ཟུར་མཁར་བློ་གྲོས་རྒྱལ་པོས། “རྒྱལ་པོའི་ལང་ཚོ་དྲེགས་གྱུར་ཅིང་། །རྒྱན་མེད་པ་ན་སྐྱེ་བོས་གླེང་། །དེ་ཕྱིར་སྙན་ངག་མི་ལྡན་ན། །བསྟན་བཅོས་མཁན་དུ་བརྩིས་སུ་མེད། །”ཅེས་པ་ལྟར། བརྩམས་ཆོས་ཤིག་ཇི་ལྟར་དུ་བྲི་བ་ངེས་པར་དུ་གནད་དུ་འཛིན་དགོས།“རྩོམ་རིག་བྱ་བ་དེ་བསམ་བློའི་ནང་དོན་གལ་ཆེ་ཡང་། མཐར་གཏུགས་ན་རྩོམ་རིག་ཡིན་བྱེད་དེ་གཙོ་བོར་ཁོའི་སྒྱུ་རྩལ་གྱི་རང་བཞིན་སྟེང་ན་ཡོད། བརྗོད་བྱའི་བསམ་བློ་གཏིང་ཟབ་མིན་དང་ཁ་ཕྱིར་བལྟས་དང་ནང་བལྟས་གང་ཡིན་ཡང་དེ་སྒྱུ་རྩལ་ཚད་མཐོན་པོའི་སྟེང་ནས་མཚོན་པར་བྱ་རྒྱུ་ནི་རྩོམ་རིག་གི་རང་མདངས་ཡིན”②པ་བཞིན། གཤམ་དུ་སྒྲུང་གཏམ་གཉིས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་སྐོར་ཅུང་ཙམ་གླེང་བར་བྱ།

