བོད་ཀྱི་གསོ་རིག་ལ་སྐད་རིགས་གང་ཡིན་ཡང་ངེས་པར་དུ་བོད་ཀྱི་གསོ་རིག་ཅེས་པའི་དོན་བསྒྱུར་གྱི་མིང་གདགས་དགོས།

དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་བ་དང་དྲུག་ཅུ་བ་ནས་བཟུང་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་བོད་ཀྱི་གསོ་བ་རིག་པ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཆ་མང་པོར་དར་འགོ་ཚུགས་པ་དང་བསྟུན། ཕྱི་གླིང་བའི་སྐད་དུ་བོད་ཀྱི་གསོ་བ་རིག་པའི་མིང་ལ་“Tibetan Medicine”ཞེས་ཐོགས་ཡོད་པ་དང་། ད་ལྟའི་བར་དུ་དབྱིན་ཡིག་སོགས་སུ་དཔེ་ཆ་དང་། དུས་དེབ། ཚགས་པར། དྲྭ་ལམ། རིག་གཞུང་དཔྱད་རྩོམ་བཅས་སུ་མིང་བརྡ་དེ་གཅིག་གྱུར་ཏུ་སྤྱད་ཡོད། རྒྱལ་ནང་དུའང་གཞུང་དང་སྒེར་ཚང་མས་རྒྱ་ཡིག་གིས “藏医”དང“藏药”ཞེས་པའམ། ཡང་ན “藏医药”ཞེས་གཅིག་མཐུན་ཡིན། བོད་སྐད་དང་བོད་ཡིག་སྟེང་དུའང་“བོད་ཀྱི་གསོ་བ་རིག་པ”དང་། “བོད་ལུགས་གསོ་བ་རིག་པ”། “བོད་སྨན”། “བོད་ལུགས་སྨན་ཁང་”། “བོད་སྨན་ཞིབ་འཇུག” “བོད་སྨན་སློབ་གསོ་”སོགས་ཡོད་པ་ཀུན་གྱིས་ཤེས་གསལ་རེད། 

འདས་པའི་ལོ་གསུམ་བཞི་ཙམ་གྱི་སྔོན་ནས་གནད་དོན་དེ་གང་ཞིག་ནས་སྟ་གོན་བྱས་པ་མ་ཤེས་མོད། ཕྱི་རྒྱལ་དུ་བོད་རིག་པའི་ཞིབ་འཇུག་པ་རྣམས་ལས་བོད་ཀྱི་གསོ་རིག་ལ་གཙོ་བོར་ཞིབ་འཇུག་བྱེད་མཁན་འགའ་ཞིག་གིས་དབྱིན་ཡིག་ཏུ“Sowa-Rigpa”(བོད་ཡིག་ཏུ་གསོ་བ་རིག་པ་ཞེས་པ)དང་ཡང་ན་ “Sorig”(བོད་ཡིག་ཏུ་གསོ་རིག་ཅེས་པ)ཅེས་དབྱིན་མིང་གསར་བ་ཞིག་འདོགས་འགོ་བརྩམས་སོང་། ལྷག་པར་དུ་༢༠༡༠ལོར་རྒྱ་གར་གྱི་གཞུང་འབྲེལ་ཡིག་ཆར་ཡང“Sowa-Rigpa”ཞེས་བྲིས་ཤིང“Sowa-Rigpa”ནི་རྒྱ་གར་གཞུང་གི་ངོས་ལེན་ཐོབ་ཡོད་ཁུལ་བྱས། ཕྱིས་སུ་རྒྱ་གར་དཔོན་རིགས་རེ་འགས་ཀྱང་“Sowa-Rigpa”ཡི་ཁོངས་ནི་རྒྱ་གར་ཡིན་པ་དང་དེའི་བདག་དབང་རྒྱ་གར་ལ་ཡོད་ཚུལ་ཧམ་བཤད་བྱས་མྱོང་། 

