རླུང་རྟའི་རིག་གནས་ཀྱི་བྱུང་འཕེལ་དང་མཚོན་དོན་ལ་དཔྱད་པ།

[ནང་་དོན་གཙོ་བོ] དཔྱད་རྩོམ་འདིའི་ནང་དུ་རླུང་རྟའི་སྲོག་ཆགས་ཀྱི་ཐོག་མའི་མཚོན་དོན་དངོས་ནི་བླ་ཡིན་ལ། རུས་རྒྱུད་ཚོ་ཁག་ཕན་ཚུན་གྱི་རྩོད་གླེང་དང་གཅིག་ཁོངས་བདག་དབང་ལ་བརྟེན་པའི་བྱ་རིམ་ཁྲོད་བླ་རྟེན་སྲོག་ཆགས་ཀྱིས་མཚོན་པའི་རླུང་རྟའི་རི་མོ་བྱུང་བ་དང་། སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་ཆོས་ལུགས་ཀྱི་བརྗོད་དོན་དང་འབྲེལ་ནས་རླུང་རྟའི་མཚོན་དོན་ལ་འགྱུར་ལྡོག་བྱུང་ཚུལ་སྐོར་ལ་དཔྱད་ཞིབ་བྱས་ཡོད།

[བརྡ་ཆད་གཙོ་བོ] བླ་རྟེན་སྲོག་ཆགས། རླུང་རྟ། དགྲ་བླ། ཆོས་ལུགས། དར་ལྕོག མཚོན་དོན། འཕེལ་འགྱུར།

སྔོན་འགྲོའི་གླེང་གཞི།

རླུང་རྟའི་བྱེད་སྒོ་ནི་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་དམངས་སྲོལ་རིགས་ཤིག་ཡིན་ཏེ། རི་བོ་ཆེན་པོའི་རྩེ་དང་ཆུ་བོ་ཆེན་པོའི་འགྲམ། ཉག་ག་ཆེན་པོའི་དཀྱིལ་སོགས་སུ་དར་ཤིང་ངམ་དར་ལྡིང་ལ་རླུང་རྟའི་དར་ལྕོག་སྒྲོག་པ་དང་། དུད་ཁྱིམ་སོ་སོའི་ཁང་སྟེང་དུའང་དར་ལྕོག་བསྒྲེངས་ཡོད་པས་དར་ལྕོག་ཡོད་པའི་གྲོང་སྡེ་དང་། རི་ཆུ་ནགས་གསུམ་མཐོང་ན་ས་དེ་ནི་བོད་ཡུལ་དང་ཡང་ན་བོད་མི་ཡོད་པ་ཁ་ཚོད་བཅད་ཆོག་པ་ཞིག་དང་། ལྷ་གཉན་གཞི་བདག་ལ་བསང་ཕུད་པའི་བརྒྱུད་རིམ་ཁྲོད་དུ་རླུང་རྟ་མཁའ་ལ་སྤུར་བ་ནི་དེར་འབྲེལ་གྱི་ཆོ་ག་གཙོ་བོ་ཞིག་ཏུ་གྱུར་བ་མ་ཟད། ལམ་འགྲོ་བ་རྣམས་ཉག་ག་མཐོ་སར་བརྒྱུད་འགྲོ་དུས་རྒྱུ་ཤོག་བུའི་སྟེང་དཔར་པའི་རླུང་རྟ་མཁའ་ལ་སྤུར་བ་ནི་བོད་མིའི་གོམས་གཤིས་སུ་ཆགས་ཡོད། དེང་སྐབས་བོད་པ་མང་ཆེ་བས་ཕྱི་དངོས་པོའི་ཆ་རྐྱེན་དང་བསྟུན་ནས་ཟམ་པ་ཆེ་ཆུང་དང་། གནས་རི། དགོན་པའི་ཉེ་འཁོར་སོགས་ལ་དར་རས་ཁ་དོག་སྣ་ལྔའི་རླུང་དར་སྣ་ཚོགས་འཕྱར་བཞིན་ཡོད་པ་དེས། བོད་ཡུལ་འདིར་ལྗོངས་རྒྱུར་ཕེབས་པའི་སྐུ་མགྲོན་རྣམས་ལ་མཛེས་ཆོས་ཀྱི་སྤྲོ་སྣང་གསར་བ་ཞིག་ངམ་ཤུགས་སུ་སྟེར་གྱིན་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་ཚོས་རླུང་རྟ་ནི་བོད་མིའི་འཚོ་གནས་ཀྱི་བཞུར་རྒྱུན་དང་གཅིག་ཏུ་འབྲེལ་བའི་དམངས་སྲོལ་རིག་གནས་གལ་ཆེན་ཞིག་ཏུ་མཐོང་ནས།

དེའི་བྱུང་བརྗོད་ཐད་ལ་དཔྱད་ཞིབ་དང་བཞེད་དགོངས་མི་འདྲ་བའི་མཐའ་སྡོམ་འགའི་རང་ལུགས་བཀོད་ཡོད་པ་ལས། རྩ་བ་བོད་དང་གྱེས་པའི་རིག་གནས་ཀྱི་ཞིང་ས་གཞན་ལ་ཕུགས་འདེད་བྱེད་པ་ནི། རྒྱ་ནག་པའི་འདས་མཆོད་ཀྱི་ཆོ་ག་སྒྲུབ་དུས་ཤོག་རྟ་བཟོས་ནས་ཚེ་འདས་ལ་རྫོང་བ་བྱེད་པའི་དམངས་སྲོལ་དེ་ལས་བྱུང་བར་འདོད་པ་དང་། ཁ་ཅིག་གིས་རླུང་རྟ་ནི་ཀུང་ཙེ་འཕྲུལ་རྒྱལ་གྱིས་གསར་གཏོད་གནང་བ་དང་། ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་རྒྱ་ནག་གི་ཁུང་ཙི་ཡིན་པའི་སྒྲུབ་བྱེད་བཀོད་དེ་རླུང་རྟའི་ཤེས་རིག་གི་ཁུངས་རྒྱ་ནག་ལ་གཏུགས་ཅི་ཐུབ་བྱས་ཡོད་ནའང་། སྔ་མའི་དགོངས་པ་དེའི་མཐའ་དཔྱད་ལ་རྟ་མཆོག་གི་གཟུགས་རིས་ཁོ་ནས་གྲུབ་མི་ནུས་ཏེ། ཆོ་ག་དེར་ཁང་བཟང་དང་སེམས་ཅན་གཞན་གྱི་འདྲ་གཟུགས་མང་པོ་བཟོས་ནས་འདས་རྫོང་བྱེད་པ་དེ་དག་དང་། དེ་མིན་མི་རིགས་གཞན་ནའང་སྒོ་ཕྱུགས་ལས་རྟ་མཆོག་ལ་བརྩི་མཐོང་བྱེད་པའི་རིག་གནས་དར་ཆེ་བ་རྣམས་དང་། རང་རྒྱལ་གྱི་ལི་སུའུ་རིགས(傈僳族)ཀྱི་གྲི་སྐས་དུས་སྟོན(刀杆节)ཞེས་མཐོ་ལ་རྨི19.6ཡོད་པའི་གྲི་སྐས་ལ་རྐང་རྗེན་དུ་འགོ་བ་དང་ཚ་རླབས་ཏུའུ་གྲངས300ཡོད་པའི་མེ་ཕུང་ནང་རྐང་རྗེན་དུ་མཆོང་བའི་དམངས་སྲོལ་དེ་ནའང་། དུས་སྟོན་དུ་ཞུགས་མཁན་ཕོ་མོ་གཉིས་ཀྱི་རྒྱབ་ལ“甲马”ཞེས་རས་དཀར་པོ་ཁ་གང་གྲུ་བཞི་མ་ཞིག་གི་སྟེང་དུ་མདའ་གསུམ་རྒྱབ་ལ་ཁུར་པའི་རྟ་མཆོག་གི་རི་མོ་ཡོད་པ་ཞིག་འདོགས་པ་ནི། དུས་སྟོན་དེར་འཇུག་པའི་ཡིད་ཆེས་དང་སྤོབས་པའི་མཚོན་དོན་ཡིན་པར་བཤད་པའང་རྟ་མཆོག་གི་གཟུགས་རིས་ཡིན་པས་རླུང་རྟའི་སྒྲུབ་བཤད་དུ་བཀོད་ན་བུ་གཅིག་ལ་ཕ་བརྒྱ་ཡོད་པའི་དཔེ་རུ་སོང་བ་མ་ཡིན་ནམ།

ཕྱི་མའི་མཐའ་དཔྱད་ལ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་ནི་རྩིས་དང་ས་དཔྱད་སོགས་ལ་མཁས་པའི་སྔོན་བྱོན་མཁས་དབང་ཚད་མར་འཛིན་པ་ཞིག་ཡིན་པ་ཀུན་ལ་གྲགས་ནའང་། སྔར་གྱི་ལོ་རྒྱུས་དང་གཞུང་རྣམས་སུ་ལ་ལས་རྒྱ་ནག་གི་ཡིན་ཚུལ་སོགས་བཤད་ཡོད་པ་ནི་ཀོང་ཙེ་དང་ཁུང་ཙི་ཞེས་མིང་གི་སྒྲ་ཉེ་བ་རྒྱུ་མཚན་དུ་བཀོད་པ་ལས་ལོ་རྒྱུས་ཀྱི་ཁུངས་ལུང་ཐུབ་པ་ཞིག་མེད་པ་འདྲ། ཀོང་ཙེ་འཕྲུལ་རྒྱལ་ནི་མི་མཇེད་འཇིག་རྟེན་གྱི་ལྷོ་ཕྱོགས་གནའ་སྔ་མོར་ཞང་ཞུང་ཞེས་བྱ་བ་དང་ད་ལྟ་བོད་ཀྱི་ཁོངས་སུ་འདུ་བ། བོན་ཀྱི་སྟོན་པ་གཤེན་རབ་ཀྱི་དུས་སུ་འཁྲུངས་ཤིང་འགྲོ་དོན་རྒྱ་ཆེར་མཛད་པའི་མཁས་པ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་དང་། ཁོང་གི་ཡབ་ཡུམ་དང་མཛད་འཕྲིན་བཅས་ཞིབ་མོར《མདོ་དྲི་མེད་གཟི་བརྗིད》དང《མདོ་གཟེར་མིག》སོགས་བོན་གཞུང་ན་གསུངས་ཡོད་པ་དེའོ། །

གཞན་ཡང་རྒྱ་གར་དང་བལ་བོའི་ས་ཆར་ཆོས་རྒྱལ་མྱ་ངན་མེད(སྤྱི་ལོ་སྔོན་གྱི་268-232)ཀྱི་སྐུ་དུས་སུ་བཟོས་པའི་རྡོའི་ཀ་བ་འགའ་ཞིག་མཇལ་རྒྱུ་ཡོད་པ་དེར། ཀ་བའི་སྟེང་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་ཡིག་བརྐོས་ཡོད་པར་མ་ཟད། ད་དུང་གླང་ཆེན་དང་། རྟ། བ་གླང་། སེང་གེ་བཅས་ཀྱི་སྲོག་ཆགས་བཞི་བརྐོས་ཡོད་པ་དང་། སྲོག་ཆགས་དེ་བཞི་ནི་ཕྱོགས་བཞིའི་རྒྱལ་ཕྲན་གྱི་མཚོན་བྱེད་ཡིན་ཞིང་བོད་ཀྱི་རླུང་རྟའི་འབྱུང་ཁུངས་ཀྱང་དེ་ཡིན་ཞེས་ཕུགས་འདེད་བྱེད་པ་ནི། སྲོག་ཆགས་བཞི་བོ་དེའི་རི་མོ་རླུང་རྟ་སྡེ་བཞི་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཤད་པ་ཡིན་ཡང་སྒྲུབ་བྱེད་དུ་མི་འགྲོ་སྟེ། དེ་དང་ཕྱོགས་འདྲ་བ་མི་ལའི་གསུང་མགུར་མཛོད་ནག་མ་ལས། དེར་དེ་ནུབ་མི་ལའི་རྨི་ལམ་དུ་ཕྱོགས་བཞིར་ཀ་བ་ཆེན་པོ་བཞི་བཙུགས། དེ་རྣམས་ཀྱི་སྟེང་དུ་སེང་གེ་མཆོང་བ་དང་། སྟག་མོ་ངར་བ་དང་། ཁྱུང་ཆེན་འཕུར་བ་དང་། རྒོད་པོ་ལྡིང་བ་རྣམས་བྱུང་སྟེ། ཞེས་པའི་རྨི་ལམ་གྱི་དོན་ནི་མར་བ་ལོ་ཙཱ་བའི་ཐུགས་སྲས་བུ་ཆེན་བཞི་ཡིས་བཀའ་གདམས་པའི་གྲུབ་མཐའ་སྤེལ་ཞིང་རྒྱས་པའི་བརྡ་མཐོང་བ་རྣམ་ཐར་དུ་གསུངས་པའང་རླུང་རྟ་སྡེ་བཞི་དང་འདྲ་བའི་སྲོག་ཆགས་བཞི་ཡོད་པས་སོ། །དེའི་ཕྱིར་ཕྱོགས་ཙམ་འདྲ་བ་ཀུན་ལ་ཡོད། ཐམས་ཅད་འདྲ་བ་གཅིག་ཀྱང་མེད་ཅེས་པའི་དཔེ་ལྟར་རླུང་རྟ་སྡེ་བཞིའི་རི་མོ་དང་དེའི་མཚོན་དོན་གྱི་རིག་གནས་ལ་དཔྱད་ཞིབ་མི་བྱེད་པར་རི་མོའི་འདྲ་གཟུགས་ཙམ་རྒྱུ་མཚན་དུ་བྱས་ནས་བཤད་ན་དོན་དངོས་ལ་གསལ་ཁ་འབྱིན་མི་ནུས་པས། ཡ་ཐོག་བོད་མིའི་བསམ་བློ་དང་རིག་གནས་ལ་བརྟེན་ཏེ་རླུང་རྟའི་ཤེས་རིག་གི་བྱུང་འཕེལ་སྐོར་གླེང་བར་འདོད་པ་ལ།