1. སྒྲུང་གཏམ་འདི་གཉིས་ཀས་སེམས་ཁམས་མཚོན་པ་གཙོར་བྱས་པ།

རྒྱ་ནག་གི་རྩོམ་རིག་གཞུང་ལུགས་སྨྲ་བ་ལིའུ་ཙེ་ཧྥུས།“སྒྲུང་གཏམ་གྱི་ལོ་རྒྱུས་ངོས་ནས་འཕེལ་རིམ་གསུམ་དུ་དབྱེ་སྟེ། དང་པོ་ནི་འཚོ་བ་གཏམ་རྒྱུད་ཅན་དུ་བཏང་བའི་དུས་རིམ་དུ། བརྩམས་ཆོས་གཙོ་བོ་འགུལ་སྐྱོད་རང་བཞིན་གྱི་གཏམ་རྒྱུད་ཀྱི་བྱུང་རིམ་ལ་ཁེན་ཡོད་ལ། གཉིས་པ་ནི་མི་སྣ་གཤིས་ཀ་ཅན་དུ་བཏང་བའི་དུས་རིམ་དུ། བརྩམས་ཆོས་ཀྱི་གནད་གཙོ་བོ་མི་སྣའི་གཤིས་ཀ་འབྲི་བཞེངས་བྱེད་པས་བཟུང་ཡོད། དུས་རིམ་གསུམ་པར་མི་སྣའི་ནང་སེམས་ལ་འཇུག་མགོ་བརྩམས་ཏེ། མིའི་ནང་སེམས་ཀྱི་ཚོར་བ་དང་། སྡུག་བསྔལ། འགལ་འདུ། འཕྲུལ་སྣང་སོགས་ཀློག་པ་པོའི་མིག་ལམ་དུ་བཀྲམ་པ་ཡིན”③ཞེས་གསུངས་ཡོད། དེ་ལྟར་ན《མག་མོག་གི་ནུབ་ཁའི་ཉི་མ》རྩོམ་ཡོངས་སུ་རྫོགས་པར་སེམས་ཁམས་ཙམ་ཞིག་མཚོན་པ་མ་གཏོགས། སེམས་ཁམས་དེ་ལྟར་མཚོན་ན་དགེ་བ་ཅི་ཞིག་ཡོད་པ་དང་། རྩོམ་གྱི་སྤྱི་ཚོགས་རིག་པའི་དོན་སྙིང་དང་དགག་སྒྲུབ་ཀྱི་ནུས་པ་སོགས་དམིགས་སུ་བཟུང་ནས་བྲིས་མེད། གཞན་དངོས་ཟོལ་ཟུང་དུ་འབྲེལ་ཞིང་། ཕྱི་དོན་གསལ་རྫོགས་ལ་བསལ་སྒྲིབ་ཆེན་པོ་བྱས་མེད། (ཟོལ་གྱི་སྟེང་ནས་སེམས་ཁམས་མཚོན་པའི་ཁྱད་ཆོས་མཐོང་ཐུབ་ལ། དངོས་ཀྱི་སྟེང་ནས་འཚོ་བའི་རི་མོའམ་ཡང་ན་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཐོང་ཐུབ།)འདིར་ལུག་འཚོ་བའི་འཚོ་བ་དེ་རྩོམ་གྱི་ནང་གསལ་པོ་བྲིས་ཏེ་ཕྱི་དོན་གསལ་རྫོགས་ལ་བསལ་སྒྲིབ་ཆེན་པོ་བྱས་མེད་སྙམ།《ང་དང་ནུབ་ཁ》ལ་མཚོན་ན་སེམས་ཚོར་མཚོན་པ་ལ་དམིགས་ཏེ་ཕྱི་དོན་ལ་བསལ་སྒྲིབ་བྱས་པས། ཕྱི་དོན་གསལ་རྫོགས་སུ་བསྐྱར་མཚོན་བྱེད་པ་བཏང་སྙོམས་སུ་བསྐྱུར་ཡོད། སྤྱིར་ཡུལ་ལྗོངས་ཀྱི་བཀོད་པ་གསལ་པོ་ཞིག་བྲིས་འདུག་མོད་ཀྱང་། རྩོམ་ཡོངས་སུ་རྫོགས་པར་མཚོན་ན་གཏམ་རྒྱུད་གསལ་རྫོགས་ཤིག་མིན་ལ། གཞན་གྱིས་རྩོམ་གྱི་མི་སྣར་ལབ་རྗོད་བྱེད་པ་དང་ཁྱིམ་མཚེས་ཟླ་སྒྲོན་གྱིས་དཔེ་ཆ་གཡར་བ། བུ་སྟོན་གྱི་ཉིན་སོགས་གཏམ་རྒྱུད་ཀྱི་ངོས་ནས་སྦྲེལ་བ་ཞིག་མ་ཡིན་པར། འཚོ་བའི་དུམ་བུ་ལྔ་བྲིས་ཏེ་ཕྱི་དོན་གསལ་རྫོགས་སུ་མཚོན་པ་མ་ཡིན་པར་བསལ་སྒྲིབ་བྱས་ཡོད་ལ། ཡང་གཅིག་བཤད་ན་ཕྱི་དོན་བསལ་སྒྲིབ་བྱེད་པའི་དམིགས་ཡུལ་ཡང་སེམས་ཚོར་མཚོན་པར་དམིགས་པས་རྩོམ་པ་པོས་གཏམ་རྒྱུད་ཆ་ཚང་བ་ཞིག་རྩོམ་གྱི་ནང་དུ་མ་བྲིས་པར་སྙམ། གཞན་ད་དུང་མི་སྣའི་ནང་སེམས་ཀྱི་ཚོར་བ་སྟུག་པོར་མཚོན་ཡོད་པས། བོད་ཀྱི་སེམས་ཁམས་གཙོ་བོར་མཚོན་པའི་སྒྲུང་གཏམ་ཐོག་མའི་གྲས་སུའང་གྱུར་ཡོད། བོད་ཀྱི་སྒྲུང་གཏམ་ཚང་མས་སྤྱིར་བཏང་དུ་གཏམ་རྒྱུད་ཀྱི་བྱུང་རིམ་གཙོ་བོར་བྱས་ཏེ་ཕྱི་དོན་གསལ་རྫོགས་སུ་མཚོན་ཡོད་ལ། རྩོམ་གྱི་ནང་མི་སྣའི་འགུལ་སྐྱོད་དང་མི་སྣའི་སེམས་ཀྱི་རྣམ་འགྱུར་ཞིབ་ཅིང་ཕྲ་བ་ཞིག་བྲིས་པ་ཤིན་ཏུ་ཉུང་ཉུང་རེད། “བོད་ཀྱི་སྒྲུང་གཏམ་གསར་པ་རང་ངོས་ནས་གླེང་ན་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་མི་སྣ་གཙོ་བཟུང་ཡིན་ནའང་མི་སྣའི་གཤིས་ཀ་དང་སེམས་ཁམས་མཚོན་རྒྱུར་དོ་སྣང་དེ་ཙམ་མི་ཆེ་བ། ལོ་རབས་དགུ་བཅུ་པ་ནས་བཟུང་མི་སྣའི་གཤིས་ཀ་གཙོ་བཟུང་གི་དུས་སུ་སླེབས་པ། ལོ་རབས་ཉི་ཤུ་པར་སེམས་ཁམས་འཚོལ་དཔྱོད་དུས་སུ་སླེབས་པར་བརྗོད་པ་ཡང་རྒྱུ་མཚན་ཡོད་ཅིང་། དེ་ནི་དོན་དངོས་ཐོག་འཛམ་གླིང་སྤྱིའི་སྒྲུང་གཏམ་འཕེལ་རིམ་གྱི་ཆོས་ཉིད་དང་ཡོངས་སུ་མཐུན་པ་རེད།”④ཅེས་པ་ལྟར། དོན་གྲུབ་རྒྱལ་གྱི《ཤ་དང་རུས་པའི་བརྩེ་དུང》ལྟ་བུར་མཚོན་ནའང་མི་སྣའི་ནང་སེམས་ཀྱི་ཚོར་བ་བྲིས་པའི་རྐྱེན་གྱིས་ཁོང་གི་སྒྲུང་གཏམ་གྲས་ཀྱི་ཐུན་མོང་མ་ཡིན་པ་དེ་ཡིན་ལ། ཁོང་གི་རྩོམ་རིག་སྤྱིའི་ལྟ་ཚུལ་ནས་གླེང་ནའང་། “རང་རེའི་འགྲོ་བ་མི་ཡི་རིགས་ནི་འཚོ་བའི་བདག་པོ་ཡིན་པ་དང་། རྩོམ་རིག་སྒྱུ་རྩལ་ནི་འཚོ་བ་དངོས་མཚོན་པར་བྱེད་པའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་པས། མི་ནི་རྩོམ་རིག་སྒྱུ་རྩལ་གྱི་བརྗོད་བྱ་གཙོ་བོར་གྱུར་པ་དང་། བརྗོད་བྱ་དེ་ལེགས་པར་སྟོན་དགོས་ན་རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱའི་ནང་དུ་ཅིས་ཀྱང་མིའི་སྣང་བརྙན་གསོན་ཉམས་དང་ལྡན་པ་མང་པོ་གསར་དུ་སྐྲུན་དགོས”⑤ཞེས། རྩོམ་རིག་གི་བརྗོད་བྱ་གཙོ་བོ་ནི་མི་ཉིད་ཡིན་པས། རིག་རྩལ་གྱི་རྣམ་པ་དེས་མིའི་བདེ་སྡུག་དང་བཟང་ངན་ལ་མཐའ་གཅིག་ཏུ་ཕྱོགས་དགོས་པའི་འདོད་ཚུལ་འཛིན་གྱིན་ཡོད། སྒྲུང་གཏམ་འདིས་མི་སྣའི་ནང་སེམས་ཀྱི་ཚོར་བ་མཚོན་པ་གཙོ་བོར་བྱས་ཡོད་པས་བོད་ཀྱི་རྩོམ་རིག་གསར་པའི་ལོ་རྒྱུས་ངོས་ནས་བཤད་ན་བོད་ཀྱི་སེམས་ཁམས་གཙོ་བོར་མཚོན་པའི་སྒྲུང་གཏམ་ཐོག་མའི་གྲས་སུ་གྱུར་ཡོད།

