བོད་སྐད་རྩིས་འཁོར་སྐད་བརྡ་རིག་པའི་ཞིབ་འཇུག་གནས་བབ་སྐོར་གླེང་བ་ཆ་འཕྲིན་དུས་ཀྱི་སྒྲོན་མེ།

[ནང་དོན་གནད་བསྡུས།] དེང་གི་དུས་ནི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཆེས་མགྱོགས་པའི་དུས་རབས་ཤིག་ཡིན་ལ། བོད་སྐད་རྩིས་འཁོར་སྐད་བརྡ་རིག་པ་ནི་གསར་དུ་དར་བའི་རིག་ཚན་ཞིག་ཡིན་ལ། འདིར་རྩིས་འཁོར་སྐད་བརྡ་རིག་པའི་ངོ་བོ་དང་ཁྱད་ཆོས། འཕེལ་རིམ་ལོ་རྒྱུས། ཞིབ་འཇུག་གི་ནང་དོན་གཙོ་བོ། ཞིབ་འཇུག་གནས་བབ་བཅས་ཀྱི་ཐད་ནས་ཞིབ་བརྗོད་རགས་ཙམ་གླེང་ཡོད།

[བརྡ་ཆད་གཙོ་བོ།] རྩིས་འཁོར་སྐད་བརྡ་རིག་པ། ངོ་བོ། ཁྱད་ཆོས། ཞིབ་འཇུག་གནས་བབ།

དེང་གི་དུས་ནི་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་ལ། རྩིས་འཁོར་ནི་ཚན་རིག་པ་དང་ཆེད་ལས་མི་སྣ་དག་གིས་ཚན་རིག་ཞིབ་འཇུག་བྱེད་པའི་ཡོ་བྱད་ཅིག་ནས་དེང་གི་སྤྱི་ཚོགས་ཀྱི་ལས་རིགས་ཁག་སོ་སོ་དང་། ཁྱིམ་ཚང་། མི་སྒེར་ལ་སོགས་པའི་བེད་སྤྱོད་བྱེད་ཐུབ་པའི་ཐུན་མོང་གི་ཡོ་བྱད་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་ཀྱི་ནང་དུ་ཚན་རྩལ་ཤིན་ཏུ་དར་དྲགས་པས་འཕྲུལ་ཆས་ཀྱིས་མིའི་ལག་ཟུང་གི་ཚབ་དང་། རྩིས་འཁོར་གྱིས་མིའི་ཀླད་པའི་ཚབ་བྱེད་ཐུབ་པའི་དུས་རབས་ཤིག་ཏུ་སླེབས་ཡོད། འདིར་ཁོ་བོས་རྩིས་འཁོར་སྐད་བརྡ་རིག་པ་དང་འབྲེལ་ཏེ་བོད་སྐད་རྩིས་འཁོར་སྐད་བརྡ་རིག་པའི་ཞིབ་འཇུག་གནས་བབ་སྐོར་མདོ་ཙམ་གླེང་བར་བྱའོ། །

དང་པོ། རྩིས་འཁོར་སྐད་བརྡ་རིག་པའི་ངོ་བོ་དང་ཁྱད་ཆོས་སྐོར་གླེང་བ།

རྩིས་འཁོར་སྐད་བརྡ་རིག་པ(Computational lingguistics)ཞེས་པ་ནི་རང་བྱུང་སྐད་བརྡ་སྒྲིག་གཅོད་དང་རྩིས་འཁོར་ལ་ཞིབ་འཇུག་བྱེད་པར་བཀོལ་བ་བཅས་མཉམ་གཅིག་ཏུ་བསྲེས་པའི་རིག་ཚན་ཞིག་དང་། དེ་ནི་བཀོལ་སྤྱོད་སྐད་བརྡ་རིག་པའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན། རྩིས་འཁོར་སྐད་བརྡ་རིག་པ་ཞེས་པ་ལ། རང་བྱུང་སྐད་བརྡ་སྒྲིག་གཅོད་དང་རང་བྱུང་སྐད་བརྡ་ཤེས་རྟོགས། སྐད་བརྡའི་ཆ་འཕྲིན་སྒྲིག་གཅོད། མིའི་རིགས་ཀྱི་སྐད་བརྡའི་ལག་རྩལ་ཞེས་མིང་མི་འདྲ་བ་འགའ་རེ་ཡོད་ན་ཡང་། མིང་མི་འདྲ་བ་མ་གཏོགས་ཞིབ་འཇུག་གི་རྣམ་པ་དང་ཞིབ་འཇུག་གི་ཐབས་ལམ་གཅིག་འདྲ་རེད། རྩིས་འཁོར་སྐད་བརྡ་རིག་པ་ཞེས་པ་ལ་སྒྲ་དོགས་འཇུག་དང་སྒྲ་ཡངས་འཇུག་གཉིས་ཀྱི་མཚན་ཉིད་ལྡན་པ་དང་། སྒྲ་དོགས་འཇུག་གི་གོ་བ་ལྟར་བླངས་ན། “རྩིས་འཁོར་སྐད་བརྡ་རིག་པ་ནི་རྣམ་པ་ཅན་གྱི་རྩིས་རྒྱག་བཟོ་དབྱིབས་ཤིག་གསར་སྐྲུན་བྱས་ཏེ། རྩིས་འཁོར་གྱི་སྟེང་ནས་དབྱེ་ཞིབ་དང་སྒྲིག་གཅོད་བཅས་ལས་གྲུབ་པའི་རང་བྱུང་སྐད་བརྡའི་རིག་ཚན་ཞིག་ཡིན”①ལ། དེའི་ལས་འགན་གཙོ་བོ་ནི་མིའི་རིགས་ཀྱིས་བཀོལ་སྤྱོད་བྱེད་པའི་སྐད་ཆ་དེ་ཉིད་རྩིས་འཁོར་སྟེང་བཀོལ་ཏེ་རྩིས་འཁོར་གྱི་སྐད་བརྡའི་ཆོས་ཉིད་རྟོགས་ཐུབ་པ་དང་། སྐད་ཆ་དང་རྩིས་རྒྱག་པ་གཉིས་གཞི་གཅིག་ཏུ་སྦྲེལ་བ་དེའོ། ། སྒྲ་ཡངས་འཇུག་གི་གོ་བ་ལྟར་བླངས་ན། རྩིས་འཁོར་སྐད་བརྡ་རིག་པ་ནི“རྩིས་འཁོར་བཀོལ་སྤྱོད་བྱས་ཏེ་སྐད་ཆ་དང་ཡི་གེ་དེ་ཉིད་གྲངས་ཚད་ཅན་དང་ཞིབ་ཚགས་ཅན་ཏུ་ཞིབ་འཇུག་བྱེད་པ་དེ་ཡིན།”②གང་ལྟར་ཡང་རྩིས་འཁོར་སྐད་བརྡ་རིག་པ་ནི་རྩིས་འཁོར་གྱི་ཚན་རིག་རིག་གནས་དང་སྐད་བརྡ་རིག་པའི་རིག་ཚན་གཉིས་མཉམ་བསྲེས་པ་ཞིག་ཡིན་ལ། རྩིས་འཁོར་སྐད་བརྡ་རིག་པའི་ཞིབ་འཇུག་གི་ཁ་གཏད་ཕྱོགས་ནི་རང་བྱུང་སྐད་བརྡ་ཡིན་པས་སྐད་བརྡ་སྨྲ་བ་རྣམས་ཀྱིས་རྩིས་འཁོར་སྐད་བརྡ་རིག་པ་ནི་སྐད་བརྡ་རིག་པའི་ཁོངས་གཏོགས་ཀྱི་གྲུབ་ཆ་ཞིག་ཡིན་ཞེས་བརྗོད་ཀྱིན་འདུག་པ་དང་། གཞན་ཡང་རྩིས་འཁོར་སྐད་བརྡ་རིག་པ་ནི་སྔོན་ཐོན་ཅན་གྱི་རྩིས་འཁོར་གྱི་ལག་རྩལ་སྟེང་ནས་རང་བྱུང་སྐད་བརྡ་ལ་ཞིབ་འཇུག་དང་སྒྲིག་གཅོད། ལས་སྣོན་བྱེད་པ་ཞིག་ཡིན་པས་རྩིས་འཁོར་སྨྲ་བ་རྣམས་ཀྱིས་རྩིས་འཁོར་སྐད་བརྡ་རིག་པ་ནི་རྩིས་འཁོར་རིག་པའི་ཁོངས་གཏོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞེས་བརྗོད་ཀྱིན་ཡོད་པས། བོད་སྐད་རྩིས་འཁོར་སྐད་བརྡ་རིག་པ་ལ་མཚོན་ནའང་དེ་ལས་ཀྱང་མ་འདས་པ་དང་། རྩིས་འཁོར་རིག་པ་དང་བོད་རིག་པ་གཉིས་མཉམ་བསྲེས་བྱས་པའི་རིག་ཚན་ཡན་གར་བ་ཞིག་ཡིན། རྩིས་འཁོར་སྐད་བརྡ་རིག་པ་ནི་སྣ་གཅིག་ཅན་གྱི་རིག་ཚན་རྐྱང་རྐྱང་ཞིག་མ་ཡིན་པར་རིག་ཚན་དང་རྩིས་ཚན། ཡང་ན་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གཉིས་མཉམ་བསྲེས་བྱས་པའི་རིག་ཚན་གསར་བ་ཞིག་ཡིན་པ་དང་། སྲོལ་རྒྱུན་གྱི་གོ་བ་ལྟར་བླངས་ན། སྐད་བརྡ་རིག་པའི་ཁ་གཏོད་ཡུལ་ནི་མི་ཡིན་ལ། མི་དང་མིའི་བར་གྱི་འབྲེལ་འདྲིས་ཐག་གཅོད་བྱེད་པ་དེ་ཡིན། འདིར་རྩིས་འཁོར་སྐད་བརྡ་རིག་པའི་ཁྱད་ཆོས་ནི་དེ་ལས་ལྡོག་སྟེ། དེ་ནི་འཕྲུལ་ཆས་ལ་ཁ་གཏད་དེ་མི་དང་འཕྲུལ་ཆས་བར་གྱི་འབྲེལ་འདྲིས་ཐག་གཅོད་བྱེད་པ་དང་། རྩིས་འཁོར་སྐད་བརྡ་རིག་པ་ལ་གཞུང་ལུགས་ཀྱི་རྩ་བ་བརྟན་པོ་ཞིག་དང་ཞིབ་འཇུག་བྱེད་ཐབས་རྣམ་པ་གསར་བ་ཞིག་ཡོད་པས་ད་ལྟ་རྩིས་འཁོར་སྐད་བརྡ་རིག་པ་ནི་རང་རྐྱ་འཕེར་བའི་རིག་ཚན་ཞིག་ཏུ་གྲུབ་ཡོད་ལ། དེར་རྩིས་འཁོར་གྱི་རང་བྱུང་སྐད་བརྡའི་ཞིབ་འཇུག་དང་སྒྲིག་གཅོད་ལ་སྤྱིར་བཏང་དུ་ཐབས་ལམ་རྣམ་པ་བཞི་ཡིས་བརྒྱུད་དགོས་པ་ནི་འདི་ལྟ་སྟེ། གཅིག་ནས་སྐད་བརྡ་རིག་པའི་ཐབས་ལམ་བརྒྱུད་ནས་རང་བྱུང་སྐད་བརྡ་སྒྲིག་གཅོད་ཀྱི་གནད་དོན་དང་གཞུང་ལུགས་ལ་དབྱེ་ཞིབ་བྱེད་པ་དང་། གཉིས་ནས་སྐད་བརྡ་རིག་པའི་གནད་དོན་ལ་ཞིབ་འཇུག་བྱ་དགོས་པ་དེ་མདོར་བསྡུས་ཀྱི་སྒོ་ནས་རྣམ་པ་ཅན་དང་། གྲངས་རིག་པའི་ཐབས་ལམ་སྤྱད་དེ་ཞིབ་ཚགས་ཀྱི་སྒོ་ནས་མངོན་མཚོན་བྱ་རྒྱུ། གསུམ་ནས་རྩིས་རྒྱག་བྱས་པ་དེ་རྩིས་འཁོར་གྱི་སྟེང་ནས་རྣམ་པ་ཅན་དང་། ཡང་ན་མངོན་སུམ་ཅན་ཏུ་གཏོང་རྒྱུ། བཞི་ནས་རྩིས་འཁོར་གྱི་བྱ་རིམ་བསྒྲིག་སྟེ་རྩིས་འཁོར་གྱི་སྟེང་དུ་མངོན་འགྱུར་བྱ་རྒྱུ། རྣམ་པ་འདི་དག་གིས་སྲོལ་རྒྱུན་གྱི་སྐད་བརྡ་རིག་པ་དང་མི་འདྲ་བའི་ཞིབ་འཇུག་གི་འབྲས་བུ་མཚོན་པ་ནི་རྩིས་འཁོར་སྐད་བརྡ་རིག་པའི་ཁྱད་ཆོས་གཙོ་བོ་ཞིག་ཏུ་མངོན།