དུས་མཚུངས་སུ་བྱེས་སུ་ཡོད་པའི་བོད་ཀྱི་སྨན་པ་རེ་གཉིས་ཀྱིས་ཀྱང“Sowa-Rigpa”ཞེས་པ་འབྲི་བཞིན་ཡོད་ཅིང་། དབྱིན་ཡིག་གི“Sowa-Rigpa”ཞེས་པ་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱིས“Sowa-Rigpa”ཞེས་པ་ནི་བོད་ཡིག་གི་གསོ་བ་རིག་པ་ཞེས་པ་དང“Sorig”ནི་གསོ་རིག རྒྱ་ཡིག་གི“索瓦日巴”ཞེས་པ་རྣམས་བོད་ཡིག་གི་མིང་དེ་སྒྲ་བསྒྱུར་བྱས་པས་བོད་རང་གི་སྐད་ཡིན་པས་ཕྱི་རྒྱལ་གང་དུའང་བེད་སྤྱད་ཚེ་བོད་སྐད་བེད་སྤྱོད་བཞིན་ཡོད་པས་གཟི་བརྗིད་ཆེ་ཞེས་ཟེར། ལོ་གཉིས་ཀྱི་སྔོན་སོག་པོ་རྒྱལ་ཁབ་ཏུ་བོད་རིག་པའི་རྒྱལ་སྤྱིའི་ཚོགས་འདུ་ཚོགས་པའི་རྗེས་སུ་རྒྱལ་ནང་གི་བོད་མི་ཁ་ཤས་ཀྱིས་ཀྱང་མིང་གསར་བ་དེ་ལེགས་ཚུལ་བཤད་པ་དང་། “Sowa-Rigpa”ཞེས་བོས་ཚེ་བོད་ཁུལ་གྱི་གསོ་བ་རིག་པ་ཙམ་མ་ཟད། རྒྱ་གར་གྱི་ཁོངས་སུ་ཡོད་པའི་ལ་དྭགས་དང་། འབྲས་ལྗོངས། འབྲུག་རྒྱལ་ཁབ། སོག་པོ་རྒྱལ་ཁབ་བཅས་སུའང་ལག་ལེན་བྱེད་བཞིན་ཡོད་པའི་བོད་ཀྱི་གསོ་བ་རིག་པ་ཚང་མ་གཅིག་སྒྲིལ་བྱེད་ཐུབ་པར་བཤད་ཅིང་ཚུལ་འདིས་དྲྭ་ཐོག་ཏུ་ཟང་ཟིང་ཅུང་ཟད་བཟོས་མྱོང་། 

ཕྱིས་སུ་༢༠༡༨ལོར་རྒྱལ་ནང་དུ་སྨན་ལུམས་འཛམ་གླིང་གཟུགས་འདས་རིག་གནས་ཀྱི་གྲོས་སུ་འཛུད་པར་སྙན་ཞུ་བྱེད་སྐབས་ཀྱང་མིང་ལ་དབྱིན་ཡིག་ཏུ“Lum medicinal bathing of Sowa Rigpa”(གསོ་བ་རིག་པའི་སྨན་ལུམས)ཞེས་དང་། བོད་ཡིག་ཏུ“གསོ་བ་རིག་པའི་ལུམས་ཀྱི་གསོ་ཐབས”། རྒྱ་ཡིག་ཏུ“藏医药浴法”ཞེས་བཀོད་ཡོད། དེའི་རྗེས་སུ་ཁྲིན་ཏུར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་གསོ་བ་རིག་པའི་འགྲེམ་སྟོན་ཞིག་ལའང་རྒྱ་ཡིག་གིས“索瓦日巴”ཞེས་ཁ་བྱང་བྲིས་འདུག 