2.སེམས་ཚོར་གྱི་ནང་དོན་ལ་ལོ་རྒྱུས་ཀྱི་ནང་དོན་དང་འགན་བབས་དྲག་པོར་ཡོད་པ།

《མག་མོག་གི་ནུབ་ཁའི་ཉི་མ》ལ་མཚོན་ན་སེམས་ཚོར་གྱི་ནང་དོན་ལ་མི་ཆོས་ཀུན་སྤྱོད་ཀྱི་དོན་སྙིང་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་དོན་སྙིང་གང་གིས་ཀྱང་མཚོན་པ་མ་ཡིན་པར། ཕ་མའི་བྱམས་བརྩེ་མ་ཐོབ་པའི་བུ་མོ་ཆུང་ཆུང་ཞིག་གི་གཉོམ་ཆུང་འཁོས་ཆུང་གི་སེམས་རྣམ་ཉིད་རྩོམ་ནང་རྒྱས་པར་བཀྲམ་སྟེ། གཙང་རྐྱང་གི་སེམས་ཁམས་ཤིག་མཚོན་པ་ཡིན་ལ། 《ང་དང་ནུབ་ཁ》དེ་ལྟར་མ་ཡིན་པར་ཁེར་ཧྲེང་དང་སེམས་ཁྲལ་དེ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་ན་ཇི་ལྟར་གཏོང་དགོས་པ་དང་། མིག་སྔའི་མི་རྣམས་ཀྱི་གནས་ཚུལ་འདི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་འགལ་རྐྱེན་དུ་གྱུར་འདུག་པས་སེམས་ཚོར་གྱི་ནང་དོན་ལ་ལོ་རྒྱུས་ཀྱི་ནང་དོན་དང་འགན་བབས་དྲག་པོར་ཡོད་པའི་སེམས་ཚོར་ཞིག་རེད་སྙམ།