གཉིས་པ། རྩིས་འཁོར་སྐད་བརྡ་རིག་པའི་འཕེལ་རིམ་ལོ་རྒྱུས་མདོར་བསྟན་པ།

འགྲོ་བ་མིའི་རིགས་འདི་ལ་འཕེལ་རྒྱས་ཀྱི་དུས་རིམ་མམ་སྤྱི་ཚོགས་ཀྱི་གོ་རིམ་ཆེན་པོ་ཐེངས་གསུམ་བརྒལ་ཡོད་དེ། དེ་ནི་ཞིང་ལས་ཅན་གྱི་སྤྱི་ཚོགས་དང་། བཟོ་ལས་ཅན་གྱི་སྤྱི་ཚོགས། ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བཅས་ཡིན་ལ། ཆ་འཕྲིན་ཅན་གྱི་སྤྱི་ཚོགས་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་ཚན་རྩལ་གསར་བ་དར་ནས་རྡུལ་ཕྲན་ནུས་པ་བེད་སྤྱོད་བྱས་པའི་དུས་ནས་མགོ་ཚུགས་པ་ཡིན་ལ། དེ་ནས་བཟུང་ཚན་རྩལ་གསར་བ་དང་འཕྲུལ་ཆས་ཅན་གྱི་ཕྱོགས་སུ་བསྐྱོད་འགོ་ཚུགས་ཏེ་འཕེལ་རྒྱས་ཆེས་ཆེར་འགྲོ་བཞིན་ཡོད་པ་དང་། རྩིས་འཁོར་སྐད་བརྡ་རིག་པའི་ཐོག་མའི་ཞིབ་འཇུག་བྱ་ཡུལ་ནི་འཕྲུལ་ཆས་ཡིག་སྒྱུར་ཡིན་ལ། དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུའི་ནང་སྟེ་སྤྱི་ལོ1946ལོའི་ཟླ་གཉིས་པར་ཨ་མེ་རི་ཁའི་པེན་ཞེ་ཧྥ་ནེ་ཡ་སློབ་གྲྭ་ཆེན་མོའི་བན་ནོ་ཡེ་མན་གྱིས(美国宾夕法尼亚大学,冯·诺曼(ENIAC)ཨའེ་ཉི་ཨ་ཁོ་ཞེས་པའི་རྩིས་འཁོར་ཐོག་མ་དེ་བཟོས་པའི་སྐབས་ནས་བཟུང་། “དབྱིན་གོའི་པོ་སུ(A· D· Booth)དང་ཨ་མེ་རི་ཁའི་བེ་ཧྥོ(W· Weaver)གཉིས་ནས་འཕྲུལ་ཆས་ཡིག་སྒྱུར་གྱི་ཞིབ་འཇུག་ལས་གཞིར་འཇུག་བཞིན་ཡོད་པ་དང་། སྤྱི་ལོ1954ལོར་ཨ་མེ་རི་ཁའི་ཆོ་ཀྲི་ཏོན་སློབ་ཆེན་ནས་འཛམ་གླིང་དུ་ཐོག་དང་པོར་འཕྲུལ་ཆས་ཡིག་སྒྱུར་གྱི་ཚོད་ལྟ་ཁང་བཙུགས་ཏེ་ཨུ་རུ་སུའི་སྐད་ཐོག་མར་དབྱིན་སྐད་དུ་སྒྱུར་བ་ལེགས་གྲུབ་བྱུང”③པ་ནི་འཕྲུལ་ཆས་ཡིག་སྒྱུར་གྱི་ཐོག་མའི་དབུ་འཁྱུད་ཙམ་རེད། དེ་དང་བསྟུན་ནས་སྟོབས་ལྡན་རྒྱལ་ཁབ་གང་མང་ཞིག་གིས་འཕྲུལ་ཆས་ཡིག་སྒྱུར་གྱི་ཞིབ་འཇུག་ཚོད་ལྟ་ཁང་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བཙུགས་པ་རེད། འོ་ན་རྩིས་འཁོར་སྐད་བརྡ་རིག་པ་ནི་ནམ་ཞིག་ལ་དབུ་བརྙེས་པ་རེད་ཅེས་གླེང་ན། “སྤྱི་ལོ1966ལོའི་ཟླ11པར《སྐད་ཆ་དང་འཕྲུལ་ཆས》ཞེས་པའི་སྙན་ཞུའི་ནང་ཨ་མེ་རི་ཁའི་སྐད་བརྡ་སྨྲ་བ་ཧེར་སི(D· G· Hays)ཞེས་པ་ནས་ཐོག་མར་རྩིས་འཁོར་སྐད་བརྡ་རིག་པ(Computational linguistics)ཞེས་པའི་བརྡ་ཆད་བཏོན”④ པ་ནས་བཟུང་རྩིས་འཁོར་སྐད་བརྡ་རིག་པའི་དབུ་བརྙེས་པ་རེད། ལྷག་པར་དུ་སྤྱི་ལོ1970ལོ་ནས་བཟུང་རང་བྱུང་སྐད་བརྡ་སྒྲིག་གཅོད་ཕྱོགས་ཀྱི་རྒྱུད་ཁོངས་མང་པོ་ཞིག་ཨ་མེ་རི་ཁ་ནས་གསར་འདོན་བྱས་པ་དང་། དེ་ལས་གྲགས་ཆེ་པ་ནིLUNARརྒྱུད་ཁོངས། MARGIEརྒྱུད་ཁོངས།  SAM PAMརྒྱུད་ཁོངས་བཅས་ཡིན་པ་དང་། སྤྱི་ལོ1986ལོར་ཉི་ཧོང་རྒྱལ་ཁབ་ནས་རྒྱལ་ཁབ་ལྔ་ལྷག་གི་སྐད་ཆ་ཡིག་སྒྱུར་བྱེད་ཐུབ་པའི་འཕྲུལ་ཆས་ཡིག་སྒྱུར་གྱི་རྒྱུད་ཁོངས་གསར་འདོན་བྱས་ཏེ་སྤྱི་ལོ1995ལོར་ལེགས་གྲུབ་བྱུང་བ་ནི་གྲགས་ཆེ་བའི་འཕྲུལ་ཆས་ཡིག་སྒྱུར་གྱི་རྒྱུད་ཁོངས་ཡིན་པ་དང་། སྐབས་དེ་དང་བསྟུན་ནས་རྩིས་འཁོར་སྐད་བརྡ་རིག་པའི་གཞུང་ལུགས་ཀྱང་གྲགས་ཆེ་བ་འགའ་ཐོན་པ་ནི་ཨ་མེ་རི་ཁའི་སྐད་བརྡ་སྨྲ་བ་ཁྲོ་མོ་སི་ཅིའི(N· Chomsky)  《རང་བྱུང་སྐད་བརྡའི་རྣམ་པའི་དབྱེ་ཞིབ》  《བརྡ་སྤྲོད་ཀྱི་རྣམ་པའི་ཁྱད་ཆོས》དང་། སྐད་བརྡ་སྨྲ་བ་ཧྥེ་ཨར་མོའི(C.J.Fillmore)   《རྣམ་དབྱེའི་བརྡ་སྤྲོད》 བཅས་ནི་རྩིས་འཁོར་སྐད་བརྡ་རིག་པ་འཕེལ་རྒྱས་སུ་གཏོང་བའི་རྨང་གཞིའི་གཞུང་ལུགས་གལ་ཆེན་དག་རེད། གོང་གསལ་གྱི་འདི་དག་ཕྱི་གླིང་ནས་དར་བའི་རྩིས་འཁོར་སྐད་བརྡ་རིག་པའི་ཕྱོགས་ཡིན་ལ། དེ་བཞིན་དུ་རྒྱལ་ནང་ལ་མཚོན་ནའང་པེ་ཅིང་སློབ་ཆེན་སོགས་ནས་རྩིས་འཁོར་སྐད་བརྡ་རིག་པའི་ཕྱོགས་སུ་གཙིགས་ཆེན་གནང་སྟེ་སྔ་རྗེས་སུ་ཡིག་མཛོད་སོགས་གློག་རྡུལ་དངོས་པོ་མང་པོ་ཞིག་གསར་འདོན་བྱུང་བ་དང་།  སྤྱི་ལོ1987ལོའི་ཟླ6པར་ཀྲུང་གོའི་རྒྱ་ཡིག་ཆ་འཕྲིན་མཐུན་ཚོགས་ནས་རྩིས་འཁོར་སྐད་བརྡ་རིག་པའི་ཆེད་ལས་ཨུ་ཡོན་ཚོགས་པ་བཙུགས་པ་དང་། དེ་དང་བསྟུན་ཏེ་སྤྱི་ལོ1988ལོའི་ཟླ6པར་ཐོག་དང་པོར་རྩིས་འཁོར་སྐད་བརྡ་རིག་པའི་རིག་གཞུང་བགྲོ་གླེང་འཚོགས་པ་རེད། དེ་ནི་རྩིས་འཁོར་སྐད་བརྡ་རིག་པ་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་། དེ་མིན་སྤྱི་ལོ1990ལོ་ནས་བཟུང་རྩིས་འཁོར་སྐད་བརྡ་རིག་པ་འཕེལ་རྒྱས་ཆེས་ཆེར་འགྲོ་བཞིན་ཡོད་པ་མ་ཟད། རྒྱལ་ནང་ལ་མཚོན་ན་རྩིས་འཁོར་སྐད་བརྡ་རིག་པའི་ཕྱོགས་ཀྱི་ཞིབ་འཇུག་ལྟེ་གནས་མང་པོ་དང་། པེ་ཅིང་སློབ་གྲྭ་ཆེན་མོ། ཀྲུང་གོའི་ཚན་རིག་གླིང་སོགས་འགའ་ན་ཞིབ་འཇུག་ལྟེ་གནས་ཀྱང་མང་པོ་བཙུགས་ཡོད་པ་དང་། དེ་མིན་རིག་གཞུང་བགྲོ་གླེང་དང་། ཆེད་གཉེར་རིག་གཞུང་དུས་དེབ། རིག་གཞུང་དཔེ་དེབ་མང་པོ་ཞིག་ཡོད་པ་ནི་སྨོས་མ་དགོས་སོ། །