དང་པོ། རླུང་རྟའི་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས།

རླུང་རྟའི་རི་མོ་ནི་དབུས་སུ་རྟ་མཆོག་དང་། སྟོད་ཟུར་གཉིས་ན་ཁྱུང་དང་འབྲུག སྨད་ཟུར་གཉིས་ན་སྟག་དང་སེང་གེའི་གཟུགས་རིས་བྲིས་ཡོད། གཟུགས་རིས་དེ་དག་གི་མཚོན་དོན་དངོས་ནི་བླ་ཡིན་ལ། བླ་ཞེས་པའི་རིག་གནས་འདི་ལ་དབྱིན་ཇིའི་སྐད་དུtotemདང་རྒྱ་ནག་སྐད་དུ图腾文化ཞེས་བརྗོད་ཀྱིན་ཡོད། བོད་རིག་པའི་ཁྱབ་ཁོངས་སུ་བླ་ཞེས་པའི་ངོས་འཛིན་སྟངས་ལ་(བླ་ནི་རྩ་རླུང་གི་ཐིག་ལེའི་དྭངས་མ་ཞིག་ལ་འདོད་པ་དང་། ཀུན་གཞིའི་རྣམ་ཤེས་ལ་འདོད་པ། ཀུན་གཞིའི་རྣམ་ཤེས་སྟེང་གི་བག་ཆགས་ལ་འདོད་པ་སོགས་ )བཞེད་ཚུལ་དུ་མ་ཞིག་ཡོད་ནའང་། གསང་ལུང་ལས། བླ་ནི་སྲོག་གི་རྗེས་འགྲོ་བྱེད། ཅེས་གསུངས་པ་ལྟར་བླ་ནི་གང་ཟག་གི་སྲོག་དང་། ཚེ་དང་། རྣམ་པར་ཤེས་པ་རྣམས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གྲུབ་པའི་འདུ་བྱེད་ཅིག་ཡིན་ཞིང་། གལ་སྲིད་བླ་འཁྱམས་པ་བྱུང་ན་གང་ཟག་རང་ཉིད་ལ་ན་ཚ་དང་གོད་ཆགས་ཡོང་བས་ནམ་རྒྱུན་བླ་རྟེན་གསོ་བ་དང་། བླ་གཡུ་འདོགས་པ་སོགས་བླ་ལུས་ལ་གནས་པའི་ཆོ་ག་མང་པོ་བྱེད་སྲོལ་ཡོད་པ་ལྟར། བླ་ནི་གང་ཟག་གི་རྒྱུད་ལ་གནས་ཤིང་། བག་ཆགས་དང་རྣམ་པར་ཤེས་པའི་ཚོགས་དང་སྡོང་ནས་བྱ་བ་སྣ་ཚོགས་བྱེད་པར་འདོད་པ་དང་། དེ་ཉིད་ཕྱི་ཡི་རི་བྲག་མཚོ་ཤིང་དང་། རྟ་གཡག་ལུག་ལ་སོགས་པའི་རྟེན་རྣམས་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པས། གང་ཟག་ཞིག་གི་བླ་རྟེན་བཤིག་པ་ལ་སོགས་པའི་སྐྱོན་ཆ་བྱུང་ན་གང་ཟག་དེ་ཉིད་ལ་ན་ཚ་དང་། ཤི་ཆད་ཡོང་བ་མ་ཟད་གང་ཟག་དེ་དང་འབྲེལ་བའི་ཕ་མ་སྤུན་མཆེད་སོགས་ལའང་མི་བདེ་བ་འོང་བར་བཤད། དེས་ན་བླ་ནི་གང་ཟག་གི་རྒྱུད་ཁོ་ན་ལ་གནས་པ་མ་ཡིན་པར་ཕྱི་ཡི་རྟེན་སྣ་ཚོགས་དང་འབྲེལ་ཞིང་བརྟེན་ནས་གནས་ཡོད་སྟབས་ཕྱི་ཡི་བླ་རྟེན་ཡང་མི་འདྲ་བ་དུ་མ་ཞིག་ཡོད་པ་དང་། འབྲེལ་ཡོད་ཀྱི་ཡིག་ཆ་ལས་མཐོང་བ་ལྟར་ན། བླ་གནས་དང་བླ་རྟེན་ཞེས་འབྲི་ལུགས་གཉིས་ཡོད་ལ། བླ་གནས་དང་བླ་རྟེན་ཞེས་མཐའི་ཡི་གེ་གནས་དང་རྟེན་གཉིས་དོན་གཅིག་ཏུ་གོ་བ་ཞིག་དང་། བླ་གནས་ཞེས་པའི་བླ་དེ་གང་ཟག་གི་ལུས་ལ་གནས་པ་(ལུས་ཀྱི་ཆ་གཅིག་ཁོ་ནར་གནས་པ་མ་ཡིན་པར་ཉིན་རེ་བཞིན་གནས་བརྗེ་ནས་འགྲོ་ཚུལ་སྨན་འབུམ་དཀར་བོ་ལས་གསུངས་ཡོད།)དང་། བླ་རྟེན་ཞེས་པའི་བླ་ནི་ཕྱི་དངོས་པོའི་རྟེན་རི་བྲག་རྟ་གཡག་སོགས་ལ་འཁོར་ཞིང་བརྟེན་པ་བཅས་སོ་སོར་འདོད་པ་གཉིས་ཡོད། རང་ལུགས་ལ་གནས་དང་རྟེན་ཞེས་པའི་ཐ་སྙད་འདི་ནི་གནས་གཞི་དང་རྟེན་གཞི་ཞེས་པའི་དོན་དེ་གནས་དང་རྟེན་སའི་ཡུལ་ལ་གོ་བའི་སྔ་མ་ལྟར་འདོད། བླ་ནི་རི་བྲག་རྟ་གཡག་སོགས་ཕྱིའི་རྟེན་ལ་རག་ལས་ཀྱི་འབྲེལ་བ་གྲུབ་ཚུལ་ནི། གདོད་མའི་མི་རྣམས་ཀྱིས་རང་གི་འཚོ་གནས་དང་འཚམས་པའི་ས་ཁོངས་ཞིག་བདག་ཏུ་བཟུང་སྟེ་ཡུན་རིང་དུ་ཐོན་སྐྱེད་བྱེད་པ་ན། འཚོ་བར་འགྱུར་ལྡོག་དང་ནད་ཡམས་བར་བགེགས་ཀྱི་རྐྱེན་རྣམས་ལ་ཅུང་ཞིག་བྲལ་ཚེ། དེའི་རྒྱུ་རྐྱེན་ནི་རི་མཐོ་ལ་ཆུ་གཙང་བ། དེ་རུ་རྒྱུ་བའི་སྲོག་ཆགས་ཐུན་མོང་མ་ཡིན་པ་རྟ་གཡག་སོགས་རང་གི་འཚོ་གནས་དང་ཐད་ཀར་འབྲེལ་བའི་དངོས་པོ་དག་གི་མཐུ་དང་ནུས་པར་དགོངས་ནས། དེ་དག་ལ་མི་སེམས་ཀྱི་འཁྲི་བ་ལྷག་པར་ཆེ་ཞིང་ནམ་རྒྱུན་སེམས་ཀྱང་དེ་ལ་ཆགས་ཤིང་འཁོར་བས་ན་བླ་བཅོལ་ཞིང་། ཇི་སྲིད་བླ་གནས་དེ་མ་འཇིག་བར་དུ་བླ་ཡང་མི་འཇིག་ལ། བླ་དེ་མ་འཇིག་བར་དུ་སྐྱེས་བུའི་སྲོག་ཀྱང་འགག་པར་མི་འགྱུར་བའི་འདུ་ཤེས་ལས་བླ་རི་དང་། བླ་མཚོ། བླ་ཤིང་། བླ་གཡུ། བླ་གཡག བླ་འབྲོང་། བླ་བྱ་སོགས་བླ་གནས་སྣ་ཚོགས་ཞིག་བྱུང་ཡོད།

བླར་དད་པའི་རིག་གནས་སྣང་ཚུལ་བྱུང་བ་ནས་མི་སྤྱི་དང་ཁྱད་པར་རྒྱལ་བོ་སོགས་གྲགས་ཅན་སྐྱེ་བོར་བླ་གནས་ཡོད་པ་ནི། ཏུན་ཧོང་གཏེར་ཡིག་ལས། འུང་ནས་ལོ་ངམ་གྱིས་གླང་པོ་བརྒྱའ་ལ། གསེར་གྱི་མདུང་རྩེ་ཉིས་བརྒྱའ་རྭ་ལ་བཏགས་ཏེ། རྒྱབ་དུ་ཐལ་བཀལ་ནས། གླང་ནང་འཐབ་སྟེ། ཐལ་བ་གཐོར་ནས། དེའི་ནང་དུ་ལོ་ངམ་གྱིས་བརྒལ་ཏོ། བཙན་པོ་དྲི་གུམ་ལྡེ་བླ་གུང་རྒྱལ་གྱིས་གནམ་དུ་དྲངས་ན། ལོ་ངམ་གྱིས་མཆན་ནས་སྤྲེའུ་ཕྱུང་བས། ལྡེ་བླ་གུང་རྒྱལ་ནི་ཏི་ཙེ་གངས་རུམ་དུ་འཕང་སྟེ་གཤེགས་སོ། །བཙན་པོ་གྲི་གུམ་ཡང་དེ་རུ་བཀྲོངས། ཞེས་པའི་གཏམ་རྒྱུད་འདིའི་ནང་དུ་ལོ་ངམ་གྱིས་དྲི་གུམ་གྱི་སྲོག་རྟེན་དུ་གྱུར་བའི་བླ་གནས་གཙོ་བོ་གཏོར་བས་བཙན་པོ་གྲི་གུམ་ཡང་ཕམ་སོང་བ་བསྟན་ཡོད་པ་དང་། ཧོར་གླིང་གཡུལ་འགྱེད་དུའང་། ཧོར་གུར་དཀར་རྒྱལ་པོས་བྱ་བཞི་མངགས་ནས་མཐའ་བཞིའི་རྒྱལ་ཁབ་ཁག་ལ་བཙུན་མོ་འཚོལ་བར་བཏང་བ་ན། གུར་དཀར་རྒྱལ་པོའི་བླ་བྱ་ཡིན་ཞེས་པའི་བྱ་ནག་ཁྭ་ཏ་དེས་ཡུལ་མང་པོ་ཞིག་བརྒྱུད་མཐར་ས་གླིང་གར་སྟོད་དུ་སླེབས་ནས་སེང་ལྕམ་འབྲུག་མོའི་མཛེས་སྡུག་མཐོང་ཚུལ་བརྗོད་པ་དེ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཨ་ཕྱི་གདགས་ལྷ་དཀར་མོ་ལ་མཚན་ཅིར་གསོལ་དྲིས་པས་བླ་སྤང་དང་མ་དིང་མེས་ཚིག་གམ། བླ་མཚོ་སྔོན་མོ་མ་བསྐམས་སམ། བླ་བྲག་སྔོན་མོ་མ་ཉིལ་ལམ། ཅེས་འབྱུང་བ་དང་། མི་རོ་རྩེ་སྒྲུང་ནང་གི་དྲན་གསལ་ཞེས་པའི་གཏམ་རྒྱུད་ལེ་ཚན་ཞིག་ན། འབངས་དྲན་གསལ་གྱིས་རྒྱལ་པོ་དྲན་གསལ་གྱི་བླ་གཡུ་བློ་རིག་བཀོལ་ནས་ལོན་ཐབས་བྱས་པ་དང་། དེ་ནས་རྒྱལ་པོ་དྲན་གསལ་གྱིས་ཁོ་གཉིས་གས་སྔོན་ལྐུགས་བཙུགས་པའི་ཁ་ཚིག་དོན་ལ་མ་གནས་པར་མ་ཟད། ད་དུང་འབངས་དྲན་གསལ་ཁྲིམས་ལ་སྦྱོར་རྩིས་བྱས་པས། འབངས་དྲན་གསལ་དངས་ཤིང་ཚིག་པ་ཟོས་ཏེ་བླ་གཡུ་དེ་ས་ལ་བརྡབས་ནས་བཅགས་པས། རྒྱལ་པོ་དྲན་གསལ་དེ་མ་ཐག་ཁ་ནས་ཁྲག་སྐྱུག་ཤིང་སྤྱི་གཙུག་ས་ལ་བཙུགས་ནས་ཤི་བར་གྱུར་བའི་ཚུལ་བརྗོད་པ་སོགས་ནི་གནའ་བོའི་བོད་མི་དག་ལ་དེ་ལྟ་བུའི་འདུ་ཤེས་ཡོད་པའི་མཚོན་དཔེ་ཞིག་རེད།