ཁོ་བོའི་འབུམ་རམས་སློབ་མ་ཞིག་གིས་དེའི་སྐོར་གྱི་རྒྱ་ཡིག་གི་རྩོམ་ཡིག་ཁ་བྱང་ “藏医”的英文翻译是Tibetan medicine 还是Sowa-Rigpa? ཞེས་པ་ཞིག་རྙེད་བྱུང་། རྩོམ་པ་པོ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ཀྱི་གསོ་རིག་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ལོའོ་ཧོས་ཟེར་བ་ཡིན་ཞིང་། ཁོས “Tibetan medicine” དང“Sowa-Rigpa”གཉིས་བཀོལ་སྤྱོད་ཀྱི་དུས་ཚོད་དང་སུས་བཀོལ་སྤྱོད་བྱས་པ། “Tibetan medicine”ཞེས་པའི་མིང་ནི་མི་རིགས་གཞན་དང་ཁྱད་པར་འབྱེད་པ་ལ་དགེ་མཚན་ཆེ་ཚུལ་བཅས་བཤད་འདུག  དེར་“Sowa-Rigpa”ཞེས་པའི་མིང་བཀོལ་སྤྱོད་བྱེད་མཁན་གཙོ་བོ་ནི་རྒྱ་གར་དང་འབྲུག་རྒྱལ་ཁབ་ཡིན་ཚུལ་བཤད་འདུག  ཁོས་ཀྲུང་གོའི་ཁོངས་གཏོགས་སུ་ཡོད་པ་རྣམས་ཀྱིས་རྒྱལ་ཁབ་ཕྱི་ནང་གང་དུའང་བོད་ཀྱི་གསོ་བ་རིག་པ་ལ“Tibetan medicine”འམ“Tibetan medicine (Sowa-Rigpa)”ཞེས་བརྗོད་དགོས་ཚུལ་ཀྱི་སྡོམ་ཚིག་ཀྱང་བཀོད་འདུག དཔྱད་རྩོམ་དེ་ད་ལྟ་བོད་ཡིག་ཏུ་བསྒྱུར་ཏེ་ཀྲུང་གོ་བོད་ཀྱི་གསོ་རིག་ཅེས་པའི་དུས་དེབ་སྟེང་བཀོད་འདུག དེ་ལ་བལྟས་ན་རྩོམ་པ་པོ་ཁོ་རང་གི་ཀུན་སློང་གང་ཡིན་བཤད་མི་ཤེས་ནའང་གནས་ལུགས་ཡོད་པ་ཞིག་བཤད་འདུག་པས་བདག་གིས་ཀྱང་ངོས་ལེན་བྱེད་ཀྱི་ཡོད། 

ད་ལྟ་ནི་གོ་ལ་གཅིག་གྱུར་ཅན་དང་འཛམ་གླིང་ཤར་ནུབ་ཀྱི་གནས་ཚུལ་རྣམས་དུས་གཅིག་ཏུ་མཉམ་སྤྱོད་བྱེད་ཐུབ་པའི་དམིགས་བསལ་གྱི་དུས་རབས་ཤིག་ཡིན་པས། རང་རེའི་བོད་ཀྱི་སྨན་པ་རྣམས་ཀྱང་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་ཆ་ཤས་ཤིག་ཡིན་པ་དང་འཇིག་རྟེན་གྱི་འདུ་འགོད་སྣ་ཚོགས་ཁྲོད་དུ་འཚོ་དགོས་པས་བོད་ཀྱི་གསོ་བ་རིག་པ་ནི་མདོ་དབུས་མཐོ་སྒང་གི་བོད་མི་རིགས་ཀྱི་གསོ་བ་རིག་པ་ཡིན་པས་ཅིས་ཀྱང་གཞན་དང་ཁྱད་པར་འབྱེད་དགོས་པས། འདིའི་ཐད་དུ་བསམ་ཚུལ་འགའ་བརྗོད་པར་འདོད་པ་ལ། 

༡ ཁྱད་པར་འབྱེད་ཐུབ་པའི་མིང་ཞིག་འདོགས་དགོས་པ།

འཇིག་རྟེན་གྱི་བྱ་དངོས་ཅི་ཞིག་ཡིན་རུང་རང་རང་སོ་སོ་ཕན་ཚུན་མི་ནོར་བའི་མིང་ཞིག་བཏགས་ཡོད་པ་དང་འདོགས་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། རྣམ་བཤད་རིགས་པར། མིང་དུ་གདགས་པར་མ་མཛད་ན།།འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།།དེ་བས་རྨོངས་པ་སེལ་བའི་ཕྱིར།།མགོན་པོས་མིང་དུ་གདགས་པར་མཛོད།།ཅེས་གསུངས་པ་ལྟར། བོད་ཀྱི་ནོར་བུ་གང་ཞིག་ཡིན་རུང་དེ་ལ་“བོད་ཀྱི་”ཞེས་དམིགས་སུ་མ་བཏགས་ན་གཞན་གྱི་ནོར་ལ་འཁྲུལ་ཉེན་ཡོད་པས། བོད་ཀྱི་གསོ་བ་རིག་པ་ལ་“བོད་ཀྱི་”ཞེས་པའི་ཁྱད་པར་འབྱེད་བྱེད་དམ་ཁྱད་ཆོས་སྟོན་པའི་ཚིག་གྲུབ་དེ་མ་སྦྱར་ན་བོད་ཀྱི་ཡིན་པ་ཤེས་མི་ཐུབ་པ་དང་། ནམ་ཞིག་གི་ཚེ་ན་ནོར་བུ་དེའི་བདག་པོ་སུ་ཡིན་པར་འཁྲུགས་རྩོད་མི་ཤོར་བའི་ངེས་པའང་མེད།  