བོད་སྐད་རྩིས་འཁོར་སྐད་བརྡ་རིག་པ་ལ་མཚོན་ན། འཕེལ་རིམ་གྱི་ལོ་རྒྱུས་ཅུང་འཕྱི་ལ་དུས་རབས་ཉེར་གཅིག་གི་འགོ་ཚུགས་པ་ནས་བཟུང་འཕེལ་རྒྱས་བྱུང་ལ། སྤྱི་ལོ2001ལོའི《བོད་ལྗོངས་སློབ་གསོ》དེབ་གསུམ་པར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒན་ཀུན་བཟང་ནས《རྩིས་འཁོར་རིག་གནས་ཞེས་པའི་གོ་དོན་བརྗོད་པ》⑤སྤེལ་བ་ནས་བཟུང་བོད་ཡིག་གི་ལམ་དུ་རྩིས་འཁོར་རིག་པའི་ཕྱོགས་ཀྱི་དཔྱད་རྩོམ་སྐོར་ཞིག་སྤེལ་བ་དང་། དེ་དག་ལས་ཤ་བོ་ཀླུ་བྱམས་ཀྱི《བརྡ་འཕྲིན་རིག་པ་དང་འབྲེལ་ནས་མིང་གི་དབྱེ་བའི་སྐོར་གྱི་བསམ་གཞིག》⑥དང་། བྱ་མདོ་རྡོ་ལྷའི《གློག་རྡུལ་ཡིག་མཛོད་ལས་འཕྲོས་ཏེ་བོད་སྐད་ཡིག་གི་ཞིབ་འཇུག་གླེང་བ》⑦དང་། བསོད་ནམས་ལྷུན་གྲུབ་ཀྱི 《ཚོད་ལྟ་སྐད་གདངས་རིག་པ་དང་སྲོལ་རྒྱུན་སྐད་གདངས་རིག་པའི་སྐོར་གླེང་བ》⑧དང་། ཟླ་བ་ཕུན་ཚོགས་ཀྱི《དེང་གི་སྒྲ་བརྟག་མཉེན་ཆས་བཀོལ་ནས་ཡུལ་ཤུལ་སྐད་ལ་ཐོག་མར་དཔྱད་པ》⑨དང་། དབྱངས་འབུམ་ཚེ་རིང་གི《བོད་ཡིག་བྱ་ཚིག་གི་རིག་མཛོད་ལས་སྒྲུབ་སྐོར་གྱི་ཞིབ་འཇུག》⑩དང་། བཀྲ་ཤིས་རྒྱལ་གྱི《བོད་སྐད་ཀྱི་ཚིག་གི་གྲུབ་ཚུལ་ལ་བརྟག་པའི་ཐབས་ཤིག》⑪བཅས་ནི་ཚབ་མཚོན་རང་བཞིན་ལྡན་པའི་དཔྱད་རྩོམ་དུ་བགྲང་ཆོག དེ་མིན་སྤྱི་ལོ2014ལོར་མཚོ་སྔོན་དགེ་འོས་སློབ་ཆེན་དུ་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བསྡུས་པ་དང་། སྤྱི་ལོ2015ལོར་བོད་ལྗོངས་སློབ་ཆེན་ནས《བོད་སྐད་སྐད་རྩིས་རིག་པ》ཞེས་པ་པར་སྐྲུན་བྱས་པ་དང་། ལོ་དེར་མཚོ་སྔོན་དགེ་འོས་སློབ་ཆེན་ནས 《བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གནས་བབ》ཞེས་པ་པར་སྐྲུན་བྱས། ད་ལྟ་བོད་ལྗོངས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་བཅས་སུ་བོད་སྐད་རྩིས་འཁོར་སྐད་བརྡ་རིག་པའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་བསྡུ་བཞིན་ཡོད་པ་བཅས་ནི་བོད་སྐད་རྩིས་འཁོར་སྐད་བརྡ་རིག་པ་འཕེལ་རྒྱས་སུ་འགྲོ་བའི་རྨང་རྡོ་རུ་འགྱུར་བཞིན་ཡོད།

གསུམ་པ།  རྩིས་འཁོར་སྐད་བརྡ་རིག་པའི་ཞིབ་འཇུག་གི་ནང་དོན་གཙོ་བོ།

རྒྱལ་ནང་ལ་མཚོན་ན། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པ་དང་། ལོ་རབས་དྲུག་ཅུ་པའི་སྐབས་ནི་རྩིས་འཁོར་སྐད་བརྡ་རིག་པའི་འཕེལ་རིམ་གཙོ་བོའི་ལོ་ཞིག་ཡིན་ལ། རང་བྱུང་སྐད་བརྡའི་བརྡ་སྤྲོད་དང་བརྗོད་དོན། ཚིག་གི་བཀོལ་སྤྱོད་བཅས་ཀྱི་གཞི་རྩའི་གནད་དོན་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། རྩིས་འཁོར་གྱི་སྟེང་ནས་ཉན་ཀློག་འབྲི་བཤད་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡང་ཡོད། དེ་མིན་ད་ལྟའི་དུས་འདིར་རྩིས་འཁོར་གྱི་སྟེང་ནས་ཡི་གེ མིང་། ཚིག  བརྗོད་པ་བཅས་དབྱེ་ཞིབ་དང་བཀོལ་སྤྱོད་ལས་སྣོན་བྱེད་བཞིན་ཡོད། འདིར་རིག་གཞུང་ཞིབ་འཇུག་གི་རྣམ་པའི་སྟེང་ནས་རྩིས་འཁོར་སྐད་བརྡ་རིག་པ་ལ་རྩིས་འཁོར་སྐད་གདངས་རིག་པ་དང་། རྩིས་འཁོར་མིང་བརྡ་རིག་པ། རྩིས་འཁོར་བརྡ་སྤྲོད་རིག་པ། རྩིས་འཁོར་ཚིག་དོན་རིག་པ། ཡིག་མཛོད་སྐད་བརྡ་རིག་པ་བཅས་རིགས་མི་འདྲ་བའི་རིག་ཚན་གྱི་དབྱེ་བ་འདི་དག་མངོན་པ་དང་། འདི་དག་ནི་རྩིས་འཁོར་སྐད་བརྡ་རིག་པའི་ཞིབ་འཇུག་གི་ནང་དོན་གཙོ་བོ་ཞིག་ཀྱང་རེད། དེ་ཡང་འདིར་རིག་ཚན་ཡན་གར་བ་དེ་དག་གནད་བསྡུས་ཀྱིས་མཚམས་སྦྱོར་རེ་བྱས་ན་འདི་ལྟ་སྟེ།