བླ་ཞེས་པ་ནི་རང་གི་ལུས་དང་བྲལ་ཏེ་ས་རྡོ་རི་བྲག་གམ་གཅན་གཟན་འདབ་ཆགས་གང་རུང་གི་ལུས་ལ་གནས་པར་འདོད་པ་ནི་རང་ཅག་མི་རིགས་འདི་ཁོ་ནར་ཡོད་པའི་སྣང་ཚུལ་ཞིག་མིན་པར་ཧྥོ་ལེ་ཙེ་ཡིས་བརྩམས་པའི་«གསེར་གྱི་ཡལ་གའི་»ནང་བཀོད་པ་ལྟར་ན། “པོད་ལེ་ཏོན་གསར་མའི་འཇམ་གཙང་གླིང་ཕྲན་ཕྱེད་ཀའི(加泽尔半岛)སྟེང་གི་ཡུལ་མི་རྣམས་ལ་གསང་བའི་ཚོགས་པ་ཞིག་ཡོད་པའི་མིང་ལ་དབྱིན་གུ་ནེར་ཐེའམ་དབྱིན་འཇུ་ཨར་ཐེ་ཟེར། ཚོགས་པ་དེར་ཞུགས་པའི་མི་ཚང་མར་སྲོག་ཆགས་ག་གེ་མོ་ཞིག་གི་ཆེ་ཆུང་དང་འདྲ་བའི་རྡོ་རེར་གནང་བ་དང་། རྡོ་དེ་དང་མི་དེའི་བླ་གཉིས་གཅིག་ཏུ་འབྲེལ་ཡོད་པས། གལ་ཏེ་རྡོ་དེར་གས་ཆག་བྱུང་ན་མི་དེ་ལ་ལྟས་ངན་པ་འབྱུང་ཟེར། མི་རྣམས་ཀྱིས་བཤད་པ་ལྟར་ན་རྡོ་ལ་ཐོག་གིས་བརྒྱབ་པའི་གནས་ཚུལ་བྱུང་ན་རྡོ་དེའི་བདག་པོ་མི་འགྱང་བར་འཆི་བ་དང་། རྡོ་དེར་ཆག་སྐྱོན་བྱུང་ཡང་མི་དེ་མ་ཤི་ན། རྡོ་དེ་བླ་རྟེན་དུ་མི་རུང་བར་བླ་རྡོ་གཞན་ཞིག་ལ་བརྗེ་དགོས་”1པར་བཤད། ཨ་ཧྥེ་རི་ཀའི་ནུབ་རྒྱུད་དུ་སྲོག་ཆགས་ཞིག་གི་ལུས་སྟེང་དུ་རང་གི་བླ་གནས་པའི་བསམ་བློ་འདི་དར་ཁྱབ་ཆེ་བ་དང་། ལྷག་པར་དུ་ནཱེ་རི་ལེ་ཡཱ་ས་ཁུལ་དུ་དར་ཁྱབ་ཆེ་བ་རེད། ས་དེའི་མི་རྣམས་ཀྱིས་རང་གི་སྲོག་ནི་ཁྱད་པར་ཅན་གྱི་རི་དྭགས་ག་གེ་མོའི་སྲོག་དང་འབྲེལ་བར་ཡིད་ཆེས་བྱེད། “དེ་ཡང་ལྷ་བ་ཞིག་གིས་འགོ་ཁྲིད་ནས་ཁྲག་འཐུང་མནའ་བཅད་ཀྱི་སྤུན་སྒྲིག་པའི་ཆོ་ག་སྤེལ་བ་སྟེ། རང་གི་ལུས་སྟེང་ནས་ཁྲག་ཅུང་ཙམ་ཞིག་བླངས་ཏེ་རི་དྭགས་ཀྱི་ཁ་ནང་དུ་འཇུག་པ་དང་། རི་དྭགས་ཀྱི་རྣ་ཁྲག་ཅུང་ཙམ་ཞིག་རང་གིས་འཐུང་ནས་མནའ་འབྲེལ་འཇོག་པ་རེད། མནའ་འབྲེལ་གྱི་ཆོ་གའི་རྗེས་ནས་སྲོག་ལ་གཅིག་རྟེན་གྱི་འབྲེལ་བ་གྲུབ་པས་ཕྱོགས་གཅིག་ལ་ཤི་རྐྱེན་བྱུང་ན་གཞན་དེའང་ཤི་འགྲོ་བ་”2ཡིན། ཁཱ་མེ་ལོན་གྱི་པཱ་ལོན་མིའི་བསམ་ཚུལ་ལ་“མི་ཚང་མར་རྣམ་ཤེས་འགའ་ཡོད་པ་དང་། དེའི་ཁྲོད་ཀྱི་གཅིག་ནི་རང་གི་ལུས་སྟེང་དུ་ཡོད་ལ། གཅིག་ནི་སྲོག་ཆགས་ཞིག་གི་ལུས་སྟེང་དུ་གནས་པར་འདོད་པ་རེད། དཔེར་ན་གླང་ཆེན་དང་། ཕག་རྒོད། གཟིག་སོགས་ལྟ་བུ། གལ་སྲིད་མི་ཞིག་ཕྱིར་ཁྱིམ་དུ་ལོག་ནས་ནད་བྱུང་བའི་ཚོར་སྣང་བྱུང་སྟེ། ང་མྱུར་དུ་འཆི་རྒྱུ་རེད་ཞེས་བཤད་པ་ན། དེ་ལྟར་དངོས་སུ་ཤི་བ་མངོན་དུ་གྱུར་ཚེ། མི་རྣམས་ཀྱིས་མི་དེའི་ཕག་རྒོད་དམ་གཟིག་གི་ལུས་སྟེང་དུ་གནས་པའི་རྣམ་ཤེས་དེ་གཞན་གྱིས་བསད་ཞེས་ཁ་ཚོད་གཅོད་པ་དང་། གཞན་དུ་གནས་པའི་རྣམ་ཤེས་ཀྱི་འཆི་བ་དེས་ཁོའི་ལུས་སྟེང་གི་རྣམ་ཤེས་ལ་ཤི་རྐྱེན་ཐེབས་པ་”3རེད་ཞེས་དང་། ནེ་རཱི་ཨར་ཆུ་བོའི་ངོགས་གཉིས་སུ་ཡོད་པའི་ཚོ་བ་འགའི་ཁྲོད་དུ་འདུ་ཤེས་འདི་འདྲ་ཞིག་ཆགས་ཡོད་དེ། “མི་ནི་སྲོག་ཆགས་ཞིག་གི་གཟུགས་གཞི་སྟེང་གནས་པར་འདོད་པ་དང་། དེ་ལ་གང་ཟག་གི་བདག་གཉིས་པ་ཞེས་བརྗོད་པར་ལཱ་ཏིང་སྐད་དུ(alterego)ཟེར་ལ།  ཆུ་སྲིན་དང་ཆུ་རྟ(河马)ལྟ་བུ། བཤད་ཚུལ་ལྟར་ན་མིའི་སྲོག་ནི་སྲོག་ཆགས་འདི་དག་གི་སྲོག་དང་འབྲེལ་བ་དམ་ཟབ་ཡོད། ཕྱོགས་གཅིག་ལ་གནོད་འཚེ་གང་རུང་ཞིག་བྱུང་ན། གཞན་ཅིག་ཤོས་དེའི་ལུས་སྟེང་དུ་ཐད་ཀར་མྱོང་ཚོར་འབྱུང་ངེས་ཡིན། དཔེར་ན་ཕྱོགས་གཅིག་འཆི་བ་ན། ཅིག་ཤོས་དེའང་ཤི་བ་ཡིན། མི་འགྱངས་པའི་ཡར་སྔོན་ཞིག་ལ་དབྱིན་ཇི་བ་ཞིག་གིས་ས་དེའི་ཡུལ་མིའི་སྡེ་བ་དང་ཐག་ཉེ་ས་ཞིག་ནས་ཆུ་རྟ་ཞིག་མེ་མདས་བསད་པ་ན། སྡེ་བ་དེའི་བུད་མེད་ཞིག་གི་གྲོགས་པོ་ཉིན་དེའི་དགོང་མོར་དག་དག་ཤི་བས། དབྱིན་ཇི་བ་དེའི་མི་སྟོང་འཇལ་དགོས་པ་དང་། མཐར་དབྱིན་སྒོར་ལྔའི་མི་སྟོང་འཇལ་བ་”4རེད། བཱེ་ཏི་མ་ལཱ་དང་ཧོང་ཏུའུ་ལཱ་སཱའི་དབྱིན་ཏི་ཨན་མི་དང་ནཱ་གོ་ཨར་དང་ལཱོ་ཨར་ས་ཆའི་དབྱིན་ཏི་ཨན་“མི་རྣམས་ལ་བདག་གཉིས་པ་ཡོད་པའི་འདུ་ཤེས་ཡོད་ལ། བདག་དེ་ནི་སྐྱེ་དངོས་དང་སྐྱེ་དངོས་མ་ཡིན་པ་སྲོག་ཆགས་ཀྱི་སྟེང་དུ་གནས་ཡོད་5པ་དང་། སྲོག་ཆགས་དེ་དག་གི་མིང་སྐབས་འགར་རུས་རྒྱུད་རང་གི་མིང་དུ་གྱུར་ཡོད། དེའི་ཕྱིར་པཱ་ལ་ཁཱའི་མི་རྣམས་ལ་བླ་སྣ་ཚོགས་ཞིག་ཡོད་པ་”6སོགས་ལས་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ཏུ་བླ་གནས་གང་རུང་ཞིག་ལ་གཉེར་གཏད་པའི་འདུ་ཤེས་ཡོད་པར་མཚོན་ལ། རིག་པས་དཔྱད་ན་གདོད་མའི་སྤྱི་ཚོགས་ཀྱི་རྣམ་པ་ནི་ད་ལྟའི་སྤྱི་ཚོགས་ནང་བཞིན་འགྲིམ་འགྲུལ་དང་བརྡ་འཕྲིན་སོགས་དར་ཁྱབ་ཆེ་བ་ཞིག་གཏན་ནས་མིན་པས། མིའི་འདུ་ཤེས་ལས་བྱུང་བའི་གོམས་གཤིས་དེ་གླིང་ཕྲན་དང་གླིང་ཕྲན་བར་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པའི་འཚོ་བའི་ཆ་རྐྱེན་མེད་ནའང་། ཡུལ་གྲུ་མང་པོ་ཞིག་ཏུ་བླ་ཞེས་པའི་འདུ་ཤེས་གཅིག་མཐུན་དུ་ཡོད་པ་ནི། གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་གི་འཚོ་གནས་དངོས་པོ་ལ་ལྐོག་གྱུར་བསམ་བློའི་ངོས་འཛིན་བྱས་པ་ལས་བྱུང་བའི་རིག་གནས་སྣང་ཚུལ་ཞིག་རེད།

«བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་»ལས། སྔོན་བོད་འདིར་རུས་ཆེན་ལྔ་འདི་བྱུང་བ་ནས་བཟུང་རང་རང་གི་བླ་ཟོག་དེ་ནི། ལྡོང་གི་ཤ་བ། འབྲིའི་གཡག སྦྲའི་རྐྱང་། སྒའི་ལུག སྒོ་ཡི་བླ་ཟོག་ར་ཡིན་པར་བཞེད་སྲོལ་དེ་བཞིན་ཞེས་དང་། «འབྱུང་རྩིས་ཉེར་མཁོ་བུམ་བཟང་»ལས། གདོང་ནི་ས་ཁམས་ཤ་བ་བླ། །འབྲུ་ནི་ཆུ་ཁམས་གཡག་ལ་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །སྒོ་ནི་མེ་ཁམས་ར་ལ་བླ། །སྒ་ནི་ཤིང་ཁམས་ལུག་ལ་བླ། །ཞེས་དང་། «གཙུག་ལག་རྩིས་ཀྱི་རིག་པ་སྣང་སྲིད་མེ་ལོང་ལས་ནག་རྩིས་ཀྱི་རབ་ཏུ་བྱེད་པ་»ལས། གལ་འགག་གྲེ་འདར་གེག་ཤིང་ཁམས། །སྒ་རིགས་ཡིན་ཏེ་ལུག་ལ་བླ། །སེ་བར་ཀར་འདོན་ཇི་མེ་ཁམས། །སྒོ་རིགས་ཡིན་ཏེ་ར་ལ་བླ། །ལྟེ་ཁུང་དབུགས་བསྡུད་གུང་ས་ཁམས། །གདོང་རིགས་ཡིན་ཏེ་ཤ་བར་བླ། །ཁ་གདངས་ལྕེ་འབྱར་སྣ་ནས་དབུགས། །འབྱིན་པ་དེ་ནི་ཤང(ཤིང)ལྕགས་ཁམས། །དབྲ་རིགས་ཡིན་ཏེ་རྐྱང་ལ་བླ། །མཆུ་སྡུད་མཆུ་འཛུམ་འུ་ཆུ་ཁམས། །འགྲུ་རིགས་ཡིན་ཏེ་གཡག་ལ་བླ། །དེ་རྣམས་རུས་ཆེན་སྡེ་ལྔ་ཡིན། །ཞེས་དང་། «མདའ་དང་འཕང་»ལས། “དེ་ཡང་རུས་ལྔ་པོ་སོ་སོའི་བླ་རྟགས་སྐོར་ལ་སློབ་དཔོན་བསྟན་འཛིན་རྣམ་དག་གིས་བདག་ལ་འབྱུང་ཁུངས་གསལ་བོ་མ་ཤེས་པའི་དཔེ་རྙིང་ཞིག་བསྟན་གནང་བྱུང་། དེའི་ནང་དུ་ངོ་མཚར་ཆེ་བའི་ནང་དོན་ཁག་ཅིག་བཀོད་འདུག་པ་ནི་དཔེར་ན། ལུག་ནི་སྒ་རུས་ཀྱི་བླ་རྟགས་དང་། ར་ནི་སྒོ་ཡི་བླ་རྟགས། ཤྭ་བ་ནི་ལྡོང་གི་བླ་རྟགས། རྟའམ་རྐྱང་ནི་དབྲ་ཡི་བླ་རྟགས། གཡག་ནི་འགྲུ་ཡི་བླ་རྟགས་ཡིན་འདུག་”7 ཞེས་གོང་གི་གསུངས་ཚིག་འདི་དག་བསྡུར་ན། ལྡོང་དང་གདོང་། ཤ་དང་ཤྭ འབྲི་དང་འབྲུ་དང་འགྲུ། སྦྲ་དང་དབྲ་བཅས་ཡི་གེའི་འབྲི་སྟངས་མི་འདྲ་ཡང་དོན་གཅིག་པ་དང་། བླ་རྟེན་ངོས་འཛིན་ཐད་ནས་སློབ་དཔོན་བསྟན་འཛིན་རྣམ་དག་གིས་གནང་བའི་དཔེ་རྙིང་ནང་སྦྲ་ཡི་བླ་རྟེན་ལ་རྟ་ཞིག་ཁ་སྣོན་བརྒྱབ་པ་ལས་གཞན་རུས་ཆེན་ལྔ་ལ་ཡོད་པའི་བླ་རྟེན་ངོས་འཛིན་ཐད་གཅིག་མཚུངས་རེད། དེ་ནི་རུས་རྒྱུད་ཚོ་བའི་སྤྱི་ཚོགས་ནང་དུ་དབང་ཐང་ཅན་དང་སྙན་གྲགས་ཡོད་པའི་རུས་རྒྱུད་ཚོ་དཔོན་གྱི་བླ་རྟེན་དེ་རིམ་གྱིས་རུས་རྒྱུད་གང་དེའི་བླ་རུ་བཀུར་བའི་སྲོལ་བྱུང་བ་ཡིན་ཏེ། གདོད་མའི་སྤྱི་ཚོགས་སུ་ཕོ་མོ་དང་ཐོབ་ཐང་གི་ཁྱད་པར་ལྟར་བླ་རྟེན་མི་འདྲ་བ་ནི། «མདའ་དང་འཕང་»ལས། “དཔེ་ཆ་གཞན་ཞིག་ནང་དུ་བླ་རྟགས་ཞེས་པའི་སེམས་ཅན་དག་ཕོ་མོའི་དབྱེ་བར་བལྟོས་ནས་བྱེད་པ་ནི་ཤྭ་བས་ཕོ་ཡི་བླ་རྟགས་དང་ཙི་ཙིས་མོ་ཡི་བླ་རྟགས་མཚོན་པར་བྱེད་པ་ལྟ་བུའོ། དཔེ་ཆ་དེའི་ནང་དུ་བླ་རྟགས་ནི་སྤྱི་ཚོགས་ཀྱི་གོ་གནས་དང་བསྟུན་ནས་བྱེད་པ་སྟེ་རྟ་ནི་རྒྱལ་བོའི་བླ་རྟགས་དང་། གཡག་དང་ལུག་ནི་སྐུ་དྲག་གི་བླ་རྟགས། བ་གླང་དང་ར་ནི་འབངས་མི་སེར་གྱི་བླ་རྟགས་སུ་བྱེད་པ་ཡིན་”8ཞེས་གསུངས་པ་ལྟར་རོ། །

གདོད་མའི་སྤྱི་ཚོགས་སུ་མི་རྣམས་ཀྱིས་རང་གི་འཚོ་གནས་དང་འབྲེལ་བའི་སྲོག་ཆགས་སྤྱིར་བཏང་བ་ཞིག་རང་གི་བླ་རྟེན་བྱེད་པའི་འདུ་ཤེས་ལ་བརྟེན་ནས། རིམ་གྱིས་ཚོ་དཔོན་སོགས་དབང་སྒྱུར་མཁན་གྱི་བླ་རྟེན་དེ་སྲོག་ཆགས་སྤྱིར་བཏང་བ་ལས་ཁྱད་པར་ཅན་གྱི་སྲོག་ཆགས་སྟག་ཁྱུང་འབྲུག་སོགས་ཀྱི་སྟེང་དུ་འཕོས་པ་རེད། དེའི་ཕྱིར་དབང་སྒྱུར་མཁན་གྱི་བླ་རྟེན་གྱི་འགྱུར་བ་ལྟར་རུས་ཆེན་ལྔའི་བླ་རྟེན་ལའང་འགྱུར་ལྡོག་བྱུང་ཡོད་པ་དང་། བླ་རྟེན་དུ་བཟུང་བའི་སྲོག་ཆགས་ཁྱད་པར་བ་དེ་ནི་རུས་རྒྱུད་གང་དེའི་སྟོབས་དང་གཟི་བྱིན་མཚོན་ལ། ཚེ་སྲོག་གི་རྒྱུན་དང་དབང་ཐང་གི་འཕེལ་འགྲིབ་ལའང་གཞི་གཅིག་ཏུ་འབྲེལ་བས་ན། རུས་རྒྱུད་ཁོངས་མི་རྣམས་ཀྱིས་རང་གི་རུས་རྒྱུད་ཀྱི་བླ་རྟེན་དེར་མོས་པ་དང་མཆོད་བཀུར་གྱི་ཤུགས་ཇེ་དྲག་ཏུ་ཕྱིན་པ་དང་ཆབས་ཅིག བླ་རྟེན་གྱི་སྲོག་ཆགས་ཁྱད་པར་བ་དེ་དག་རུས་རྒྱུད་རང་རང་གི་མཚོན་བྱེད་དུ་གྱུར་པ་རེད། གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་ཐོན་དུས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་ངལ་རྩོལ་གྱི་ལས་ཆོད་མུ་མཐུད་དུ་མཐོར་འདེགས་བྱུང་བ་ལ་བརྟེན་ནས་རུས་རྒྱུད་ཁག་གི་མངའ་ཁོངས་རྩོད་གླེང་བྱེད་པའི་དབུ་བརྙེས་པ་དང་། རྩོད་གླེང་གི་ལོ་རྒྱུས་གོ་རིམ་ཁྲོད་དུ་རུས་ཚོ་དང་རུས་ཚོ་འཐབ་དུས་རུས་རྒྱུད་རང་རང་གི་བླ་ཟོག་དེར་མཆོད་བཀུར་གསོལ་འདེབས་བྱེད་པར་མ་ཟད་རུས་རྒྱུད་རང་གི་མཚོན་རྟགས་སུ་དམག་དར་སྟེང་བླ་ཟོག་གི་གཟུགས་རིས་བཀོད་འབྲི་བྱས་པ་རེད། དུས་སྐབས་དེར་དམག་འཁྲུག་གི་ཆེད་དུ་རི་སྒང་མཐོན་པོ་རྩད་ནས་རུས་རྒྱུད་རང་གི་བླ་དར་བསྒྲེངས་པ་དང་རང་ཁྱིམ་གྱི་སྒོ་སྟེང་དུའང་རུས་རྒྱུད་རང་གི་བླ་དར་བསྒྲེངས་ཏེ་མཆོད་བཀུར་བྱེད་པའི་སྲོལ་དུས་ད་ལྟའང་བོད་ཡུལ་དུ་རྒྱུན་འཛིན་བྱས་ཡོད་པ་དང་། «རྒྱལ་རབས་དེབ་ཐེར་དཀར་པོ་»ལས། འབངས་བྱིངས་ནི་འབྲོག་སྡེའི་རྣམ་པར་ཡོད་ལ། ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སོར་ཆོས་ཀྱི་ལས་སུ་སོང་བས། སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས། སྨད་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་མི་ཁྱིམ་གཅིག་ཡིན་ཡང་རུང་། སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་དུ་ཡོད་ཅེས་དང་། མདོ་སྨད་རེབ་གོང་ཡུལ་གྱི་དྲུག་པའི་ཀླུ་རོལ་ཞེས་ལྷ་རྩེད་དང་། ཀླུ་རྩེད། དམག་རྩེད་བྱེད་པའི་རྩེད་མཆོད་དེ་ནའང་“དམག་རྩེད་རྩེ་མཁན་རུ་དཔུང་གི་གར་མགོར་འགྲོ་མཁན་གྱིས་སྡེ་བ་དེའི་བསྟེན་བྱ་གཙོ་བོའི་ཙ་ཀའམ་ཏོག་ལྷ་ཁྱེར་དགོས་ཏེ། དེའི་འཕྲོ་མ་ཡོངས་ཀྱིས་དམག་ཆས་སུ་ཤིང་གིས་བཟོས་པའི་མདུང་དང་རལ་གྲི། དགྲ་སྟ། ཤིང་ལང་། དབྱུག་པ། འཁར་རྔ། ལྷ་རྔ། གླིང་བུ་བཅས་མ་ཟད། སྟག་སེང་ཁྱུང་འབྲུག་གི་རི་མོས་བརྒྱན་པའི་རུ་དར་གྲུ་བཞིའམ་ཟུར་གསུམ་མ་གང་ཡོད་འཛིན་དགོས།