༢ རང་ཉིད་ཀྱི་ཐོབ་ཐང་མཚོན་ཐུབ་པར་བྱེད་དགོས་པ།

འཇིག་རྟེན་འདིར་འཚོ་སྡོད་བྱེད་པར་རང་ཉིད་ཀྱི་ངོས་འཛིན་ནམ་ཐོབ་ཐང་(identity 身份)དེ་རང་ཉིད་ཀྱིས་ཤེས་དགོས་ལ་གཞན་གྱིས་ཀྱང་ཤེས་དགོས། དེ་བས་རང་ཉིད་ལ་ཁྱད་གཞི་དང་ཁྱད་ཆོས་གཉི་ག་གསལ་བོར་ཐོན་པའི་“བོད་ཀྱི་སྨན་པ”། “བོད་ཀྱི་དགེ་རྒན་”ཞེས་བོས་ན་ཐོབ་ཐང་དེ་མཚོན་ཐུབ་པ་ལས། “སྨན་པ་”དང་ “དགེ་རྒན་” ཞེས་པའི་མིང་ཁོ་ནས་རང་ཉིད་བོད་རིགས་ཀྱི་ཐོབ་ཐང་གསལ་བོར་མངོན་མི་ཐུབ། དེ་ནི་རྒྱལ་ནང་དང་རྒྱལ་ཕྱི་གཉིས་གང་གི་ཆར་ཡང་རང་ཉིད་མི་རིགས་སྣ་ཚོགས་ཀྱི་ཁྲོད་དུ་འཚོ་བཞིན་ཡོད་པས་རེད། དེ་བས་བོད་ཡིག་དང་བོད་སྐད་དུ་“བོད་ཀྱི་”ཞེས་པ་དགོས་པར་མ་ཟད་ཕྱི་སྐད་དུ་ལྷག་པར་དགོས། དེ་ལ “Tibetan Medicine” ཞེས་དང་། “Tibetan Medical Doctor”  “Tibetan Medicine teacher” ཞེས་པ་སོགས་ལྟ་བུ་རེད། གལ་ཏེ་ད་ལྟའི་བར་དུ་གཅིག་གྱུར་བྱུང་བའི “Tibetan Medicine” ཞེས་པའི་མིང་དེ་ “Sowa-Rigpa” ཞེས་པའི་མིང་ལ་བརྗེ་འདོད་ན། ཚིག་ངོས་དེ་ཙམ་ནས་ནང་དོན་དངོས་གོ་མི་ཐུབ་པས་ “Tibetan Sowa-Rigpa” ཞེས་ “Tibetan” སྔོན་དུ་སྦྱོར་དགོས། སྤྱིར་ “Sowa-Rigpa” ཞེས་པ་ནི་བོད་སྐད་ཡིན་ཡང་དོན་ལ་བོད་ཀྱི་ཡིན་པ་མཚོན་དཀའ་སྟེ། དཔེར་ན། རྒྱ་གར་ཚེ་ཡི་རིག་བྱེད་ལ་རྒྱ་གར་རང་སྐད་སོར་བཞག་གིས “Aryuveda” (ཨཱ་ཡུརྦེ་ད)ཞེས་ཟེར་ལ། ཕྱིས་སུ་དེ་ཉིད་ཐའེ་ལན་དྲ་དང་འབར་མ། ཁམ་བྷོ་སྒྲེ་ཡ། ལའོ་ཝའོ་སོགས་རྒྱལ་ཁབ་གཞན་རྣམས་སུ་དར་རྗེས་དེ་དག་གིས་ཀྱང་ཁོ་ཚོ་རང་རང་གི་སྲོལ་རྒྱུན་གསོ་རིག་ལ་“Aryuveda” (ཨཱ་ཡུརྦེ་ད)ཞེས་འབོད་ཀྱིན་ཡོད་པ་དཔེར་ན། “Thai Aryuvedic Medicine”  (ཐའེ་ཨཱ་ཡུརྦེ་དའི་སྨན།)ཞེས་པ་ལྟ་བུ་རེད། དོན་ལ་མིང་འདོགས་སྟངས་དེ་ལྟ་བུས “Aryuveda” ཞེས་པ་ནི་རྒྱ་གར་ཁོ་ནའི་ཡིན་པའི་ངེས་པ་མེད་པར་གྱུར། དེ་བས་རང་རེའི་ཆེད་ལས་ཀྱི་ཐོབ་ཐང་གསལ་བོར་སྟོན་ཐུབ་པའི་ “Tibetan Medical Doctor” ཞེས་པ་དང་ “藏医医生” ཞེས་པའི་མིང་བརྡ་ཡོད་བཞིན་དུ་མི་སྤྱོད་ན། རང་ཉིད་ཀྱི་ཆེད་ལས་ངོས་འཛིན་ནམ་ཐོབ་ཐང་དེ་རྩ་བ་ནས་བརླགས་འགྲོ་བའི་ཚུལ་ལ་ངོ་འཕྲོད་རིགས་སོ། ། 