༡ རྩིས་འཁོར་སྐད་གདངས་རིག་པ།

རྩིས་འཁོར་སྐད་གདངས་རིག་པ(Computational Phonetics)ཞེས་པ་ནི་རྩིས་འཁོར་བཀོལ་ཏེ་སྐད་གདངས་ཆ་འཕྲིན་སྒྲིག་གཅོད་དང་། སྐད་གདངས་ཤན་འབྱེད་དང་སྐད་གདངས་འདྲེས་གྲུབ་བཅས་མངོན་མཚོན་དང་དབྱེ་ཞིབ་བྱེད་པ་དེ་ཡིན། སྐད་གདངས་ཤན་འབྱེད(speech recognition)ནི་རྩིས་འཁོར་ལ་སྐད་ཆ་འཁྲིད་དེ་རྩིས་འཁོར་གྱིས་སྐད་ཆ་ཉན་ཤེས་པར་བྱེད་རྒྱུ་དེ་ཡིན་ལ། སྐད་གདངས་འདྲེས་གྲུབ(speech synthesis)ནི་རྩིས་འཁོར་ལ་སྐད་ཆ་འཁྲིད་དེ་རྩིས་འཁོར་གྱིས་སྐད་ཆ་བཤད་དུ་འཇུག་པར་བྱེད་རྒྱུ་དེ་ཡིན། སྐད་གདངས་ཤན་འབྱེད་དང་སྐད་གདངས་འདྲེས་གྲུབ་གཉིས་ཀྱི་ལག་རྩལ་གཞི་གཅིག་ཏུ་སྦྲེལ་ན། མི་དང་འཕྲུལ་ཆས་གཉིས་ཀྱིས་ཁ་བརྡའི་འཕྲིན་གཏོང་བྱ་བ་མངོན་འགྱུར་བྱེད་ཐུབ་པས། མཐེབ་གཞོང་བཀོལ་ཏེ་རྩིས་འཁོར་ངོས་སུ་ཡིག་གཏག་བྱ་མི་དགོས་པར་སྐད་ཆའི་སྒྲ་གདངས་དེ་ཉིད་རྩིས་འཁོར་གྱིས་ངོས་འཛིན་བྱས་ཏེ་མི་དང་འཕྲུལ་ཆས་བར་ཆ་འཕྲིན་བརྗེ་རེས་བྱེད་པ་ནི་རྩིས་འཁོར་སྐད་གདངས་རིག་པའི་ཞིབ་འཇུག་གི་རྣམ་པ་ཐུན་མོང་མ་ཡིན་པ་ཞིག་རེད། འདིར་རྩིས་འཁོར་སྐད་གདངས་རིག་པའི་མཉེན་ཆས་གཙོ་བོ་རེ་མཚམས་སྦྱོར་བྱས་ན་འདི་ལྟ་སྟེ། རྒྱུན་དུ་བཀོལ་སྤྱོད་བྱེད་པའི་སྒྲ་ལེན་མཉེས་ཆས་ནིCooledit,praatསོགས་ཡོད་ལ། སྐད་གདངས་ལ་ཞིབ་འཇུག་བྱེད་མཁན་གྱི་ཆེད་ལས་མི་སྣ་རྣམས་ཀྱིསCooleditམཉེན་ཆས་ལ་བརྟེན་ནས་སྒྲ་ལེན་བྱེད་པ་ཤིན་ཏུ་མང་པ་དང་། དེ་མིན་རྒྱུན་དུ་བཀོལ་སྤྱོད་བྱེད་པའི་སྐད་གདངས་དབྱེ་ཞིབ་བྱེད་པའི་མཉེན་ཆས་ནིpraatདང་། ཨ་མེ་རི་ཁའིKAYཀུང་སིས་གསར་བཟོ་བྱས་པའིMulti-speech3700མཉེན་ཆས་སོགས་ཡིན། འདི་གཉིས་ལས་བཀོལ་སྤྱོད་བྱེད་ཡུལ་ཆེས་མང་པ་ནི praat མཉེན་ཆས་ཡིན། གོང་གསལ་གྱི་མཉེན་ཆས་འདི་དག་གི་སྟེང་ནས་སྐད་གདངས་ཀྱི་མཐོ་དམན་དང་། སྒྲ་གདངས་ཀྱི་ལྕི་ཡང་། སྒྲའི་སྐྱེ་གནས། སྒྲའི་རྩ་བའི་ལྡང་སྒྲ། སྒྲའི་ང་རོའི་ཁྱད་པར། ཡུལ་སྐད་འདྲ་མིན་གྱི་སྒྲ་གདངས་དང་ཁྱད་པར་བཅས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཐུབ་པ་ཡིན་པས། འདི་དང་འདི་ལྟ་བུའི་ཐབས་ལམ་གསར་བ་དང་རིག་ཚན་གསར་བ་ནང་འདྲེན་བྱས་ཏེ་རང་གི་སྐད་ཡིག་རིག་གནས་ལ་ཞིབ་འཇུག་དང་བརྩོན་ལེན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྙམ།

1.png

སྒྲ་རིས། དཔེ་རིས་དང་པོ།

༢ རྩིས་འཁོར་མིང་བརྡ་རིག་པ།

རྩིས་འཁོར་མིང་བརྡ་རིག་པ(Computational Phonetics)ཞེས་པ་ནི་རྩིས་འཁོར་བཀོལ་ནས་རང་བྱུང་སྐད་བརྡའི་མིང་བརྡ་ལ་ཞིབ་འཇུག་བྱེད་པ་དང་། སྐད་བརྡའི་མིང་བརྡ་མཛོད་འཛུགས་སྐྲུན་བྱེད་པ། བརྡ་ཆད་གཞི་གྲངས་མཛོད་བཅས་གསར་སྐྲུན་བྱས་ཏེ་འཕྲུལ་ཆས་ཀྱི་སྟེང་དུ་ཚིག་མཛོད་བསྒྲིགས་པ་ཞིག་ཡིན། སྤྱི་ལོ1966ལོ་དང་སྤྱི་ལོ1968ལོར་ཨ་མེ་རི་ཁ་ནས་དབྱིན་ཡིག་གི་འཕྲུལ་ཆས་སྟེང་ནས་ལྟ་ཀློག་བྱེད་ཐུབ་པའི་ཚིག་མཛོད་བསྒྲིགས་པ་ནས་བཟུང་། འཛམ་གླིང་གི་རྒྱལ་ཁབ་གང་མང་ཞིག་གིས་རྩིས་འཁོར་གྱི་འཕྲུལ་ཆས་སྟེང་ནས་ལྟ་ཀློག་བྱེད་ཐུབ་པའི་གློག་རྡུལ་ཚིག་མཛོད་བསྒྲིགས་པའི་ཚ་རླབས་འཕྱུར་བ་རེད། འདིར་རྩིས་འཁོར་མིང་བརྡ་རིག་པའི་ཕྱོགས་ཀྱི་མཉེན་ཆས་གཙོ་བོ་མཚམས་སྦྱོར་བྱས་ན་འདི་ལྟ་སྟེ། རྒྱུན་དུ་བཀོལ་སྤྱོད་བྱེད་པའི་མིང་བརྡ་བསྡོམས་རྩིས་ཀྱི་མཉེས་ཆས་ནིMicrosoft Accessསོགས་ཡོད། དེ་མིན་རྒྱུན་དུ་བཀོལ་སྤྱོད་བྱེད་པའི་མཉེན་ཆས་ནིMicrosoft  Excelདང་། གཞི་གྲངས་མཛོད་དོ་དམ་གྱི་སྐད་བརྡStructured Query Languageནི་གཞི་ཁྱོན་ཤིན་ཏུ་ཆེ་བའི་གཞི་གྲངས་མཛོད་དོ་དམ་བྱེད་པའི་མཉེན་ཆས་ལེགས་པོ་ཞིག་ཡིན། མཉེན་ཆས་འདི་དག་གི་སྟེང་ནས་མིང་བརྡའི་རིམ་པ་ལྟར་སྒྲིག་པ་དང་། སྒྲའི་རིམ་པ་ལྟར་སྒྲིག་པ། གཟུགས་ཀྱི་རིམ་པ་ལྟར་སྒྲིག་པ། དོན་གྱི་རིམ་པ་ལྟར་སྒྲིག་པ། ཆེད་ཚན་མིང་བརྡ། བརྡ་ཆད་མིང་བརྡ། ཆེད་མིང་མིང་བརྡ་སོགས་བསྒྲིག་པར་ཕན་པའི་ཞིབ་འཇུག་བྱེད་ཐབས་གསར་བ་ཞིག་ཡིན་པ་རེད།

༣ རྩིས་འཁོར་བརྡ་སྤྲོད་རིག་པ།

རྩིས་འཁོར་བརྡ་སྤྲོད་རིག་པ(Computational grammar)ཞེས་པའི་ཞིབ་འཇུག་བྱེད་ཐབས་གཙོ་བོ་ནི་རང་བྱུང་སྐད་བརྡའི་བརྡ་སྤྲོད་ལ་རྩིས་འཁོར་གྱི་སྟེང་ནས་དབྱེ་ཞིབ་དང་སྒྲིག་གཅོད་བྱེད་པ་དེ་ཡིན། ཞིབ་འཇུག་བྱེད་ཐབས་དེ་ལ་རྩིས་འཁོར་སྐད་བརྡ་རིག་པའི་ཁྲོད་དུ་རང་འགུལ་གྱི་བརྡ་སྤྲོད་དབྱེ་ཞིབ་ཟེར་བ་དང་། ཡི་གེ་དང་མིང་། ཚིག  བརྗོད་པ་བཅས་ནི་བརྡ་སྤྲོད་རིག་པའི་ཞིབ་འཇུག་བྱེད་ཡུལ་གཙོ་བོ་ཞིག་ཡིན་པ་དེ་ནི་སྲོལ་རྒྱུན་གྱི་བརྡ་སྤྲོད་དབྱེ་ཞིབ་དང་མི་མཐུན་པ་ནི་གཙོ་བོ་སྔོན་ལ་རྩིས་འཁོར་གྱི་སྟེང་ནས་མིང་ཚིག་ཡི་གེ་བཅས་ལ་དབྱེ་ཞིབ་བྱེད་པ་དང་། རྗེས་སུ་བསམ་གཞིག་བྱེད་པ་རེད། སྲོལ་རྒྱུན་གྱི་བརྡ་སྤྲོད་རིག་པར་ཞིབ་འཇུག་བྱེད་ཕྱོགས་དེ་ལས་ལྡོག་སྟེ་སྔོན་ལ་བསམ་གཞིག་དང་རྗེས་སུ་དབྱེ་ཞིབ་བྱེད་པའོ། ། རྩིས་འཁོར་བརྡ་སྤྲོད་རིག་པའི་ཞིབ་འཇུག་བྱེད་ཐབས་ནི་བརྗོད་དོན་གྱི་ཚིག་ཡོངས་ལ་ཚབ་རྟགས་བཀོལ་ཏེ་ཞིབ་འཇུག་བྱེད་པ་ཡིན། རྒྱུ་མཚན་ནི་མི་དང་མིའི་བར་ལ་བརྡ་སྤྲོད་འཁྲིད་པ་ལྟར་མ་ཡིན་པར་མི་དང་འཕྲུལ་ཆས་བར་ལ་བརྡ་སྤྲོད་འཁྲིད་དགོས་པས་འཕྲུལ་ཆས་ཀྱི་ཚབ་རྟགས་མ་གཏོགས་ཡི་གེ་ངོས་འཛིན་བྱེད་མི་ཐུབ་པ་རེད། འདིར་དཔེ་མཚོན་ཙམ་དྲངས་ན་འདི་ལྟ་སྟེ། དཔེར་ན།