དམག་རྩེད་བྱེད་མཁན་རྐ་གསར་དང་སྒོ་དམར་སྡེ་བ་འདི་གཉིས་ཀྱི་གར་མགོར་འགྲོ་མཁན་མི་འགས། མི་འགོ་དང་། སེང་མགོ སྟག་མགོ གཟིག་མགོ ཁྱུང་འབག་བཅས་ཀྱི་གདོང་འབག་གྱོན་ཏེ་བརྩེ། འདིར་གསལ་བཤད་བྱ་དགོས་པ་ཞིག་ནི། “འཁྲབ་ཆས་འདི་དག་མགོ་རྔ་ལུགས་སྲོལ་མེད་པར་གང་འདོད་དུ་འཛིན་པ་ཞིག་མ་ཡིན་ཏེ། ཚང་མ་སྔོན་ཆད་ནས་གཏན་འཁེལ་གྱི་རིགས་རྒྱུད་ཚོ་བའི་ཁྱིམ་ཚང་གིས་འཛིན་དགོས། དཔེར་ན་གླིང་རྒྱ་སྡེ་བར་མཚོན་ན། གར་འགོའི་ཞལ་འབོག་འཛིན་མཁན་ནི། མར་རུ་སྡེ་བར་ནོར་རྒྱ་ཚང་ཟེར་བའི་ཚོ་བ་ཞིག་ཡོད་པ་དེས་འཛིན་དགོས་” 9པ་ལྟར་དང་། ཀླུ་རོལ་གྱི་འཁྲབ་ཆས་ན་སྟག་སེང་ཁྱུང་འབྲུག་དང་རྟ་མཆོག་གི་རི་མོས་བརྒྱན་པའི་རུ་དར་གྲུ་བཞིའམ་ཟུར་གསུམ་ཡོད་པ་རྣམས་ལས་ངེས་ཤེས་འདྲོངས་ཐུབ་པ་དང་། བོད་ཀྱི་རུས་ལ་བྱེ་བྲག་གི་དབྱེ་བ་མང་ནའང་རྩ་བའི་རུས་ཆེན་ལྔ་ལ་བསྡུ་བ་ཡིན་པའི་རྩ་བའི་རུས་ཆེན་ལྔ་ནི་བོད་ཀྱི་མི་རིགས་འདིའི་རྩ་བའི་གྲུབ་ཆ་ཉིད་དུ་གྱུར་པའི་ཕྱིར་ན། རུས་ཆེན་ཁག་གི་བླ་རྟེན་སྲོག་ཆགས་དེ་དག་གིས་གདོད་མའི་རུས་རྒྱུད་ཚོ་ཁག་ནས་རྒྱལ་ཕྲན་སིལ་མ་བཞི་བཅུ་དང་། དེ་ནས་སིལ་མ་བཅུ་གཉིས། མཐར་ཐུ་བྷོད་ཀྱི་རྒྱལ་ཁབ་ཆེན་པོ་སྟེ་གཅིག་གྱུར་གྱི་བདག་དབང་ལ་བསྟེན་པའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་བྱུང་རིམ་ཞིག་མཚོན་ཡོད་ནའང་། རླུང་རྟའི་སྲོག་ཆགས་ལ་«དབུ་ནག་མིའུ་འདྲ་ཆགས་»ནང་རླུང་རྟའི་རི་མོ་ཁྲོད་ན་སེང་གེ་མ་ཡིན་པར་གཡག་ཉིད་བྲིས་ཡོད་10པ་དང་། སྲོག་ཆགས་དེ་དག་ལས་ཐོག་མའི་བཞི་པོ་ནི་ཁྱུང་དང་། འབྲུག གཡག་དང་སྟག་བཅས་ཡིན་ལ། དེ་རྣམས་ནི་དགྲ་ལྷར་ངོས་འཛིན་བྱེད་པ་ཡིན། སྲོག་ཆགས་དེ་དག་ནི་རུས་རྒྱུད་ཀྱི་མཚོན་བྱེད་ཡིན་པར་མ་ཟད། ལྡོང་དང་། དབྲ། འགྲུ། སྒ་བཅས་ཀྱི་དགྲ་ལྷར་ཡང་བརྩི་11ཞེས་དང་། གོང་དུ་དྲངས་པའི་འབྱུང་རྩིས་ཉེར་མཁོ་བུམ་བཟང་སོགས་དཔྱད་ཡིག་འདི་རྣམས་ལ་བལྟས་ན་འབྲུ་ཡི་བླ་རྟེན་གཡག་ཡིན་པར་གསལ་བ་དང་། བོད་ལྗོངས་ས་ཁུལ་དུ་ཡོད་པའི་བྲག་བརྐོས་རི་མོ་ནའང་གཡག་དང་རྟ། ཁྱུང་བཅས་ཀྱི་སྲོག་ཆགས་རི་མོ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རྣམས་ནི་བླ་ཡིན་པར་12བཤད་པ་དང་། གླིང་གེ་སར་རྒྱལ་བོའི་སྒྲུང་ནང་དུ། སྟག་ནི་གེ་སར་གྱི་ཨ་ཁུའི་རུས་རྒྱུད་སྟག་རོང་ཚང་གི་མཚོན་བྱེད་དུ་བརྩི་སྲོལ་ཡོད་13པ་རྣམས་ལས་རླུང་རྟའི་སྲོག་ཆགས་ཀྱི་རི་མོའི་མཚོན་དོན་དངོས་ནི་རུས་ཆེན་ལྔའི་བླ་རྟེན་ཡིན་པ་ར་སྤྲོད་ཐུབ་པ་དང་། དུས་གང་ཞིག་གི་ཚེ་སེང་གེས་བོད་ཀྱི་ཡུལ་ཁམས་མཚོན་པར་བྱེད་པའི་སྲོལ་དར་བ་ནས་བཟུང་། སེང་གེས་གཡག་གི་ཚབ་བྱས་ཡོད་པ་གསལ་རྟོགས་ཐུབ་ལ། རླུང་རྟའི་རི་མོའི་ཐད་ལའང་དེ་ལྟར་འགྱུར་ལྡོག་ཕྱིན་ཡོད་པ་ཤེས་ཐུབ་14པ་རེད།  

འདས་པའི་ལོ་རྒྱུས་ནང་དུ་རྒྱལ་ཕྲན་ག་གེ་མོ་ཞིག་གི་དཔོན་གྱིས་རྒྱལ་ཕྲན་ནམ་ཚོ་བ་གཞན་ཞིག་རང་གི་མངའ་འོག་ཏུ་བཙན་གྱིས་བསྡུ་དགོས་ན། ཡུལ་དེ་རང་གི་དད་ཡུལ་ལམ་མཚོན་རྟགས་རང་བཞིན་གྱི་བླ་རྟེན་སྲོག་ཆགས་དེ་ཡང་ཁས་ལེན་བྱེད་དགོས་པ་དང་། བླ་མཚོན་བྱེད་ཀྱི་རྟགས་དེས་ཚོ་ཁག་ནང་མི་ཕན་ཚུན་གྱི་བསམ་པའི་འདུ་ཤེས་གཅིག་ཏུ་སྒྲིལ་ཡོང་བ། ཕྱིའི་དགྲ་ལ་འཐབ་ན་རྒྱལ་བའི་ཆོད་སེམས་བརྟན་ལ། རང་གི་ཚོ་བར་སྲུང་སྐྱོབ་བྱེད་པ་སོགས་དམག་འཐབ་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། སྲིད་ཕྱོགས་ནས་འདྲ་མཉམ་གཅིག་གྱུར་གྱི་རྟགས་མཚན་བཅས་སུ་རུས་ཚོ་ཁག་གི་བླ་རྟེན་ལ་ཐུན་མོང་གིས་དད་མོས་བྱེད་པ་ལས་རིམ་བཞིན་སྔར་ཡོད་ཀྱི་བླ་དར་སྟེང་གི་རུས་བླ་རྣམས་གཅིག་སྒྲིལ་གྱིས་རླུང་རྟའི་རི་མོ་བཀོད་འབྲི་བྱེད་པའི་སྲོལ་དར་བ་རེད། དེས་ན་རྟ་མཆོག་ནི་རླུང་རྟའི་རི་མོའི་དབུས་སུ་བྲིས་ཡོད་ལ། སྐབས་འགར་མཚོན་རིས་རྟ་གཅིག་པུ་ཡིན་པ་དེ་ནི།

གོང་དུ་དྲངས་པ་ལྟར་རྟ་ནི་རྒྱལ་བོའི་བླ་རྟགས་ཡིན་པ་དང་། འགྲོས་མྱུར་ལ་རྩལ་ཤུགས་འཛོམས་པའི་རང་གཤིས་མངའ་བས་དམག་འཁྲུག་གི་རྒྱལ་ཕམ་ཡང་རྟ་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པ། བོད་མིའི་ཐོན་སྐྱེད་འཚོ་བའི་ཁྲོད་མེད་དུ་མི་རུང་ཞིང་སྒོ་ཕྱུགས་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ཁྱད་ཆོས་འགའ་ཡོད་པའི་རྐྱེན་གྱིས་རེད། ཁོད་སྤུངས་ཀྱིས་མཛད་པའི་«མཛོད་རྩ་འགྲེལ་»ལས། ཅང་ཤེས་ཀྱི་རྟ་ཕོ་སྤྲིན་གྱི་ཤུགས་ཅན་བྱ་བ་ཡོད། དེ་བང་རླུང་ལས་མགྱོགས། རིག་པ་མི་བས་ཆེ། ཁ་ལོ་རང་གི་སྒྱུར། ཞེས་ཅང་ཤེས་རྟ་ཕོ་ལ་ལྡན་པའི་ཡོན་ཏན་བརྗོད་པ་དང་། རྟ་དཔྱད་སྐོར་ལ་རྟ་བཤད་མཁས་པ་འཛུམ་ཤོར་དང་། རྟ་བཤད་ཁྱུང་ཆེན་གཤོག་ཐོགས། རྟ་དཔྱད་མཐོང་བ་ཀུན་གསལ་མེ་ལོང་། རྟ་དཔྱད་མཁས་པ་འཛུམ་ཤོར། རྟ་གཞུང་ཤེལ་དཀར་མེ་ལོང་། རྟ་དཔྱད་མུ་ཏིག་ཕྲེང་བ། རྟ་དཔྱད་རིན་ཆེན་ཕྲེང་བ་སོགས་གསུང་རྩོམ་མང་པོ་ཞིག་དང་། དམངས་ཁྲོད་ཀྱི་ངག་རྒྱུན་སོགས་ནའང་བཤད་ཚུལ་དུ་མ་ཡོད་པ་ལས་བོད་པ་རྣམས་ཀྱིས་རྟ་ལ་བཅངས་པའི་འདུ་ཤེས་དེ་གང་འདྲ་ཞིག་ཡིན་པ་གསལ་བོ་རེད། དེར་བརྟེན། རུས་བླ་དེ་དག་གིས་མཚོན་པའི་རི་མོ་ལ་རླུང་རྟ་ཞེས་བཏགས་པའི་ཐ་སྙད་ཀྱི་ཕྱེད་སྔ་མ་རླུང་ཞེས་པའི་དོན་ཡང་། ཐམས་ཅད་མཁྱེན་པའི་གསུངས་རབ་བོད་འགྱུར་མ་ལས། བེམ་པོའི་རྣམ་པ་ཆེས་ཕྲ་མོ་ནི་རླུང་གལ་ཆེན་ཞིག་ཡིན་ཞིང་དེ་ནི་ཤེས་པ་དང་ཁ་འབྲལ་ཐབས་མེད། ཤེས་པ་དང་རླུང་འདི་གཉིས་ནི་དབྱེར་མེད་ཀྱི་དངོས་ཡོད་གནས་ལུགས་གཅིག་གི་རྣམ་པ་མ་འདྲ་བ་གཉིས་ཡིན། རླུང་ནི་གཡོ་བ་དང་། སྒུལ་བ། གཅིག་ཏུ་འདུ་བའི་རྣམ་པ་ཡིན་པ་དང་། ཤེས་པ་ནི་བློའི་འཛིན་པའི་རྣམ་པ་དང་རྟོག་པའི་ནུས་སྟོབས་ཤིག་ཡིན། ཞེས་གསུངས་པ་ལྟར། རླུང་ནི་དབུགས་ལ་གོ་བ་དང་གསོན་པ་དང་རྒྱས་པ་སོགས་ཀྱི་དོན་དང་འབྲེལ་བས་ན་རུས་བླ་དག་གིས་མཚོན་པའི་རུས་ཆེན་རྣམས་དགྲ་ལས་རྒྱལ་ཞིང་འདོད་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པ་ཞིག་མཚོན་པའི་བརྡ་ལ་རླུང་རྟ་ཞེས་ཐ་སྙད་གདགས་པར་སྙམ།