༣ ད་ལྟའི་དུས་ནི་རང་གིས་རང་ལ་བདག་བྱེད་དགོས་པ་ལས་གཞན་ལ་བདག་བྱེད་དབང་མེད་པའི་དུས་ཤིག་ཏུ་ངེས།

རང་རེའི་ཆེད་ལས་ཀྱི་མིང་གི་སྔོན་དུ་“བོད་ཀྱི་”ཞེས་པའི་ཁྱད་པར་འབྱེད་བྱེད་ཀྱི་ཚིག་འབྲུ་དེ་ཡོད་ན་རིག་གནས་དེ་ཡང་དོན་དུ་བོད་ཀྱི་རིག་གནས་ཡིན་པར་མཚོན་པས་བོད་ཀྱི་གསོ་རིག་ལ་རང་མི་རིགས་ཀྱིས་བདག་པོ་རྒྱབ་པ་རེད། བོད་ཀྱི་གསོ་བ་རིག་པ་ནི་མདོ་དབུས་མཐོ་སྒང་གི་བོད་མི་རྣམས་ཀྱི་མེས་པོའི་ཤུལ་བཞག་ཡིན་པ་སུས་ཀྱང་ཤེས། མཐོ་སྒང་འདིའི་བོད་རིགས་མི་གྲངས་ས་ཡ་ལྔ་ལྷག་ནི་གསོ་བ་རིག་པ་འདིའི་བདག་པོ་ཡིན་པས་བོད་ཀྱི་གསོ་བ་རིག་པའམ་བོད་སྨན་ཞེས་ཟེར་ན་འཛམ་གླིང་གང་དུའང་བོད་ཀྱི་ཡིན་པ་ཇེ་གསལ་དུ་བཏང་བ་རེད། ང་ཚོས་རྒྱ་གར་གྱི་ཁོངས་སུ་ཡོད་པའི་ལ་དྭགས་དང་འབྲས་ལྗོངས་སོགས་དང་། འབྲུག་རྒྱལ་ཁབ། སོག་པོའི་རྒྱལ་ཁབ་བཅས་སུ་ཡོད་པའི་བོད་ཀྱི་གསོ་བ་རིག་པ་ལ་སློབ་སྦྱོང་བྱེད་མཁན་དང་ལག་ལེན་བྱེད་མཁན་རྣམས་ལ“བོད་ཀྱི་གསོ་བ་རིག་པ”འམ“བོད་སྨན་”ཞེས་ཟེར་དགོས་ཞེས་བཤད་པའི་དབང་ཆ་མེད་ལ་བཤད་ཀྱང་མི་འོས། དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཆབ་སྲིད་ལ་རག་ལས་ཤིང་ཁོ་ཚོས་རང་ཉིད་བོད་རིགས་ཡིན་ཚུལ་ཡང་བཤད་མི་ཕོད། དེས་ན་རང་རེའི་བོད་ཀྱི་སྨན་པ་རྣམས་དང་བོད་སྨན་དགེ་རྒན་རྣམས་ཀྱིས་ཀྱང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད་པའི་མདོ་དབུས་མཐོ་སྒང་འདིའི་རིག་གནས་ཀྱི་བདག་དབང་རྒྱལ་ནང་དུ་འཛིན་ཨེ་ཐུབ་བལྟ་དགོས་པ་ལས་ཕྱི་རྒྱལ་དུ་འཛིན་མི་ཐུབ། 