3.གཏམ་རྒྱུད་ཀྱི་བྱུང་རིམ་མམ་འགལ་བ་བཏང་སྙོམས་སུ་མཛད་ཡོད་པ།

རྩོམ་གྱི་སྒྲིག་གཞིའི་ངོས་ནས་བརྗོད་ན།《མག་མོག་གི་ནུབ་ཁའི་ཉི་མ》ཡི་ནང་བུ་མོའི་ཕྱིར་དྲན་གྱི་གནས་སྐབས་སུ་ཨ་མས་གོན་པ་གསར་པ་རིག་མ་མྱོང་བ་ཏག་ཏག་གྱོན་ཏེ་རྟའི་གོང་ལ་བུད་ནས་གནས་ལ་འགྲོ་བའི་རྣམ་པ་ཞིག་ཕྱིར་དྲན་བྱས་པ་ཙམ་མ་གཏོགས། བུ་མོ་ཆུང་ཆུང་དེ་ཨ་མ་གནས་ལ་མ་སོང་སྔོན་ལ་སྐྱེས་པ་དང་དེ་ནས་ཨ་མ་གནས་ལ་བུད་སོང་བ་སོགས་རྩོམ་གྱི་ནང་ཞིབ་ཏུ་བྲིས་མེད་ཕྱིར་གཏམ་རྒྱུད་ཀྱི་བྱུང་རིམ་བཏང་སྙོམས་སུ་མཛད་ཡོད་ལ། བྱུང་རིམ་གྱི་འགལ་བ་ཡང་གཙོ་བོར་བྲིས་མེད་པར། གཙོ་བོ་ནུབ་ཁའི་ཉི་མ་དང་དེའུ་འབུར། ས་སྲོད་ཀྱི་རྣམ་པ་སོགས་བྲིས་ཏེ་བུ་མོ་ཆུང་ཆུང་དེའི་སེམས་ཁམས་ཡུལ་ལྗོངས་ཀྱི་ངོས་ནས་མཚོན་ཡོད། རྩོམ་གྱི་ནང་གི་ལྗོངས་དེའང་མི་སྣ་འཚོ་སྡོད་བྱེད་སའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཁོ་ན་ཞིག་མ་ཡིན་པར། ལྗོངས་དེ་འབྲི་བའི་སྟེང་ན་མི་སྣའི་གནས་བབ་དང་མི་སྣའི་སེམས་པ་མཚོན་བྱེད་དུ་གྱུར་ཡོད་ལ། སེམས་ཁམས་མཚོན་དུས་སུ་བྱུང་རིམ་དང་འགལ་བ་བཏང་སྙོམས་སུ་བཞག་ནས་གཙོ་བོ་མཚོན་དོན་དང་ཡིད་བརྙན་གྱི་སྒོ་ནས་བཞག་པ་ཞིག་རེད་འདོད། 《ང་དང་ནུབ་ཁ》ལ་མཚོན་ནའང་གཏམ་རྒྱུད་ཀྱི་བྱུང་རིམ་མགོ་རྔ་ཚང་བའི་ངང་རྒྱུ་གཅིག་ཏུ་སྦྲེལ་བ་ཞིག་མ་ཡིན་པར། ཁོར་ཡུག་དང་མཐུན་ཐབས་མེད་པའི་མི་བུ་ཁེར་རྐྱང་པ་ཞིག་གི་མི་ཚེ་ནང་གི་ཚན་པ་ལྔ་རྩོམ་གྱི་ནང་བྲིས་ཡོད།