གཉིས་པ།  ཟབ་མོ་ཆོས་ཀྱི་དགོངས་དོན་དང་འབྲེལ་ནས་རླུང་རྟའི་མཚོན་དོན་ལ་འཕེལ་འགྱུར་བྱུང་བ།

1.ཡུལ་ལྷ་གཞི་བདག་སོགས་དང་བླ་རྟེན་སྲོག་ཆགས་བར་གྱི་རྒྱུན་མཐུད་འབྲེལ་བ།

རུས་རྒྱུད་ཚོ་ཁག་གི་དུས་སྐབས་ནང་སྐྱེ་འགྲོ་མི་དང་སྲོག་ཆགས་བར་བླ་དང་བླ་གནས་ཀྱི་འབྲེལ་བར་བྱུང་སྟེ་བླ་རྟེན་སྲོག་ཆགས་ལ་དད་མོས་གཙོ་བོར་འཛིན་པའི་འདུ་ཤེས་དེ་རིམ་གྱིས་ཡུལ་ལྷ་གཞི་བདག་དང་ཡི་དམ་ཆོས་སྐྱོང་ལ་མཆོད་བཀུར་བྱེད་པའི་རྣམ་པར་འགྱུར་ལྡོག་བྱུང་བ་མ་ཟད། དེ་དག་སྲོག་ཆགས་དང་འབྲེལ་བ་ངེས་ཅན་ཞིག་གྲུབ་པ་ནི། «མདའ་དང་འཕང་»ལས། “དེ་ཡང་གེ་ཁོད་ཅེས་པའི་བོན་གྱི་ལྷ་དེ་ནི་གངས་རི་ཏི་སེ་ཡི་ལྷར་ངོས་འཛིན་བྱ་བ་ཡིན་ལ། བོན་གྱི་ཤོད་སྲོལ་ལྟར་ན། ལྷ་དེ་ཐོག་མར་མི་ཡུལ་དུ་བྱོན་སྐབས་སྲོག་ཆགས་ཀྱི་རིགས་ལས་གཡག་རྒོད་དཀར་པོའི་གཟུགས་བརྙན་ཅན་ཞིག་ཡིན་པའི་ཐོག་ནས་གངས་རི་ཏི་སེའི་དབྱིངས་སུ་ཐིམས་པར་གྲགས། དེ་བཞིན་གཉན་ཆེན་ཐང་ལྷ་ཞེས་པའི་ལྷ་དེ་ཡང་དང་པོ་གཟུགས་ཤིན་ཏུ་ཆེ་ཞིང་གཏུམ་དྲག་ཅན་གྱི་བྱ་རྒོད་པོ་ཞིག་ཡིན་པར་གྲགས་”15ཞེས་དང་། མདོ་སྨད་རེབ་གོང་གི་ཡུལ་ལྷའི་རྒྱལ་པོ་གཉེན་ཆེན་པོ་སེ་ཀུ་བྱ་ཁྱུང་གི་སྣང་བརྙན་སྐོར་བསང་ཡིག་ཏུ་བཀོད་པ་ནི། པདྨ་ཉི་མ་བརྩེགས་པའི་གདན་སྟེང་དུ། །ཡུལ་ལྷའི་རྒྱལ་པོ་བྱ་ཁྱུང་ག་རུ་ཊ། །གནམ་ལྕགས་མཆུ་སྡེར་ཐབས་ཤེས་རྭ་གཉིས་གདེངས། །སྤྱི་བོར་འོད་འབར་ཡིད་བཞིན་ནོར་བུས་བརྒྱན། །སྡེར་རྣོ་མཚོན་ཆ་སྟོང་གི་གཤོག་པ་རྒྱས། །སྡེར་མོ་ཞབས་ཀྱིས་ཀླུ་བདུད་མནན་བྱས་ཏེ། །གཡས་གཡོན་ཕྱག་གིས་བཟུང་ནས་ཞལ་དུ་གསོལ། །འཇིགས་རུང་མཁའ་ལྡིང་དབང་བོའི་རྣམ་པར་བཞུགས། །ཞེས་སྐྱེ་འགྲོ་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་མཁན་ཀླུ་བདུད་དུག་སྦྲུལ་ནག་པོ་གཡས་གཡོན་ཕྱག་གིས་བཟུང་ནས་ཞལ་དུ་གསོལ་མཛད་པ་ཁྱུང་གི་ཆ་བྱད་ཅན་དང་། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་བྱ་ཁྱུང་ཁོང་བྲག་དཀར་ཤར་ནས་རོང་བོ་དགོན་པའི་བསྟན་སྲུང་དགེ་བསྙེན་ཆེན་པོར་སྒྲུབ་རྗེས་ཀྱི་ཆ་བྱད་ནི། འབྲེལ་ཡོད་བསང་ཡིག་ཏུ། “ཡང་གཅིག་དཔའ་བོའི་གར་མཛད་དགེ་བསྙེན་ཆེ། །དཀར་དམར་མདངས་ཆགས་ཞལ་གཅིག་ཕྱག་གཉིས་ཀྱིས། །གཡས་པར་དར་མདུང་གྱོན་པས་ཚེ་བུམ་འཛིན། །སྟག་རལ་གཟིག་ཤུབས་སྣ་ཚོགས་དར་གྱིས་མཛེས། །རྒྱབ་ལ་ཟ་འོག་གོས་ཀྱི་མནབ་བཟའ་གྱོན། །དབུ་ལ་བཙོ་ལྡན་ཕྱིང་ཞྭ་དཀར་པོ་མནབས། །འཁོར་དུ་ལྷ་ཀླུ་སྡེ་བརྒྱད་གཞི་བདག་ཚོགས། །ཀོ་བའི་སྐེད་བཅིངས་དངུལ་དཀར་བྱུ་རུས་བརྒྱན། །རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་ངང་དཀར་བཅིབས། །”ཞེས་གསུངས་པ་ལྟར་ལགས་ལ། འདི་ནི་སྐལ་ལྡན་རྒྱ་མཚོས་བྱ་ཁྱུང་ཁོང་བསྟན་སྲུང་དགེ་བསྙེན་ཆེན་པོར་སྒྲུབ་རྗེས་ཐེངས་དང་པོར་དཔའ་ཆས་སྤྲས་པའི་གཞི་བདག་གི་ཚུལ་མཛད་སྟངས་ཡིན་16པ་ལས་ཁྱུང་གི་ཆ་བྱད་ནས་མིའི་ཆ་བྱད་ཅན་གྱི་གཞི་བདག་དུ་གྱུར་པའི་ཚུལ་དང་། སྤྱིར་ན་གཞི་བདག་གནས་སའི་རྟེན་ནི་རི་བོ་ཡིན་ལ། ཀུན་གྱིས་གནས་རྟེན་རི་ལ་བལྟས་ནས་གཞི་བདག་གང་ཡིན་གྱི་མཚན་བརྗོད་པ་ལས་གཞི་བདག་གི་ཆ་བྱད་དངོས་ནི་སོ་སྐྱེས་ཕལ་བའི་མིག་ཤེས་ཀྱི་གཟུང་བྱར་དབེན་པའི་ཕྱིར་ན། བླ་མ་དང་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་པའི་བསང་ཡིག་ལས་བསྟན་པ་ལྟར་གཞི་བདག་གི་ཆ་བྱད་དེ་ཐང་ག་སོགས་རི་མོར་ཕབ་ནས་ངོས་འཛིན་དང་གསོལ་མཆོད་བྱེད་པ་རེད། དེས་ན་ང་ཚོའི་མིག་ལམ་དུ་གཞི་བདག་གི་ཆ་བྱད་དངོས་མཐོང་དཀོན་པའི་རི་བོ་དེ་དག་ཡང་། གཞི་བདག་གི་གནས་རྟེན་དུ་མ་གྱུར་བའི་སྔོན་དུ་མི་རྣམས་ཀྱི་བླ་རྟེན་དུ་གྱུར་བར་མངོན་ཏེ། «ས་དཔྱད་སྡོང་བོ་དགུ་འདུས་ཀྱི་མན་ངག་ལག་ཏུ་ལེན་ཐབས་ཞེས་པ་»ལས། “བླ་རི་མེད་ན་རང་རང་གི་རིཊ་མི་སྐྱེ་”17ཞེས་མི་རྣམས་ལ་བླ་རི་དགོས་པའི་གལ་ཆེན་རང་བཞིན་བསྟན་པ་དང་། གནའ་རབས་བོད་ཀྱི་ས་དཔྱད་རིག་པའི་གཞུང་འགའི་ནང་རི་ཡི་གཟུགས་དབྱིབས་ལ་བརྟེན་ནས་སེང་གེ་གནམ་དུ་མཆོང་བ་འདྲ་བ་ཞིག་ཡོད་ན་རི་དེ་ཡུལ་དེའི་རྒྱལ་པོའམ་ཚོ་དཔོན་གྱི་བླ་རི་ཡིན་ཞེས་གསུངས་པ་འདིར་དཔགས་ན། རྒྱལ་པོའམ་ཚོ་དཔོན་གྱིས་རང་གི་དབང་སྒྱུར་ཟིལ་ཤུགས་དེ་མངོན་ཆེད་རི་ཡི་གཟུགས་དབྱིབས་ཁྱད་པར་བ་ཞིག་བདམས་ནས་རང་གི་བླ་རི་བྱེད་པ་དང་། བླ་རི་དེ་དག་ནི་རྒྱལ་པོའམ་ཚོ་དཔོན་གྱི་ཚེ་སྲོག་དང་རིགས་རྒྱུད་ཀྱི་དར་རྒུད་ལ་འབྲེལ་ཐག་ཆེ་བའི་སེམས་ཤུགས་དེས་འཁོར་འབངས་རྣམས་ཀྱིས་བླ་རི་ཁྱད་པར་བ་དེར་མཆོད་བཀུར་དང་དད་མོས་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་ལེགས་པོ་ཞིག་ཆགས་ཡོད་པ་དེར་བརྟེན་ནས། རིམ་གྱིས་ཆོས་ལུགས་ཀྱི་འཕེལ་ཕྱོགས་དང་འབྲེལ་ཏེ་གཞི་བདག་གི་ངོ་བོར་འགྱུར་ལྡོག་བྱུང་བ་དང་། གཞི་བདག་དེའང་ཆོས་ལུགས་ཀྱི་གཏམ་རྒྱུད་དང་འབྲེལ་ཡོད་ལ། གཞི་བདག་ཁོང་གི་ཆ་བྱད་དང་མཐུ་ནུས། འཁོར་དང་གཟི་བྱིན་སོགས་བླ་མ་དམ་པ་རྣམས་ཀྱིས་གསུངས་པའི་བསང་ཡིག་ཏུ་གསལ་བར་མ་ཟད། བླ་མ་དམ་པ་ཁོང་གྲུབ་མཐའ་གང་ཡིན་པ་དེ་བཞིན་དུ་གཞི་བདག་དེ་ཡང་གྲུབ་མཐའ་དེར་གཏོགས་པ་དང་། གྲུབ་མཐའ་དེའི་སེར་སྐྱ་མང་ཚོགས་གཙོ་བྱས་ཀྱི་ས་དེར་གཞི་ཆགས་པའི་སྐྱེ་འགྲོ་ཡོངས་ཀྱི་ཚེ་འདིའི་དོན་བྱེད་ཚུལ་ཡང་བསང་ཡིག་སོགས་སུ་གསལ་བ་ལྟར་རེད།