༤ རྒྱལ་ནང་དུའང་མིང་ལ་ཁྱད་པར་འབྱེད་དགོས་པ།

ཀྲུང་གོའི་ནང་ཁུལ་དུ་ད་ལྟ་རྒྱ་རིགས་འདུས་པའི་མི་རིགས་སུམ་ཅུ་སོ་དྲུག་ལ་སྲོལ་རྒྱུན་གསོ་རིག་གམ་སྨན་དཔྱད་ལག་ལེན་ཡོད་པ་མ་ཟད་ཁྲིམས་མཐུན་དུ་གྱུར་ཡོད། དེ་དག་རེ་རེ་ལའང་སོ་སོ་མི་རིགས་རང་ཉིད་ཀྱི་མིང་སྔོན་དུ་སྦྱར་ཏེ་མིང་བཏགས་ཡོད་པ་ལས། གསོ་བ་རིག་པ་ཞེས་པའི་མིང་ཁོ་ན་བཏགས་པ་གཅིག་ཀྱང་མེད། དེ་བས་རྒྱལ་ནང་དུའང་རང་རེའི་གསོ་རིག་ལ་བོད་ཡིག་གིས“བོད་ཀྱི་གསོ་བ་རིག་པ” འམ་ “བོད་སྨན་”ཞེས་པ་སོགས་དང་། རྒྱ་ཡིག་ཏུ་ “藏医”“藏药” དང་ཡང་ན་ “藏医药” ཞེས་ཁྱད་པར་ཕྱེས་ཏེ་བཤད་དགོས། དེ་ལྟར་བྱས་ན་ད་གཟོད་བོད་ཀྱི་གསོ་བ་རིག་པ་ནི་བོད་མི་རིགས་ཀྱི་ཡིན་པའི་བདག་དབང་དེ་རྒྱལ་ནང་དུའང་རང་བཞིན་གྱིས་མཚོན་ཡོད།

༥ ལོ་རྒྱུས་སྟེང་“བོད་ཀྱི་”ཞེས་པའི་མིང་འདོགས་སྲོལ་ཡོད་པ།

ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། སྤྱི་ལོའི་དུས་རབས་བདུན་བརྒྱད་སྐབས་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རིང་ལ་བོད་ཁུལ་ནི་བཙན་པོའི་རྒྱལ་ཁབ་ཅིག་ཡིན་པ་དང་། འཛམ་གླིང་ཤར་ནུབ་ཀྱི་རིག་གནས་སྤྱི་དང་སྒོས་སུ་གསོ་བ་རིག་པའི་ལུགས་རྣམས་བརྗེ་རེས་བྱེད་ས་ཞིག་ཏུ་གྱུར་ཡོད་པ་དང་། ལྷག་པར་དུ་ལུགས་ཆེན་གསུམ་ཞེས་རྒྱ་ནག་གི་ལུགས་དང་། སྟག་གཟིག་གམ་ཁྲོམ་གྱི་ལུགས། རྒྱ་གར་གྱི་ལུགས་བཅས་ཀྱི་གསོ་རིག་ལ་བོད་པ་རྣམས་ཀྱིས་ཀྱང་སློབ་སྦྱོང་བྱས་ཡོད་པ་ནི་དེང་དུས་བཤད་བཞིན་པའི་རྒྱལ་སྤྱི་ཅན་གྱི་ཚད་གཞིའི་སྟེང་ནས་གསོ་རིག་སྣ་ཚོགས་ལ་སློབ་སྦྱོང་བྱེད་པའི་སྲོལ་ཡོད་པ་མཚོན། ཚུལ་དེ་ལ་རྒྱལ་པོ་སྲོང་བཙན་སྒམ་པོས། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན།།སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ།།བདག་དང་གཞན་ལ་ཕན་པར་མི་ནུས་པས།།བར་སྣང་མཁའ་ལ་ཇི་ལྟར་མཐོས་བསྙབ་བཞིན།།ཞེས་གསུངས་པ་ནི་སྡེ་སྲིད་རིན་པོ་ཆེའི་སྨན་གྱི་ཁོག་འབུབས་སུ་དྲངས་ཡོད་པ་ལྟར་དང་། ཡང་ཕྱིས་སུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བོད་ཀྱི་གསོ་བ་རིག་པ་སྔར་བས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་ཆེད་མཐའ་བཞིའི་སྨན་པ་སྟེ་རྒྱལ་པོའི་བླ་སྨན་དགུར་གྲགས་པ་རྣམས་གདན་དྲངས་པའི་ལོ་རྒྱུས་ཡོད་པ་དང་། དེའི་སྐབས་སུ“བོད་ཀྱི་སྨན་པ་མི་དགུ་སོགས་ཡོད་”ཅེས་སྡེ་སྲིད་རིན་པོ་ཆེའི་སྨན་གྱི་ཁོག་འབུབས་སུ་གསལ་བ་དང་། ད་དུང་སྡེ་སྲིད་རིན་པོ་ཆེའི་སྨན་གྱི་ཁོག་འབུབས་ཀྱི་ཚིག་རིས་སུ“བོད་སྨན་གཞན་བརྒྱད་པོ་”ཞེས་པ་ལྟ་བུའི་ཚིག་བཀོལ་ཡོད་པ་ལས་མི་རིགས་གཞན་ལ་ལྟོས་ཏེ་བོད་ཀྱི་སྨན་པ་ལོགས་སུ་ཕྱེས་འདུག་པ་ཤིན་ཏུ་གསལ། དེ་ལྟར་གནའ་སྔ་མོ་ནས“བོད་སྨན་མཁས་པ་མི་དགུ་”དང་“ཕྱོགས་རིགས་ཀྱི་སྨན་པ་མི་དགུ”ཞེས་ཕྱོགས་ཀྱི་སྨན་པ་དང་མི་འདྲ་བར“བོད་ཀྱི་”ཞེས་ཐ་སྙད་ཀྱི་ཟུར་གསལ་བོར་ཐོན་པར་བྱས་ལ་གནའ་སྔ་མོ་ནས་ཀྱང་དེ་ལྟ་བུའི་བརྗོད་སྲོལ་ཡོད་པ་ཤེས་ཐུབ། དེ་བས “བོད་ཀྱི་གསོ་བ་རིག་པ་”དང་“ བོད་ལུགས་གསོ་བ་རིག་པ་”ལ་སོགས་པ་འདི་ཀུན་མིང་འདོགས་གསར་བ་ཞིག་མིན་པའང་གསལ་ལོ། །