ས་གནས+ལ་དོན+བྱེད་འབྲེལ་ལས་ཚིག(S+LS+V)

དཔེར་ན། པེ་ཅིང་དུ་བསྐྱོད།  སློབ་ཁང་དུ་སོང་། རྒྱ་གར་དུ་ཕྱིན།

གནས་སྟོན་པའི་མིང+ལ་དོན+བྱེད་མེད་ལས་ཚིག(F+LS+V)

དཔེར་ན། ཤར་ཕྱོགས་སུ་འགྲོ། གཡས་སུ་འཁོར། རྒྱབ་ཏུ་འཁུར།

དངོས་པོའི་མིང+ལ་དོན+བྱེད་འབྲེལ་ལས་ཚིག(N+LS+V)

དཔེར་ན། གོས་སུ་འཐག ས་བོན་དུ་ཉོས། མཚོན་དུ་བརྡུང་།  ལྟ་བུའོ། །

༤ རྩིས་འཁོར་ཚིག་དོན་རིག་པ།

རྩིས་འཁོར་ཚིག་དོན་རིག་པ(Computational Semantics)ཞེས་པའི་ཞིབ་འཇུག་བྱེད་ཐབས་གཙོ་བོ་ནི་རྩིས་འཁོར་བཀོལ་ཏེ་རང་བྱུང་སྐད་བརྡའི་ཚིག་དོན་ལ་དབྱེ་ཞིབ་བྱེད་པ་ཡིན་པ་དང་། གཙོ་ཆེར་མིང་། ཚིག ཡི་གེ  བརྗོད་པ་བཅས་ཀྱི་རིགས་མི་འདྲ་བའི་སྐད་ཆའི་སྡེ་ཚན་བཅས་ལ་བརྡ་རྟགས་ཀྱི་སྒོ་ནས་འགྲེལ་བཤད་ཀྱིས་མཚོན་པར་བྱེད་པ་ཞིག་ཡིན།

༥ ཡིག་མཛོད་སྐད་བརྡ་རིག་པ།

ཡིག་མཛོད་སྐད་བརྡ་རིག་པ(corpus linguistics)ཞེས་པ་ནི་རྩིས་འཁོར་གྱི་ནང་དུ་སྐད་ཆའི་དཔྱད་གཞི་རྣམས་གློག་རྡུལ་ཡི་གེའི་ཚུལ་གྱིས་ཕྱོགས་གཅིག་ཏུ་ཉར་ཚགས་བྱས་ཤིང་། དེ་ལ་ཚབ་རྟགས་འགོད་པ་གང་རུང་གིས་སྐད་ཡིག་ལ་དབྱེ་ཞིབ་བྱེད་པ་ཞིག་ཡིན་ཞིང་དེས་སྐད་ཡིག་ཞིབ་འཇུག་དང་སློབ་གསོའི་ཁྲོད་ནུས་པ་མི་དམན་པ་ཞིག་ཐོན་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་ནས་བཟུང་ཡིག་མཛོད་སྐད་བརྡ་རིག་པ་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་། དེའི་ནང་དུ་ཨ་མེ་རི་ཁའིBrownགློག་རྡུལ་ཡིག་མཛོད་དང་། དབྱིན་ཇིའི་རྒྱལ་ཁབ་ཀྱིLOBགློག་རྡུལ་ཡིག་མཛོད་དང་། དབྱིན་ཇིའི་ལོན་ཏོནLLCགློག་རྡུལ་ཡིག་མཛོད། དབྱིན་ཇི་རྒྱལ་ཁབ་ཀྱིBNCགློག་རྡུལ་ཡིག་མཛོད་སོགས་ནི་འཛམ་གླིང་དུ་མིང་གྲགས་ཆེ་བའི་གློག་རྡུལ་ཡིག་མཛོད་ཅིག་ཡིན། ཡིག་མཛོད་སྐད་བརྡ་རིག་པ་ནས་ཐ་སྙད་ལ་རྩིས་གྲངས་ལེན་པ་དང་། ཐ་སྙད་ཀྱི་རྒྱུགས་ཚད་གཏན་ལ་འབེབས་པ། སྐད་ཡིག་སློབ་གསོ་ལ་རམ་འདེགས་ཐུབ་པ། མིང་མཛོད་དང་ཚིག་མཛོད་བསྒྲིགས་པར་རམ་འདེགས་ཐུབ་པ་དང་། དེ་མིན་འཕྲུལ་ཆས་ཡིག་སྒྱུར་གྱི་རྨང་གཞིའང་སྐད་རིགས་ཉིས་གཤིབ་ཅན་ནམ་དུ་མ་ཅན་བཅས་ནི་གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་གྲུབ་པ་ཡིན་པས་ཡིག་མཛོད་སྐད་བརྡ་རིག་པའི་རིག་ཚན་འདི་དག་རང་རིགས་ལ་མཚོན་ན་མཁོ་གལ་ཆེ་བའི་རིག་ཚན་ལེགས་པོ་ཞིག་རེད་སྙམ།

བཞི་པ།  བོད་སྐད་རྩིས་འཁོར་སྐད་བརྡ་རིག་པའི་ཞིབ་འཇུག་གནས་བབ་སྐོར།

བོད་སྐད་རྩིས་འཁོར་སྐད་བརྡ་རིག་པ་འཕེལ་རྒྱས་ཀྱི་དུས་རིམ་མང་པོ་ཞིག་འགོར་མེད་ནའང་། དེའི་རྨང་གཞིར་གྱུར་བའི་བོད་ཀྱི་བརྡ་སྤྲོད་རིག་པས་བོད་སྐད་རྩིས་འཁོར་སྐད་བརྡ་རིག་པ་ལ་ཚེ་སྲོག་གསར་བ་ཞིག་བསྩལ་ཡོད་པ་དང་། ཆ་འཕྲིན་ལག་རྩལ་གྱི་འཕེལ་ཁ་ཇི་ལྟར་མགྱོགས་ནའང་། སྤུན་ཟླ་མི་རིགས་ཁག་ཏུའང་ངོ་གནོང་མི་དགོས་པ་ཞིག་ཏུ་གྱུར་ཡོད་པ་ནི་བོད་རང་ལ་བརྡ་སྤྲོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དུས་ཀྱི་འཕེལ་འགྱུར་ག་འདྲ་ཞིག་འགོར་ནའང་བརྡ་སྤྲོད་པ་གཏན་ཆགས་སུ་གནས་ཐུབ་པ་བཅས་ཡིན་ལ། འདི་ཙམ་གྱིས་དུས་རབས་འདིའི་བོད་ཁུལ་གྱི་སྤྱི་ཚོགས་དང་། རིག་གནས། དཔལ་འབྱོར་སོགས་ཀྱི་དགོས་མཁོ་ཡོངས་སུ་སྐོང་མི་ཐུབ་པས། ང་ཚོས་མུ་མཐུད་དུ་སྤུན་ཟླ་མི་རིགས་དང་སྤུན་ཟླ་རྒྱལ་ཁབ་ཀྱི་ལེགས་པའི་ཆ་ཚུར་ལེན་བྱ་དགོས་པ་དང་། འདིར་བོད་སྐད་རྩིས་འཁོར་སྐད་བརྡ་རིག་པའི་ཞིབ་འཇུག་ལས་མིག་སྔར་གྱི་ཞིབ་འཇུག་གནས་བབ་སྐོར་གླེང་ན་འདི་ལྟ་སྟེ།

༡ བོད་ཡིག་ཨང་སྒྲིག(unicode)གི་སྐོར།  

སྤྱི་ལོ1993ལོ་ནས་བཟུང་བོད་ཡིག་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞི(ISO 10646)དང(unicode)གྲོས་གཞི་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་ཨང་སྒྲིག་གི་གྲོས་གཞི་ཡོངས་འགྲུབ་བྱས་མཐར། བོད་ཡིག་གི་ཡིག་རྟགས་ཚོགས192ཉིད་སྤྱི་ལོ1997ལོར་བོད་ཡིག་འདི་ཉིད་རྒྱལ་ནང་གི་ཆེས་ཐོག་མའི་རྒྱལ་སྤྱིའི་ཚད་ལྡན་གྱི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ཨང་སྒྲིག་ཏུ་གྱུར་བ་དང་། སྤྱི་ལོ2007ལོ་ནས་བཟུང་། ཧི་མ་ལ་ཡ་ཡིག་གཟུགས་བྱུང་སྟེ་དངོས་སུ་མངོན་འགྱུར་བྱུང་བ་ནི་དངོས་ནས་དགའ་འོས་པའི་དོན་ཞིག་ཡིན་མོད། ད་ལྟ་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་དང་ཁ་པར་ལས་གཞན། རྩིས་འཁོར་དང་ཁ་པར་གང་རུང་ནས་གྲལ་དག་པ་ཞིག་འཆར་མི་ཐུབ་པར་སྐབས་རེར་མགོ་ཅན་དང་འདོགས་ཅན་འགྱུར་བར་འདུག་པ་ནི་བོད་ཡིག་ཨང་སྒྲིག་གི་གནད་དོན་ཡིན་པས་དེ་དག་གྲལ་དག་པར་གཏོང་རྒྱུ་ནི་བོད་སྐད་རྩིས་འཁོར་སྐད་བརྡ་རིག་པའི་རྨང་གཞིའི་ལས་འགན་ཞིག་ཡིན་པར་འདོད།