ཁྲོ་མཆོག་དཔལ་གསེས་རྔམ་པ་ཞེས་བྱ་བའི་ཡེ་ཤེས་ཀྱི་ལྷ་འདི་ལ་འཛུམ་བརྗིད་རྔམ་པའི་དབུ་དགུ་བརྩེགས་པ་ནི། བླ་ཆེན་དྲན་པའི་མཛད་པའི་«དཔལ་གསེས་ལས་རིམ་»ལས། “གཡས་དཀར་གཡོན་དམར་དབུལ་ཞལ་མཐིང་ལ་ནག གཡས་པ་དཀར་བ་ཐབས་མཆོག་ཡབ་ཀྱི་ཞལ། དབུས་ཞལ་མཐིང་བ་ཡབ་ཡུམ་ལྷུན་གྱིས་གྲུབ། ཅེས་སོ།། དེའི་སྟེང་དུ་སྤྲུལ་བའི་དབུ་དྲུག་སྟེ། རིམ་བཞིན་ཞེ་སྡང་གི་ཀུན་སློང་བྱས་པའི་དགྲ་བགེགས་འདུལ་ཕྱིར་སེང་ཆེན་རྔམ་པའི་དབུ་དང་། དེ་བཞིན་དུ་ང་རྒྱལ་འདུལ་ཕྱིར་སྟག་དང་། གཏི་མུག་འདུལ་ཕྱིར་གཟིག འདོད་ཆགས་འདུལ་ཕྱིར་ཁྱུང་། ཕྲག་དོག་འདུལ་ཕྱིར་འབྲུག གདུལ་བྱ་ཚར་གཅོད་ཅིང་ཐུགས་རྗེ་འགྲོ་དོན་ལ་ཐོག་མཐའ་མེད་པའི་རྟགས་སུ་ཆུ་སྲིན་གྱི་དབུ་དང་དྲུག་སྟེ། དེ་ཉིད་ལས་དབུས་མཐིང་དབུ་ཡི་དབུ་རྒྱན་དུ། དབལ་གྱི་སེང་ཆེན་རྔམ་པའི་དབུ། གཡས་དཀར་ཐབས་ཀྱི་དབུ་རྒྱན་དུ། དབལ་སྟག་ཚང་མ་རྔམ་པའི་དབུ། གཡོན་དམར་ཤེལ་རབ་དབུ་རྒྱན་དུ། དཔལ་གྱི་གཟིག་ཆེན་རྔམ་པའི་དབུ། ཞེས་གསུངས་18 ”པ་ལྟར་གྲུབ་མཐའ་སོ་སོའི་ཡི་དམ་ལྷའི་ཁྲོད་ན་ཐུན་མོང་མ་ཡིན་པའི་དགོས་པ་ཁྱད་པར་ཅན་ལ་དགོངས་ནས་སྲོག་ཆགས་གང་རུང་གི་ཞལ་ཚུལ་མཛད་པ་དེ་རྣམས་ཀྱང་ད་ལྟའི་བཤད་སྲོལ་ལྟར་མི་དང་སྲོག་ཆགས་བར་འཆམ་མཐུན་བྱེད་པའི་ཁྲིམས་སྲོལ་བཞིན་བོད་ཀྱི་ཤེས་རིག་གི་གཏིང་རིམ་ན་འཆམ་མཐུན་གྱི་བསམ་བློ་བག་ལ་མ་ཞ་བར་དངོས་སུ་བསྟན་པའི་མཚོན་དཔེ་ཞིག་ཏུའང་འཁུམས་སོ། །

2.དགྲ་ལྷ་དང་རླུང་རྟའི་མཆོད་བསྟོད་ལ་འཕེལ་འགྱུར་བྱུང་ཚུལ།

བླ་ཞེས་པ་ལྷའི་རྣམ་པར་འཕེལ་བའི་དཔྱད་གཞི་གསལ་བོ་ཞིག་ལག་སོན་མ་བྱུང་ཡང་། སྐབས་འགར་ལྷ་ཞེས་པའི་གོ་བ་དང་གཅིག་མཚུངས་སུ་གནས་པ་དཔེར་ན། ཞང་གི་ལྷ། ཕྱྭ་ཡི་ལྷ། རླུང་ལྷ། ཕྲག་ལྷ། སྟེང་གི་ལྷ་བཅས་ལ། ཞང་གི་བླ། ཕྱྭ་ཡི་བླ། རླུང་གི་བླ། ཕྲག་གི་བླ། སྟེང་གི་བླ་ཞེས་སྲིད་པ་སྤྱི་མདོ་ལས་གསལ་བ་དང་། གཞན་ཡང་ཡབ་ལྷ་བདལ་དྲུག་གི་མཚན་ལའང་། ཏུན་ཧོང་ཡིག་རྙིང་དང་སྲིད་པ་རྒྱུད་ཀྱི་ཁ་བྱང་གཉིས་ལས་ཡབ་བླ་བདལ་དྲུག་ཅེས་བཀོད་པ་དང་། དགྲ་ལྷ་ཞེས་པའི་ཐ་སྙད་འདི་ཡང་དགྲ་བླ་ཞེས་བྲིས་ཡོད་པ་དཔེར་ན། དགྲ་བླ་དཔང་བསྟོད་དང་དགྲ་བླའི་གཡང་ལེན། དགྲ་བླ་བཅུ་གསུམ་གྱི་ཀ་འཛུག་ལག་ལེན་དཔག་བསམ་འཁྲི་ཤིང་སོགས་དཔེ་གཞུང་མང་པོ་ཞིག་མཆིས་ལ། ད་དུང་ཡིག་རྙིང་མང་པོ་ནས་འདི་དང་འདྲ་བའི་ཚིག་དུ་མ་འབྱུང་བས་གནའ་བོའི་དུས་སུ་ལྷ་དང་བླ་གཉིས་གོ་བ་གཅིག་གྱུར་དུ་གནས་པ་མང་པོ་ཞིག་ཡོད་པར་སྙམ།

རུས་རྒྱུད་ཚོ་ཁག་གི་སྤྱི་ཚོགས་སུ་ས་ཁོངས་དང་བདག་དབང་གི་འཕྲོག་རྩོད་ཕྱིར་གཡུལ་འགྱེད་དམག་འཐབ་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་ཞིག་ཡིན་པས། དམག་འཁྲུག་གི་དམིགས་ཡུལ་དང་རང་ཕྱོགས་ཀྱི་འདོད་བློ་སྐོང་ཆེད་དགྲ་ལྷར་གསོལ་མཆོད་བྱེད་པའི་སྲོལ་བྱུང་ལ། ཇི་ལྟར་གསོལ་བའི་ཚུལ་རྣམས་ནི། «དགྲ་ལྷའི་ཀྭ་འཛུགས་རྡོ་རྗེ་ཕ་ལམ་»ལས། “ལྷ་དབང་རྒྱ་བྱིན་དགྲ་ལྷ་དང་། །ལྷ་ཁམས་ཡོངས་ཀྱི་དགྲ་ལྷ་ཏེ(སྟེ) ། །དེ་རིང་མི་ཡི་ལུས་ལ་བཀོད། །ལྷ་ཀླུ་མི་གསུམ་ལ་སོགས་པའི། །སྨྲ་མཁས་ཡོངས་ཀྱི་དགྲ་ལྷ་ཏེ(སྟེ) ། །དེ་རིང་མི་ཡིས་ངག་ལ་བཀོད། །འཇམ་དཔལ་ཀོང་ཙེ་འཕྲུལ་རྒྱལ་དེས། །བསྔགས་པའི་དགྲ་ལྷའི་ཐུགས་འཆར་སྒོ། །དེ་རིང་མི་ཡི་སེམས་ལ་བཀོད། །ཅེས་དང་། ཁྲབ་ལ། ཀྱེེ་དགྲ་ལྷ་འཁོར་བཅས་སྙན་གསོན་ཅིག །ཁྱེད་རྣམས་མཆོད་པའི་བྱིན་རླབས་ཀྱིས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །གྱོན་པའི་ཁྲབ་ཆེན་དམུ་ལུགས་ཀྱི། །ཁྲབ་སྟོད་གོང་བ་འཕུ་དོང་ལ། །མི་ཕུག་སྲ་བརྟན་དགྲ་ལྷ་བཀོད། །རྐེད་པ་མཐུ་བ་གཤམ་སྐོར་ལ། །མི་ཆོད་མི་བཤིག་དགྲ་ལྷ་བཀོད། །ཕྱི་ནང་བར་གསུམ་ཐམས་ཅད་ལ། །ཚེ་ལྷ་སྲོག་ལྷའི་དགྲ་ལྷ་བཀོད། །སྲོག་སྐྱོབས་ལུས་ནི་སྲུང་བར་མཛོད། །རྨོག་ལ། ཀྱེེ་དགྲ་ལྷ་འཁོར་བཅས་སྙན་གསོན་ཅིག །ཁྱེད་རྣམས་མཆོད་པའི་བྱིན་རླབས་ཀྱིས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །གངས་རིའི་མདོག་ལྡན་དབུ་རྨོག་ལ། །འགོ་བའི་ལྷ་ལྔའི་དགྲ་ལྷ་བཀོད། །རྨོག་གི་ཕྱོགས་བཞི་དབུས་ལྔ་ལ། །རྒྱལ་བ་རིགས་ལྔའི་དགྲ་ལྷ་བཀོད། །རྨོག་གི་བྱིལ་ཏོག་རྨོག་འཕྲུ་ལ། །སེམས་དཔའ་ཡོངས་ཀྱི་དགྲ་ལྷ་བཀོད། །རྨོག་གི་སྟོད་སྨད་ཐམས་ཅད་ལ། །ཁ་འཛིན་རྒྱབ་རྟེན་དགྲ་ལྷ་བཀོད། །སྲུང་སྐྱོབ་མཛོད་ཅིག་རཀྵ་ཧཱུཾ། །མདུང་ལ། ཀྱེེ་དགྲ་ལྷ་འཁོར་བཅས་×། །ཁྱེད་རྣམས་མཆོད་པའི་×། །རྒྱུ་སྦྱོར་ཡོན་གྱི་×། །མདུང་ལ་དགྲ་ལྷ་×། །མདུང་རྩེ་གནམ་དུ་བསྟན་པ་ལ། །ལྷ་དམག་ཡོངས་ཀྱི་དགྲ་ལྷ་བཀོད། །བ་དན་བར་སྣང་བཀང་བ་ལ།། གཉན་དམག་ཡོངས་ཀྱི་དགྲ་×། །མདུང་སྐེད་སྲ་བའི་འཆང་བཟུང་ལ། །བསམ་དོན་འགྲུབ་པའི་དགྲ་ལྷ་བཀོད། །མདུང་སྟིང་ས་ལ་གཏད་པ་ལ། །ཀླུ་དམག་ཡོངས་ཀྱི་དགྲ་×། །རྣོ་ངར་འཇོམས་པས་དགྲ་སྡེ་ཆོམས། །མདའ་ལ། ཀྱེེ་དགྲ་ལྷ་འཁོར་བཅས་×། །ཁྱེད་རྣམས་མཆོད་པའི་×། །རྒྱུ་སྦྱོར་ཡོན་གྱི་×། །གཡས་གཡོན་མདའ་མོ་རྒོད་སྒྲོ་མ། །སྟོང་ལ་ཚེ་འཛིན་དགྲ་ལྷ་×། །སྒྲོ་ལ་རླུང་ཤུགས་དགྲ་ལྷ་བཀོད། །སྨྱུག་ལ་ལྡེམས་མྱུར་དགྲ་ལྷ་བཀོད། །ཚིག་ལ་ཆད་མེད་དགྲ་ལྷ་×། །མདེའུའི་རྩེར་ཐོག་ཆེན་དགྲ་ལྷ་×། །དགྲ་སྡེ་ཐམས་ཅད་ཆེམས་(ཆམ)ལ་ཕོབས། །གཞུ་ལ། ཀྱེེ་དགྲ་ལྷ་འཁོར་བཅས་སྙན་×། །ཁྱེད་རྣམས་མཆོད་པའི་×། །རྒྱུ་སྦྱོར་ཡོན་གྱི་×། །གཞུ་མོ་མཆོག་དཀར་འོད་ཆེན་ལ། །སྲ་མཉེན་འཛོམས་པའི་དགྲ་ལྷ་བཀོད། །རྐེད་ཀྱི་འཆང་བུ་མཐེབ་ཆེན་ལ། །བརྟན་ཅིང་མཁྲེགས་པའི་དགྲ་ལྷ་×། །གཞུ་རྒྱུད་གསང་བའི་འདྲིལ་ལམ་ལ། །གྲུམ་ལྷོད་ཆད་མེད་དགྲ་ལྷ་×། །ཡོ་དྲང་ཁས་དྲག་མ་ཞན་ཅིག །འཁྱོགས་འཐེན་གས་ཆག་མ་བཏང་ཅིག །དགྲ་སྙིང་ཁས་ལ་དགྲ་སྲོག་ཆོད། །རྟ་ལ། ཀྱེེ་དགྲ་ལྷ་འཁོར་×། །ཁྱེད་རྣམས་×། །རྒྱུ་སྦྱོར་ཡོན་×། །ཅང་ཤེས་རྟ་ཕོ་མྱུར་མགྱོགས་ཀྱི། །བང་ལ་རླུང་ལྷའི་དགྲ་ལྷ་×། །ཕྲུམ་ཕྲུམ་ཟེ་བ་ལྷུ་ཚིག་སྟོད། །ལྷ་ཁམས་ཡོངས་ཀྱི་དགྲ་ལྷ་×། །དཔུང་བ་རྔ་མ་ལྷུ་ཚིག་རྐེར། །བར་སྣང་གཉེན་གྱི་དགྲ་ལྷ་×། །རྨིག་པ་སྨད་ཀྱི་ལྷུ་ཚིག་ལ། །ཀླུ་ཁམས་ཡོངས་ཀྱི་དགྲ་ལྷ་×། །མིག་ལ་རྣོ་མཐོང་དགྲ་ལྷ་×། །རྣ་བར་རྣ་གསང་དགྲ་ལྷ་×། །རྐང་ལག་བང་མགྱོགས་དགྲ་ལྷ་×། །རྟ་རྒྱུག་དཔུང་བ་མ་ཕུད་ཅིག །ཆད་ལྷོད་ངལ་དུབ་མེད་པར་མཛོད། །ཕར་རྒྱུག་དགྲ་ཁམས་ཐལ་བར་རློག ། ”19 ཅེས་གྱོད་དང་ཁ་མཆི་བྱུང་ན་གྱོད་པའི་ངག་སྒོ་ཡངས་ལ་སེམས་ཀྱི་འཆར་སྒོ་མྱུར་བ། དམག་འཐབ་ཀྱི་མཁོ་ཆས་གཙོ་བོ་འཁྲབ་དང་རྨོག་གིས་རང་ལུས་སྲུང་བ། མཚོན་ཆ་མདུང་གི་རྣོ་ངར་དང་མདའ་གཞུ་ལ་འཁྱོགས་འཐེན་གས་ཆག་མ་བྱུང་བར་དགྲ་སྲོག་ཆོད་པ། ཞོན་པ་རྟ་མཆོག་ཕར་རྒྱུག་གིས་དགྲ་ཁམས་ཐལ་བར་རློག་པ་བཅས་བསམ་དོན་འགྲུབ་པའི་དགྲ་ལྷའི་ཚོགས་ཀྱིས་རྗེས་སུ་བཟུང་སྟེ་གཡུལ་ལས་རྒྱལ་བའི་རེ་སྨོན་མཚོན་པར་མ་ཟད། རྒྱལ་བ་རིགས་ལྔའི་དགྲ་ལྷ་དང་སེམས་དཔའ་ཡོངས་ཀྱི་དགྲ་ལྷ་བཀོད་པའི་ཐ་སྙད་འདི་ལས་གནའ་བོའི་དད་མོས་ལས་བྱུང་བའི་དམག་འཁྲུག་གི་ཆོ་ག་འདི་ལ་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའང་མཉམ་གསེས་བྱས་ཡོད་པ་ཤེས་ཐུབ།