༦ བོད་ཀྱི་རིག་གནས་ཡོངས་ལ“བོད་”ཅེས་པའི་མིང་གིས་ཁྱད་པར་འབྱེད་དགོས་པ།

སྣ་མང་འདུ་འཛོམས་ཀྱི་ད་ལྟའི་དུས་སྐབས་འདིར་བོད་ཀྱི་གསོ་རིག་ལ་ “བོད་” དང་ “བོད་ཀྱི་” ཞེས་པ་སྦྱོར་དགོས་པར་མ་ཟད། བོད་ཀྱི་རིག་གནས་ཡོངས་རྫོགས་ལ་“བོད་” དང་ “བོད་ཀྱི་” ཡང་ན་ “བོད་ལུགས་” ཞེས་ཁྱད་པར་གསལ་བོར་འབྱེད་བྱེད་ཀྱི་མིང་འདོགས་དགོས་པ་ནི་དུས་རབས་ཀྱི་དགོས་མཁོ་ཡིན་པས། བོད་ཀྱིས་རང་གི་ཡུལ་ནས་ཐོན་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་མང་པོའི་མིང་གི་ཟུར་དུ་“བོད་” དང་ “བོད་ཀྱི་” ཞེས་སྦྱར་ཡོད་པ་མ་ཟད་དེ་རྣམས་ད་དུང་མིང་གཏན་ཆགས་སུ་གྱུར་ཡོད་པ། དཔེར་ན། “བོད་ཟས”། “བོད་ལྭ”། “བོད་ཁང་”། “བོད་ཁུལ” ལ་སོགས་པ་ལྟ་བུ་དང་། ཐ་ན་རྒྱ་གར་ནས་བོད་དུ་དྲངས་པའི་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ལའང་བོད་ཀྱི་མཁས་གྲུབ་མང་པོས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་དུ་ཐོས་བསམ་སྒོམ་གསུམ་མཛད་དེ་བོད་ཀྱི་ཁྱད་ཆོས་ལྡན་པའི་ས་དགེ་བཀའ་རྙིང་སོགས་ཆོས་བརྒྱུད་ཆེ་ཆུང་མང་པོ་དར་རྒྱས་བྱུང་བ་ལ་ད་ལྟ“བོད་ཀྱི་ནང་ཆོས”དང་། ཡང་ན་“བོད་ཀྱི་ནང་བསྟན”ཞེས་པའི་མིང་རང་ཤུགས་སུ་ཐོགས་ཡོད། དེ་བཞིན་བོད་མི་རིགས་ཀྱི་མདུན་ལམ་ལ་སྤྱན་དཀྱུས་རབ་ཏུ་ཡངས་པའི་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་གིས་ཀྱང་བོད་དུ་ཡོད་པའི་ནང་ཆོས་ལ“བོད་བརྒྱུད་ནང་བསྟན་” ཞེས་མཚན་གསོལ་ཡོད་པ་དཔེར་ན། ༡༩༨༧ལོར་པེ་ཅིན་དུ་ཕྱག་བཏབ་པའི་བོད་ཀྱི་ནང་བསྟན་སློབ་གྲྭའི་མཚན་ལ་ “ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་” ཞེས་མཚན་གསོལ་ཡོད་པ་ལྟ་བུ་རེད། དེ་ནི་བོད་བརྒྱུད་ནང་བསྟན་གྱི་སློབ་གྲྭ་ཡིན་ན་ཡང་སློབ་གཉེར་གནང་མཁན་བོད་རིགས་ཁོ་ན་མ་ཡིན་པར་སོག་རིགས་མང་པོ་ཡང་ཡོད། ཞིབ་ཏུ་བསམས་ན་སློབ་གྲྭ་དེའི་མཚན་གསོལ་ཚུལ་ཙམ་ལའང་དགོངས་གཞི་གཏིང་ཟབ་པོ་འདུག