2.png

བོད་ཡིག་གི་རྒྱལ་སྤྱིའི་ཨང་སྒྲིག  དཔེ་རིས་གཉིས་པ།

༢ བོད་ཡིག་ལ་རྩིས་གྲངས་ལེན་པ།

       ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི《ཡི་གེའི་བཀླག་ཐབས་བྱིས་པ་བདེ་འཇུག》ཅེས་པར“ཡི་གེའི་གྲངས་ནི་མདོར་བསྡུ་ན། །ཁྲི་ཁྲག་གཅིག་དང་སྟོང་ཕྲག་བརྒྱད། །བདུན་བརྒྱ་བཞི་བཅུ་ཞེ་ལྔ་ལྡན། །དེ་དག་ཐམས་ཅད་བོད་སྐད་ལ། །མི་དགོས་གང་དང་གང་དགོས་པ། །རང་གི་བློ་ཡིས་དཔྱད་ཅིང་སྦྱར། །ཁོ་བོས་འདི་ལྟར་རྣམ་བསམས་ནས། །བོད་ཀྱི་སྐད་ལ་གང་དགོས་པ། །སྟོང་ཕྲག་བརྒྱད་ཀྱིས་འདུས་པར་བསམ། །”⑫ ཞེས་པ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་ནས《ཐོན་མིའི་བཞད་སྒྲ》ཞེས་པར“བཀླག་ཏུ་རུང་བའི་ཡི་གེ་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་སོ་གཉིས་ཞེས་པར་བཞེད”ཅེས་པ་དང་། གཞི་སྤྲུལ་འཇིགས་མེད་དཔལ་གྱི་སེང་གེ་ནས་བརྩམས་པའི 《གངས་ལྗོངས་ཡིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》ཞེས་པར“ཁྱོན་བསྡོམས་བོད་ཡིག་བྲིས་ཚད་བཀླག་ཏུ་རུང་བའི་གྲངས་ཁྲི་གཅིག་སྟོང་ཕྲག་བརྒྱད་དང་བདུན་བརྒྱ་སུམ་ཅུ་སོ་བརྒྱད་དོ”⑬ ། ། གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས《བོད་ཀྱི་ཡི་གེའི་རྣམ་བཤད》ཅེས་པར“བོད་ཀྱི་ཡི་གེ་ཆིག་ཁྲི་དགུ་སྟོང་བརྒྱ་མེད་བདུན་ཅུ་དོན་བདུན”⑭ ནང་དུ་བཏུས་ཡོད་ཅེས་པ་དག་ནི་སྲོལ་རྒྱུན་གྱི་ཐབས་ལམ་སྤྱད་ནས་བོད་ཡིག་ལ་རྩིས་གྲངས་བླངས་པ་ཡིན་ལ། ང་ཚོས་ཚན་རིག་དང་མཐུན་པར་གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་བོད་ཡིག་ལ་རྩིས་གྲངས་བླངས་ཏེ་ཚེག་ཁྱིམ་གཅིག་ཅན་དང་། ཚེག་ཁྱིམ་གཉིས་ཅན། རྒྱུན་སྤྱོད་ཀྱི་ཐ་སྙད་བཅས་གཏན་འབེབས་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ། །

༣ བོད་ཡིག་གི་ཐ་སྙད་རྒྱུགས་ཚད་གཏན་འབེབས་བྱེད་པ།

མིག་སྔར་རྒན་རྡོ་ལྷ་ལགས་ཀྱི《བོད་ཡིག་ཚེག་ཁྱིམ་བང་མཛོད》ཅེས་པར“བོད་ཡིག་ལ་ཚེག་ཁྱིམ་བསྡོམས་པས་ཡི་གེ9111ཡོད་པ་དང་། དེའི་ཁྲོད་དུ་ལེགས་སྦྱར་གྱི་ཡི་གེ848དང་། བོད་ཡིག་གི་ཚེག་ཁྱིམ་ཡི་གེ8263ཡོད⑮”ཅེས་བརྗོད་པ་ནི་གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་རྩིས་ལེན་བྱས་པ་ཡིན་པས། ད་ལྟའི་བར་བྱུང་བའི་བོད་ཡིག་གི་བེད་སྤྱོད་ཡི་གེ་གཏན་འབེབས་བྱས་པ་ཡིན་ལ། དེ་ལས་གཞན་ད་དུང་རྒྱུན་སྤྱོད་ཐ་སྙད་དང་། བོད་ཡིག་གི་རྩ་བའི་ཐ་སྙད། ཆེད་ལས་ཐ་སྙད་སྣ་ཚོགས་གཏན་ལ་འབེབས་པར་བྱེད་རྒྱུའང་ཤིན་ཏུ་གལ་ཆེ་བ་དང་། འདི་འདྲའི་བོད་ཡིག་གི་ཐ་སྙད་རྒྱུགས་ཚད་གཏན་འབེབས་མ་བྱས་ན་བོད་སྐད་ཡིག་ལ་སློབ་གཉེར་བྱ་བར་དཀའ་ཁག་ཡོད་པར་སྙམ་སྟེ། “རྒྱ་ཡིག་ལ་མཚོན་ན་སློབ་གྲྭར་མ་སོང་བའི་སྔོན་ལ་ཡི་གེ་སུམ་བརྒྱ་ཞེས་པ་ཞིག་བྱིས་སྐྱོང་ཁང་དུ་ཁྲིད་ཀྱིན་ཡོད་ཅིང་། སློབ་རིམ་དང་པོ་ནས་བཟུང་མཐོ་འབྲིང་གསུམ་པའི་བར་དུ་ཁྱོན་བསྡོམས་ཡི་གེ་ཆིག་ཁྲི་ཉིས་སྟོང་ལྷག་དང་དེ་དག་དང་འབྲེལ་བའི་མིང་བརྡ་ངེས་ཅན་ཤེས་དགོས་པ་ཡིན”⑯ ཞེས་གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་གཏན་འབེབས་བྱས་ཡོད་པ་ནི་ཚན་རིག་དང་ལྡན་པའི་སྐད་ཡིག་ཉིད་སྦྱངས་པར་ཕན་ཁེ་རྒྱ་ཆེན་ཡོད་པས། བོད་ཡིག་གི་ཐ་སྙད་རྒྱུགས་ཚད་གཏན་འབེབས་བྱེད་པ་ནི་བོད་སྐད་ཡིག་ཉིད་དེང་རབས་ཅན་དུ་བགྲོད་པའི་ཐབས་ལམ་ཆེས་ལེགས་པོ་ཞིག་ཡིན་པར་འདོད།

3.png

མིང་གི་རྒྱུགས་ཚད།   དཔེ་རིས་གསུམ་པ།

༤ བོད་སྐད་མིང་གི་ངོས་འཛིན་དང་ཚད་ལྡན་གྱི་ཚབ་རྟགས།

མིག་སྔར་བོད་ཡིག་ཆ་འཕྲིན་ལག་རྩལ་དང་རྩིས་འཁོར་སྐད་བརྡ་རིག་པའི་ཐད་ནས་ཞིབ་འཇུག་གནང་བཞིན་པའི་སློབ་ཆེན་སོ་སོ་དང་། ཞིབ་འཇུག་སྡེ་ཁག་དག་ལ་མིང་གི་ངོས་འཛིན་དང་ཚད་ལྡན་གྱི་ཚབ་རྟགས་གཅིག་གྱུར་ཞིག་མེད་པས། རྒྱལ་ཁབ་ཚད་ལྡན་གྱི་མིང་གི་ངོས་འཛིན་དང་ཚད་ལྡན་གྱི་ཚབ་རྟགས་ཕྱོགས་སུ་འགྲོ་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་འདོད་དེ། བོད་སྐད་མིང་གི་ངོས་འཛིན་དང་ཚབ་རྟགས་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞི་ཡིན་ལ། རྨང་གཞི་དེ་ཉིད་འགྲུབ་པར་མ་བྱས་ན་རྩིས་འཁོར་དང་ཁ་པར་གང་རུང་ལས་བོད་ཡིག་འཚོལ་བཤེར་བྱ་བ་དང་། ཡིག་ཆ་གང་རུང་ཞིག་འཚོལ་བཤེར་བྱ་མི་ཐུབ་པར་ལུས་འདུག་པས། གཞུང་ལུགས་ཞིབ་འཇུག་དང་ལག་ལེན་ཉེར་སྤྱོད་གཉིས་ཟུང་འབྲེལ་བྱས་ཏེ་བོད་སྐད་མིང་གི་ངོས་འཛིན་དང་། ཚད་ལྡན་གྱི་ཚབ་རྟགས་ཕྱོགས་སུ་འབད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཡིན་པར་འདོད་དེ་རྒྱལ་ཁབ་ཀྱི་ཚད་དང་མཐུན་པ། རྒྱལ་སྤྱིའི་ཚད་དང་མཐུན་པར་བསྐྱོད་རྒྱུ་ནི་དེང་གི་འགྲོ་ཕྱོགས་གལ་ཆེན་ཞིག་རེད།

4.png

མིང་གི་ངོས་འཛིན་དང་ཚད་ལྡན་གྱི་ཚབ་རྟགས། དཔེ་རིས་བཞི་པ།

༥ བོད་ཡིག་གི་སྐད་གདངས་ངོས་འཛིན་སྐོར་གྱི་ཞིབ་འཇུག

སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ཆ་འཕྲིན་ཚན་རྩལ་ཡང་འཕེལ་རྒྱས་བླ་ལྷག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་ཏུ་མིས་བཟོས་བློ་ནུས་ཀྱང་སྔར་ལས་ལྡབ་འགྱུར་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་དེ། ད་ལྟ་མི་དང་འཕྲུལ་ཆས་གཉིས་ནས་རང་མོས་ཀྱིས་ཕན་ཚུན་གོ་བརྡ་སྤྲོད་ཀྱིན་འདུག་ལ། དེ་དང་བསྟུན་ནས་བོད་ཡིག་གི་སྐད་གདངས་ངོས་འཛིན་སྐོར་གྱི་ཞིབ་འཇུག་ནི་མེད་དུ་མི་རུང་སྟེ་སྐད་གདངས་ངོས་འཛིན་དང་། སྐད་གདངས་ཤན་འབྱེད་ནི་གཙོ་རྒྱུགས་ཆེ་བའི་ཞིབ་འཇུག་ཅིག་ཡིན་པས། དེ་ལ་ཤུགས་སྣོན་བྱ་རྒྱུ་ནི་དུས་རབས་ཀྱི་དགོས་མཁོ་ཉིད་ཡིན་ནོ། །