4.སེམས་འགྱུ་དང་ལུག་འཚོ་བའི་འཚོ་བ་གཉིས་སྤེལ་མར་བྱས་པའི་རྩོམ་གྱི་སྒྲིག་གཞི།

《མག་མོག་གི་ནུབ་ཁའི་ཉི་མ》ཡི་ནང་བུ་མོས་འདས་པའི་དུས་ཀྱི་རྣམ་པ་ཞིག་ལ་ཕྱིར་དྲན་བྱས་ཏེ། ཨ་མ་ཇི་ལྟར་ས་ཆ་གཞན་ལ་བུད་སོང་བའི་རྣམ་པ་དང་། དེ་ནས་དངོས་སུ་ལུག་འཚོ་བའི་འཚོ་བའི་སྟེང་ཞུགས་ནས་ལུག་ཁྱུའི་རྣམ་པ་དེ་དང་། འདས་པའི་དུས་སུ་ཨ་ཞང་གིས་གཅར་རྡུང་བྱས་ཚུལ་གྱི་རྣམ་པ་བཅས་ལ་ཕྱིར་དྲན་བྱས་ཏེ་ལུག་འཚོ་བའི་འཚོ་བ་དང་འདས་པའི་དུས་ལ་ཕྱིར་དྲན་བྱེད་པའི་སེམས་འགྱུ་གཉིས་སྤེལ་མར་བྲིས་འདུག

5.སྒྲུང་གཏམ་གཉིས་ཀའི་ནང་དུ་ཡུལ་ལྗོངས་ཀྱི་བཀོད་པ་གསལ་པོ་ཞིག་བྲིས་ཡོད་པ།

ཡུལ་ལྗོངས་བཀོད་འབྲིའམ་ཡུལ་བརྙན་གྱིས་རྩོམ་ལ་ཁེར་རྐྱང་གི་མཁའ་དབུགས་སམ་ཡང་ན་སེམས་པ་ལྗིད་ཀྱིས་མནན་པའི་མཁའ་དབུགས་ཞིག་བསྐྲུན་འདུག མཁའ་དབུགས་དེས་རྩོམ་ཡོངས་སུ་རྫོགས་པར་རྨང་གཞིའི་གདངས་དབྱངས་ཤིག་གྲུབ་ཏུ་བཅུག་ཡོད་སྙམ།

གསུམ་པ། མཇུག་བསྡུ་བ།

སྒྲུང་གཏམ་འདི་གཉིས་ཀྱི་བསམ་བློའི་རང་བཞིན་དང་མི་སྣའི་སྣང་བརྙན། སྒྱུ་རྩལ་གྱི་ཁྱད་ཆོས་སོགས་གང་ཅིའི་ཐད་ནས་དཔྱད་ན། ཕ་མ་ཉིས་འཛོམས་མིན་པའི་སྐྱབས་མེད་རེ་མེད་དང་གཉོམ་ཆུང་འཁོས་ཞན་གྱི་བུ་མོ་ཁེར་ཧྲེང་གཉིས་ཀྱི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད་ལ། མི་ཆོས་ཀུན་སྤྱོད་ཀྱི་དོན་སྙིང་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་དོན་སྙིང་གང་གིས་ཀྱང་མཚོན་པ་མ་ཡིན་པར། ཕ་མའི་བྱམས་བརྩེ་མ་ཐོབ་པའི་བུ་མོའི་གཙང་རྐྱང་གི་སེམས་ཁམས་ཤིག་བརྗོད་ཡོད་པས་སྒྲུང་གཏམ་འདི་གཉིས་ཀྱི་མི་སྣའི་སྣང་བརྙན། སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ཧ་ཅང་མཐུན་ནོ། །

ཟུར་ལྟའི་དཔེ་ཆ།

①刘再复;《文学常识二十二讲》【M】.北京.东方出版社.2016.126页

②南帆主编;《文学理论》【M】.北京.北京大学出版社.1990.205页

③刘再复;《性格组合论》【M】.上海.上海文艺出版社.1986.41页

④ལྷག་པ་ཆོས་འཕེལ། བྱམས་པ་ཚུལ་ཁྲིམས་སོགས།《བོད་ཀྱི་དེང་རྩོམ་སྤྱི་བཤད》【M】མི་རིགས་དཔེ་སྐྲུན་ཁང་། 2017 ཤོག་ངོས83

⑤《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ》པོད་གཉིས་པ། བརྩམས་སྒྲུང་ཕྱོགས་བསྒྲིགས།【M】 མི་རིགས་དཔེ་སྐྲུན་ཁང་། 1997 ཤོག་ངོས82

⑥ལྕགས་ཐར་གྱིས་བསྒྲིགས།《བོད་ཀྱི་དེང་རབས་བརྩམས་ཆོས་བདམས་བཀོད》【M】ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།