མདོར་ན། བོད་ཀྱི་གསོ་རིག་ལ་མིང་འདོགས་གསར་དུ་བྱེད་པ་ནི་ཐང་གི་རྡོ་བླངས་ཏེ་རུམ་གྱི་བྲོ་ལྷུང་ཟེར་བའི་དཔེ་རུ་གྱུར་འདུག་པ་ཕྱོགས་མང་པོ་ལས་ཤེས་ཐུབ། དེས་ན་རིག་གཞུང་ལ་མིང་འདོགས་པར་སྙན་ངག་གི་ཉམས་མི་དགོས་ལ་མངོན་བརྗོད་ལ་སོགས་དེ་བས་ཀྱང་ནི་མིན། མ་འོངས་པར་རང་ཉིད་སུ་ཡིན་པ་དང་རང་ལ་ཅི་ཞིག་ཡོད་པ་གསལ་བོར་བྱེད་དགོས་པ་ལས་ཁ་དོག་མག་མོག་གི་སྐད་ཆར་མགོ་འཁོར་ན། ནམ་ཞིག་གི་ཚེ་ན་རང་ཉིད་གང་དུ་གཏོགས་མིན་ཡང་མི་ཤེས་པའི་གནས་སུ་ལྷུང་སྲིད། རང་རིགས་གསོ་རིག་གི་ཕ་ས་ཕ་ཡུལ་ནི་བོད་ཡུལ་ཡིན་པ་དང་དེ་བོད་མི་རིགས་ལ་དབང་བས། བོད་སྐད་བོད་ཡིག་གི་སྟེང་ནས་ “བོད་ཀྱི་གསོ་བ་རིག་པ”དང་། “བོད་ཀྱི་གསོ་རིག”  “བོད་ལུགས་གསོ་རིག” “བོད་སྨན” ཞེས་དང་། དབྱིན་ཡིག་དང་ཕྱི་ཡིག་གཞན་དག་ཏུ“Tibetan Medicine”ཞེས་དང་། ཡང་ན“Tibetan Sowa-Rigpa” “Tibetan Sorig” ཞེས་ཟེར་དགོས་ལ། རྒྱ་ཡིག་ཏུའང“藏医”དང“藏医药”ཞེས་མཚན་གསོལ་ན་འཕྲལ་ཕུགས་གང་དུའང་རང་རིགས་ལ་ཕན་ཐོགས་འབྱུང་བར་དོགས་པ་ཅི་ཡང་མི་དགོས་སོ། །

དཀོན་མཆོག་རྒྱལ་མཚན། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ།

རྩོམ་སྒྲིག་པ། བསམ་ནོར།

དཔྱད་མཆན 0 ཡོད།