༦ མིང་གི་ཚོགས་པའི་སྐོར་གྱི་ཞིབ་འཇུག

མིང་གི་ཚོགས་པའི་སྐོར་གྱི་ཞིབ་འཇུག་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་དང་། རྩིས་འཁོར་སྐད་བརྡ་རིག་པའི་རྨང་གཞིའི་ཞིབ་འཇུག་གི་གཞི་རྩར་གྱུར་བ་ཞིག་ཡིན་ལ། ཡིག་ཆ་ཞུ་དག་དང་། ཡིག་ཆ་འཚོལ་བཤེར། མིང་བརྡ་ངོས་འཛིན་བཅས་ཀྱི་འགག་རྩར་གནས་པའི་ཞིབ་འཇུག་ཅིག་ཡིན་པས། དེས་ཚིག་དོན་དབྱེ་ཞིབ་དང་། ཚིག་གི་ཞིབ་འཇུག འཕྲུལ་ཆས་ལོ་ཙཱ་བཅས་ཀྱི་ཞིབ་འཇུག་གི་རྨང་རྡོ་རུ་གྱུར་ཡོད། ཡི་གེ་ནས་མིང་། མིང་ནས་མིང་གི་ཚོགས་པ། མིང་གི་ཚོགས་པ་ནས་ཚིག  ཚིག་ནས་དོན་བཅས་ཀྱི་ཞིབ་འཇུག་གི་རིམ་པ་ལ་བགྲོད་དགོས་པ་ཞིག་ཡིན་པས། གཞུང་ལུགས་ཞིབ་འཇུག་མེད་ན་ཉེར་སྤྱོད་ཞིབ་འཇུག་ཡོད་མི་སྲིད་པས་རྨང་གཞིའི་སྐོར་གྱི་ཞིབ་འཇུག་ཤིན་ཏུ་ནས་གལ་ཆེ་བ་ཞིག་རེད།

5.png

མིང་གི་ཚོགས་པའི་སྡོང་འགྲེམས། དཔེ་རིས་ལྔ་པ།

༧ བོད་སྐད་ཚིག་གི་ཞིབ་འཇུག་སྐོར།

སྨྲ་མི་ཤེས་ཤིང་དོན་མི་གོ་བའི་འཕྲུལ་ཆས་ཉིད་དེ་རྩིས་འཁོར་གྱིས་སྨྲ་ཤེས་ཤིང་དོན་གོ་བ་ལྟར་གྱི་མི་ཞིག་ཏུ་འགྱུར་བར་མི་དང་རྩིས་འཁོར་གཉིས་འབྲེལ་འདྲིས་བྱེད་པ་ནི་དེང་གི་ཆ་འཕྲིན་གྱི་འཕེལ་ཕྱོགས་གཙོ་བོ་ཞིག་ཡིན་ལ། བོད་སྐད་ཀྱི་ཚིག་གི་ངེས་ཚིག་དང་། སྒྲིག་གཞི། དབྱེ་བ། གྲུབ་ལུགས། བསྟན་དོན་བཅས་ཀྱིས་གཙོས་པའི་གནད་དོན་རྣམས་ལ་དབྱེ་ཞིབ་དང་། ལྷག་པར་དུ་ཚིག་གི་སྡོང་འགྲེམས་མཛོད་སོགས་འཇུགས་སྐྲུན་བྱས་ཏེ་ཞིབ་འཇུག་མ་ལག་ཆ་ཚང་དུ་བསྒྲུབ་པའི་ལས་ལ་ཉེ་བར་འཇུག་རྒྱུ་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་དང་། རྩིས་འཁོར་སྐད་བརྡ་རིག་པའི་ཞིབ་འཇུག་གི་གཙོ་གནད་རང་བཞིན་དུ་གྱུར་བའི་རྨང་གཞི་ཞིག་ཡིན་པས། དེས་འཕྲུལ་ཆས་ལོ་ཙཱ་དང་། ཆ་འཕྲིན་ལེན་པ། ཆ་འཕྲིན་འཚོལ་བ་བཅས་ཀྱི་ཆ་འཕྲིན་སྒྲིག་གཅོད་བྱ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད།

6.png

ཚིག་གི་དབྱེ་ཞིབ། དཔེ་རིས་དྲུག་པ།

༨ བོད་སྐད་ཚིག་དོན་སྐོར་གྱི་ཞིབ་འཇུག

བོད་སྐད་ཚིག་དོན་སྐོར་གྱི་ཞིབ་འཇུག་ནི་བོད་རང་གི་བརྡ་སྤྲོད་གཞུང་ལུགས་ལྟར་བོད་སྐད་ཀྱི་མིང་གི་སྦྱོར་བ་དང་། ཚིག་གི་སྦྱོར་བ། དོན་གྱི་སྦྱོར་བ་གསུམ་གྱི་ངེས་སྲོལ་ལས་དོན་གྱི་སྦྱོར་བར་གོ་ཞིང་། ད་ལྟ་འཕྲུལ་ཆས་བློ་ནུས་ཅན་ཏུ་བརྗོད་པ་ནི་རང་བྱུང་སྐད་བརྡ་སྒྲིག་གཅོད་ཀྱི་རྨང་གཞིར་གྱུར་བའི་དེའི་ཁྲོད་ཀྱི་དོན་གྱི་སྦྱོར་བ་ཐོད་བརྒལ་ལ་སོང་བའི་རྣམ་པའི་སྟེང་ནས་མངོན་པ་ཞིག་ཡིན་ལ། དེ་ནི་དོན་གྱི་སྦྱོར་བའི་དྲ་རྒྱ་དང་། རྣམ་དབྱེའི་བརྡ་སྤྲོད། རང་ས་ཅན་གྱི་དོན་གྱི་སྦྱོར་བའི་ཐབས་ལམ་འཚོལ་བ་བཅས་ལ་རག་ལས་པ་དང་། ཚིག་དོན་ཞིབ་འཇུག་གིས་དྲ་སྟེང་ལས་ཡིག་ཆ་འཚོལ་བཤེར་བྱ་བར་དེ་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་སྣ་ཚོགས་ཤིག་མཁོ་སྤྲོད་བྱེད་ཐུབ་པ་སོགས་པའི་དགེ་མཚན་ཡོད།

7.png

མིང་བརྡའི་མཉམ་མཐོང་དྲ་རྒྱ། དཔེ་རིས་བདུན་པ།

8.jpg

མིང་བརྡའི་མཉམ་མཐོང་དྲ་རྒྱ། དཔེ་རིས་བརྒྱད་པ། 

༩ བོད་སྐད་གློག་རྡུལ་ཡིག་མཛོད་སྐོར་གྱི་ཞིབ་འཇུག

གློག་རྡུལ་ཡིག་མཛོད(corpus)ཅེས་པ་ནི་སྐད་ཡིག་གི་རྒྱུ་ཆའི་བང་མཛོད་ཅིག་ཡིན་ལ། གློག་རྡུལ་ཡིག་མཛོད་ནི་སྤྱིར་བཏང་དུ་ཟིན་འགོད་བྱས་ཟིན་པའི་སྐད་ཆ་རྣམས་བསྡུ་ཉར་བྱེད་པ་དང་། གློག་རྡུལ་གྱི་རྣམ་པའི་སྒོ་ནས་སྐད་ཆའི་རྒྱུ་ཆ་གསོག་འཇོག་བྱེད་སྟངས་ཤིག་དང་། ངག་ཐོག་གི་སྐད་ཆ་དང་ཡིག་ཐོག་གི་སྐད་ཆ་གང་རུང་ཕྱོགས་གཅིག་ཏུ་བསྡུ་ཉར་བྱེད་པར་ཟེར་བ་ཡིན་ལ། དེར་ཡིག་ཆ་བསྡུ་ཉར་བྱ་དུས་ཡང་དག་པའི་བདམས་གསེས་བྱེད་པ་དང་། མཆན་འགོད་བྱེད་པ། ཟིན་འགོད་བྱས་པའི་སྐད་ཆའི་དོན་དངོས་ལྟར་བེད་སྤྱོད་བྱེད་པ་ལ་རིན་ཐང་ཡོད་མེད་ཀྱི་སྟེང་ནས་བེད་སྤྱོད་བྱེད་པ་ཞིག་ལ་ཟེར་བ་དང་། མི་རྣམས་ཀྱིས་ཡིག་མཛོད་ལ་ལྟ་བཤེར་བྱེད་པ་དང་སྐད་བརྡའི་དངོས་ཡོད་ལ་དབྱེ་ཞིབ་བྱེད་པ། སྐད་ཆའི་མ་ལག་གི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་ཡིན་པས་གློག་རྡུལ་ཡིག་མཛོད་ནི་སྐད་བརྡ་རིག་པའི་ཞིབ་འཇུག་དང་། བེད་སྤྱོད་ཞིབ་འཇུག སྐད་ཆའི་བཟོ་སྐྲུན་བཅས་ཀྱི་རྨང་གཞིའི་ཁྱབ་ཁོངས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། གློག་རྡུལ་ཡིག་མཛོད་འཛུགས་སྐྲུན་བྱ་རྒྱུ་ནི་ཆ་འཕྲིན་འཕེལ་རྒྱས་མགྱོགས་པའི་མི་རིགས་དང་། རྒྱལ་ཁབ་གང་དེའི་ཆ་འཕྲིན་གྱི་གཏེར་མཛོད་ཅིག་ཡིན་ལ། ཆ་འཕྲིན་གཏེར་མཛོད་ཀྱི་རྒྱ་ཇི་ལྟར་ཆེ་ན་ཡི་གེ་དང་། བརྙན་རིས། སྒྲ་ཟློས། བརྙན་ཟློས་གང་རུང་བཅས་སྒྲིག་གཅོད་བྱ་བར་སྟབས་བདེ་བས་ཡིག་མཛོད་འཛུགས་སྐྲུན་བྱ་རྒྱུ་ནི་རྨང་གཞིར་གྱུར་བའི་ཆ་འཕྲིན་གྱི་ལས་ཀ་ཞིག་ཡིན་པ་དང་། ཡིག་མཛོད་དེ་ཉིད་རྒྱལ་ཁབ་ཚད་ལྡན་ཅན་ནས་རྒྱལ་སྤྱིའི་ཡིག་མཛོད་ལ་བསྙེག་རྒྱུ་ནི་ཆ་འཕྲིན་དུས་རབས་ཀྱིས་ང་ཚོར་བཏོན་པའི་འོས་འགན་བླ་མེད་ཅིག་ཡིན་པ་དང་། བོད་སྐད་ཡིག་རང་ལ་མཚོན་ན། གློག་རྡུལ་ཡིག་ཆ་གང་མང་ཞིག་ཡོད་ནའང་། ཞིབ་འཇུག་སྡེ་ཁག་དང་ལས་ཁུངས། མི་སྒེར་བཅས་ཀྱིས་བསྒྲིགས་པ་ཞིག་ཡིན་པ་ལས། རྒྱལ་ཁབ་ཀྱི་ཚད་ལྡན་ཞིབ་འཇུག་ལས་གཞིར་ཚུད་པའི་ཡིག་མཛོད་ཅིག་དུས་ད་ཐུག་གི་བར་དུ་བྱུང་མེད་པ་དང་། ལྷག་པར་དུ་ཡིག་མཛོད་སྣ་ཚོགས་ལ་ཚབ་རྟགས་བཀོད་པའི་ཡིག་མཛོད་ཀུན་གྱིས་ཁས་ལེན་པ་ཞིག་མཐོང་རྒྱུ་མི་འདུག་པས་ད་ལྟའི་སྐབས་གཞི་གྲངས་ཆེན་པོས་མཚོན་པའི་དུས་འདིར། བོད་སྐད་གློག་རྡུལ་ཡིག་མཛོད་སྐོར་གྱི་འཛུགས་སྐྲུན་ནི་ཤིན་ཏུ་གལ་ཆེ་བ་དང་། གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་བོད་སྐད་ཡིག་གི་ཞིབ་འཇུག་བྱ་བར་ལས་ཀ་གང་མང་ཞིག་བསྒྲུབ་ཐུབ་པར་འདོད་དེ། གཅིག་ནས་བོད་སྐད་ཀྱི་སྐད་བརྡའི་ཞིབ་འཇུག་བྱ་བར་རམ་འདེགས་ཐོབ་པ། གཉིས་ནས་བོད་སྐད་ཀྱི་མིང་བརྡའི་རྒྱུགས་ཚད་གཏན་འབེབས་བྱེད་པ། གསུམ་ནས་མིང་མཛོད་དང་ཚིག་མཛོད་བསྒྲིག་པར་རམ་འདེགས་ཐུབ་པ།  བཞི་ནས་བོད་སྐད་ཡིག་སློབ་གསོར་རམ་འདེགས་ཐུབ་པ། གློག་རྡུལ་ཡིག་མཛོད་ནི་རྩིས་འཁོར་ཆེད་ལས་པ་དག་གི་ལས་ཀ་ཞིག་མ་ཡིན་པར། གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་སྐད་ཡིག་ལ་ཞིབ་འཇུག་བྱེད་པ་ནི་གཙོར་རྒྱུགས་ཆེ་བའི་ལས་ཤིག་ཡིན་པས་སྐད་ཡིག་ཞིབ་འཇུག་གི་ཁྱབ་ཁོངས་སོ་སོར་བེད་སྤྱོད་བྱེད་བཞིན་ཡོད་པ་མ་ཟད། གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་འཕྲུལ་ཆས་ལོ་ཙཱ་དང་། ཆ་འཕྲིན་འཚོལ་བཤེར་བྱེད་པ། ཤེས་བྱ་འཚོལ་བཤེར་བྱེད་པ་ལ་སོགས་པའི་རྩིས་འཁོར་སྐད་བརྡ་རིག་པའི་ལས་ཀ་སྣ་མང་ཞིག་བསྒྲུབ་ཐུབ།

མཇུག་བསྡུ་བའི་གཏམ།

གོང་དུ་བརྗོད་པ་ནི་རྩིས་འཁོར་སྐད་བརྡ་རིག་པ་དང་འབྲེལ་ཏེ་བོད་སྐད་རྩིས་འཁོར་སྐད་བརྡ་རིག་པའི་ཞིབ་འཇུག་གནས་བབ་སྐོར་ནས་ཆ་ཙམ་སྤྲོས་པ་ཡིན་ལ། རྩིས་འཁོར་སྐད་བརྡ་རིག་པ་ནི་ཆ་འཕྲིན་ལག་རྩལ་གོང་འཕེལ་དུ་སོང་བ་དང་བསྟུན་ནས་དར་བའི་སྐད་ཡིག་ཞིབ་འཇུག་གི་ཐབས་ལམ་གསར་བ་ཞིག་ཡིན་ཕྱིར། ད་ལྟ་སྔོན་ཐོན་གྱི་རྒྱལ་ཁབ་དང་མི་རིགས་སོ་སོས་དེང་རབས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་སྐད་ཡིག་ཞིབ་འཇུག་ལ་སྔར་མེད་པའི་མཐོང་ཆེན་དང་གཙིགས་འཛིན་བྱེད་བཞིན་ཡོད་པས། སྐད་ཆ་དང་ཡི་གེ་ནི་མི་རིགས་ཤིག་གི་སྲོག་རྩར་གྲུབ་ལ། རང་རིགས་ནས་ཀྱང་འདི་དང་འདི་ལྟ་བུའི་རིག་ཚན་གསར་བ་དང་། ཐབས་ལམ་གསར་བ་ནང་འདྲེན་བྱས་ཏེ་རང་གི་སྐད་ཡིག་རིག་གནས་ལ་ཞིབ་འཇུག་གང་ལེགས་ཤིག་བགྱིས་ན། བོད་སྐད་ཡིག་ཀྱང་ཆ་འཕྲིན་རིག་གནས་དང་གློག་རྡུལ་རིག་གནས་ཀྱི་ཕྱོགས་སུ་བགྲོད་པར་རྒྱང་ཐག་མི་རིང་ངོ་། །

གསལ་བཤད།

དཔྱད་རྩོམ་འདི་ནི《མཚོ་སྔོན་སྤྱི་ཚོགས་ཚན་རིག》གི2019ལོའི་དེབ་པོ་ལས་བདམས་ཤིང་བཟོ་བཅོས་ཅུང་ཟད་བརྒྱབ་ཡོད།

མཆན་དང་ལུང་ཁུངས།

①于根元.《应用语言学概论》[M].北京:商务印书馆,2003.8.  P53.

②于根元.《应用语言学概论》[M].北京:商务印书馆,2003.8.  P53.

③刘颖.《计算语言学》[M]. 北京:清华大学出版社,2002.10. P8.

④冯志伟.《计算语言学基础》[M]. 北京:商务印书馆,2001.8. P9.

⑤ ཀུན་བཟང་། 《རྩིས་འཁོར་རིག་གནས་ཞེས་པའི་གོ་དོན་བརྗོད་པ》 [J] བོད་ལྗོངས་སློབ་གསོ། 2001ལོའི་དེབ་གསུམ་པ།  

⑥ཤ་བོ་ཀླུ་བྱམས། 《བརྡ་འཕྲིན་རིག་པ་དང་འབྲེལ་ནས་མིང་གི་དབྱེ་བའི་སྐོར་གྱི་བསམ་གཞིག》 [J] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་བོད་ཡིག་མ། 2007ལོའི་དེབ་གཉིས་པ།

⑦བྱ་མདོ་རྡོ་ལྷ། 《གློག་རྡུལ་ཡིག་མཛོད་ལས་འཕྲོས་ཏེ་བོད་སྐད་ཡིག་གི་ཞིབ་འཇུག་གླེང་བ》 [J] ཀྲུང་གོའི་བོད་རིག་པ། 2007ལོའི་དེབ་གསུམ་པ།

⑧བསོད་ནམས་ལྷུན་གྲུབ། 《ཚོད་ལྟ་སྐད་གདངས་རིག་པ་དང་སྲོལ་རྒྱུན་སྐད་གདངས་རིག་པའི་སྐོར་གླེང་བ》  [J] མདོ་སྨད་ཞིབ་འཇུག 2008ལོའི་དེབ་གསུམ་པ།

⑨ཟླ་བ་ཕུན་ཚོགས། 《དེང་གི་སྒྲ་བརྟག་མཉེན་ཆས་བཀོལ་ནས་ཡུལ་ཤུལ་སྐད་ལ་ཐོག་མར་དཔྱད་པ》 [J] ཀྲུང་གོའི་བོད་རིག་པ།  2012ལོའི་དེབ་གཉིས་པ།

⑩དབྱངས་འབུམ་ཚེ་རིང་། 《བོད་ཡིག་བྱ་ཚིག་གི་རིག་མཛོད་ལས་སྒྲུབ་སྐོར་གྱི་ཞིབ་འཇུག》 [J] དེང་རབས་བོད་ཀྱི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་ཕྱོགས་བསྒྲིགས། 2013ལོ།

⑪བཀྲ་ཤིས་རྒྱལ། 《བོད་སྐད་ཀྱི་ཚིག་གི་གྲུབ་ཚུལ་ལ་བརྟག་པའི་ཐབས་ཤིག》 [J] མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་གཞུང་དུས་དེབ།  2013ལོའི་དེབ་གཉིས་པ།

⑫ས་སྐྱ་བསོད་ནམས་རྩེ་མོ། 《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བ་བཞུགས་སོ། །》 [M] མི་རིགས་དཔེ་སྐྲུན་ཁང་། 1980ལོ།  ཤོག་ངོས9

⑬གཞི་སྤྲུལ་འཇིགས་མེད་དཔལ་གྱི་སེང་གེ། 《གངས་ལྗོངས་ཡིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ།  ཤོག་ངོས324

⑭གོ་ཤུལ་གྲགས་པ་འབྱུང་གནས། 《བོད་ཀྱི་ཡི་གེའི་རྣམ་བཤད》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས1948

⑮多拉,扎西加.《藏文规范音节频率学》[M]. 北京:中国社会科学出版社.201.5 P82.

⑯བྱ་མདོ་རྡོ་ལྷ། 《གློག་རྡུལ་ཡིག་མཛོད་ལས་འཕྲོས་ཏེ་བོད་སྐད་ཡིག་གི་ཞིབ་འཇུག་གླེང་བ》 [J] ཀྲུང་གོའི་བོད་རིག་པ། 2007ལོའི་དེབ་གཉིས་པ།   ཤོག་ངོས84

རྩོམ་པ་པོ་ངོ་སྤྲོད།

ཁྲི་ཤར་བསོད་ནམས་ཚེ་རིང་། མཚོ་སྔོན་དགེ་འོས་སློབ་ཆེན་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་གཞོན་པ་དང་། རྩིས་འཁོར་སྐད་བརྡ་རིག་པའི་འབུམ་རམས་པ།  ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཡིག་ཆ་འཕྲིན་དང་རྩིས་འཁོར་སྐད་བརྡ་རིག་པའི་སྐོར་ཡིན། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།