«སྒྲ་བླའི་གོ་མཚོན་སྣ་དགུ་ཡོན་བདག་ལ་འགོད་ཚུལ»ལས། ཀྱེེ་དགྲ་ལྷ་གཉན་པོ་འཁོར་བཅས་ལ། །མཆོད་གཏོར་ཕུད་བའི་བྱིན་རླབས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་རྣམས། །ཕ་རོལ་དགྲ་ལ་འཐབ་ཙ་ན། །དགྲ་བོ་ངར་མའི་དོན་སྙིང་ཕྱུངས། །དགྲ་རྟ་མགྱོགས་པའི་དཔུང་བ་ཆོག །དགྲ་མཚོན་རྣོན་པོའི་རྐེད་ནས་ཆོད། །དགྲ་དཔུང་ཐལ་བའི་རྡུལ་དུ་རློགས། །དཔའ་དང་རྒྱལ་ཁ་རང་ལ་བྱིན། །གྱོད་དང་ཕམ་ཁ་དགྲ་ལ་ཕོབས། །ཞེས་གསུངས་པ་ལྟར་དགྲ་ལྷ་ཞེས་པ་ནི་དམག་འཁྲུག་ལ་མགོན་སྐྱབས་བྱེད་པའི་གདོད་མའི་ལྷ་ཞིག་གི་མིང་སྟེ་དགྲ་ལྷའམ་དགྲ་བླ་བཅུ་གསུམ་ཞེས་པའི་དབྱེ་བ་འདྲེན་ཚུལ་ཡོད་པ་དང་། ངག་རྒྱུན་ཏུ་ཕོ་ལྷ་དང་དགྲ་ལྷ། མོ་ལྷ་དང་ཟས་ལྷ་ཞེས་བརྗོད་པ་ལས་གནའ་དུས་ཕོ་ཡིན་ན་དམག་ལ་འགྲོ་དགོས་པ། དམག་ལ་སོང་ན་དགྲ་ལྷའི་དཔུང་གིས་སྐྱོབ་པ། མོ་ཡིན་ན་ཟས་གཡོ་སྐོལ་ལ་མཁས་པ་ལས་དམག་འཁྲུག་ལ་ཞུགས་མི་དགོས་པར་མཚོན་པ་དང་། རི་སྒང་མཐོ་ས་ནས་བསང་དུད་དང་འགྲོགས་ནས་རླུང་རྟ་མཁའ་ལ་སྤུར་སྐབས“ཀི་སྭོ། ལྷ་རྒྱལ་ལོ། ”ཞེས་ངར་སྐད་སྒྲོགས་པ་ཡང་ཕོ་སྐྱེས་ཡིན་ལ། ལྷ་རྒྱལ་ལོ་ཞེས་དགྲ་ལྷའི་དཔུང་གིས་སྐྱོབ་ནས་དགྲ་ལས་རྣམ་པར་རྒྱལ་བའི་འབོད་དོན་འདིར་དམག་འཁྲུག་དང་འབྲེལ་བའི་བསམ་དོན་ཞིག་གསལ་བར་མཚོན་པ་རེད།

«རླུང་རྟའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་»ལས། “ཀུན་ཁྱབ་དག་པ་ཆོས་དབྱིངས་ཆེན་པོའི་ངང་། །རང་རྩལ་མ་འགག་རོལ་བ་ཕྲིན་ལས་ལྷ། །རྫུ་འཕྲུལ་རྐང་བ་བཞི་ལྡན་རླུང་ཤུགས་ཀྱིས། །གང་འདོད་གནས་སུ་ཐོགས་མེད་ཕྱིན་པའི་རྟ། །ཡེ་ཤེས་འཇིག་རྟེན་མགོན་མཛད་གང་ཡང་རུང་། །བརྫུས་གཟུགས་མྱུར་མཛད་ལས་ཀྱི་ལས་ཆེན་བཞི།། འཁོར་འདས་ཡོངས་ལ་ཁྱབ་རྒྱུ་མཐུ་བོ་ཆེ། །བོས་བ་ཙམ་གྱིས་གློག་ལྟར་མྱུར་དུ་བྱོན། །དཔག་བསམ་ལྗོན་པའི་ཚལ་ན་རྒྱུ་བ་ཡི། །དགྲ་བླ་ཁྱུང་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉེན་པོ་བསྐང་། །མཛངས་འཕྲུལ་ཕུན་སུམ་ཚོགས་པའི་རླུང་རྟ་བསྐྱེད། །ཁྱད་པར་ཤིང་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་ནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །འཇིགས་རུང་མེ་ཡི་ཚྭ་ཚྭ་འཁྲུགས་པ་ཡི། །དགྲ་བླ་སྟག་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉན་པོ་བསྐང་། །དཔའ་སྟོབས་ཕུན་སུམ་ཚོགས་པའི་རླུང་རྟ་བསྐྱེད། །ཁྱད་པར་མེ་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་ནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཤེལ་བྲག་གངས་ཆེན་ལྕགས་རིའི་ཟོམ་གནས་པ། །དགྲ་བླ་སེང་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉན་པོ་བསྐང་། །མཛེས་བརྗིད་ཕུན་སུམ་ཚོགས་པའི་རླུང་རྟ་སྐྱེད། །ཁྱད་པར་ལྕགས་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་ནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཆུ་ལྡན་ཆར་སྤྲིན་ཟབ་མོའི་ཀློང་གནས་པ། །དགྲ་བླ་འབྲུག་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །དར་སྣ་བ་དན་རོལ་མོའི་མཆོད་པ་འབུལ། །མངའ་གསོལ་གཟེངས་བསྟོད་ཐུགས་དམ་གཉན་པོ་བསྐང་། །སྙན་གྲགས་ཕུན་སུམ་ཚོགས་པའི་རླུང་རྟ་བསྐྱེད། །ཁྱད་པར་ཆུ་ཁམས་རླུང་གི་ཀ་བ་ཚུགས། །ཕ་རོལ་རྒོལ་བ་ཐམས་ཅད་ཟིལ་གྱིས་ནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །”20ཅེས་རླུང་རྟའི་སྲོག་ཆགས་རྣམས་དགྲ་བླའམ་དགྲ་ལྷར་ངོས་བཟུང་བར་མ་ཟད། འབྱུང་བའི་ཁམས་དང་འབྲེལ་ནས་ཕ་རོལ་དགྲ་ལས་རྣམ་པར་རྒྱལ་བའི་རེ་སྨོན་མཚོན་པ་དང་། དཔེ་རྙིང་འགར་རླུང་རྟའི་ལྷ་ཚོགས་ཞེས་བརྗོད་པའི་ལྷ་དེ་ཡང་ཕས་རྒོལ་འཇོམས་པའི་དགྲ་ལྷའི་དོན་ཡིན་པའང་ར་སྤྲོད་ཐུབ་པ་རེད། «དགྲ་བླ་དཔང་བསྟོད་»ལས། “ལྷོ་སྤྲིན་གཡུ་འབྲུག་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཞིག །གངས་དང་སེང་གེ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཞིག །ནགས་དང་རྒྱ་སྟག་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཞིག །བྲག་དང་བྱ་རྒོད་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཞིག །”21ཅེས་དང་། «དགྲ་ལྷའི་ཀྭ་འཛུགས་རྡོ་རྗེ་ཕ་ལམ་གྱི་ཟུར་རྒྱན་དགྲ་ལས་རྒྱལ་བའི་འཁོར་ལོ་»ལས། “ཀྱེེ་གནམ་ལ་གཡུ་འབྲུག་གནས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །འབྲུག་ལ་ཟེ་བ་རྒྱས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །གངས་ལ་སེང་ཆེན་གནས་བ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །སེངྒེ་གཡུ་རལ་རྒྱས་པ་བཞིན། །དགྲ་བླ་མི་དང་མ་བྲལ་ཅིག །” 22ཅེས་དགྲ་ལྷ་རང་ལུས་ལ་གནས་ཚུལ་རླུང་རྟའི་སྲོག་ཆགས་ལ་དཔེར་བཞག་ནས་མཆོད་བསྟོད་བྱེད་པ་དང་། མཆོད་བསྟོད་ཀྱི་ནང་དོན་ཡང་སྤྱི་ཚོགས་ཀྱི་འགྱུར་བ་ལྟར་དམག་འཁྲུག་གི་རྣམ་པ་ནས་མི་རང་ཉིད་ཀྱི་ཁེ་ཕན་དང་བསམ་དོན་མཚོན་པའི་ཕྱོགས་སུ་འཕེལ་བ་ཞིག་སྟེ། «ཀླུང་རྟའི་བསངས་མཆོད་བྱེད་ཚུལ་བཀྲ་ཤིས་དུང་དཀར་གཡས་འཁྱིལ་»ལས། “མྱུར་མགྱོགས་ཤུགས་ལྡན་རྟ་མཆོག་ཤུགས་ལྡན་ལ། །སྟག་སེང་ཁྱུང་འབྲུག་སྲུང་བཞིས་ལེགས་བསྐོར་བའི། །ཀླུང་རྟའི་སྣང་བརྙན་མཁའ་ལ་འཕྱར་བ་ཡིས། །དབང་ཕྱུག་སྟོབས་ཀྱིས་གཡུལ་ལས་རྣམ་རྒྱལ་མཛོད། །རྩལ་གསུམ་སྟོབས་ལྡན་དུང་སེང་དཀར་མོ་ཡིས། །ཕས་རྡོལ(རྒོལ)ཡིད་ལ་འཇིགས་པའི་དཔལ་སྟེར་ཞིང་། །བཀྲག་མདངས་འོད་འབར་ཁྲོམ་ཚོགས་ཟིལ་གནོན་པའི། །ལུས་ལ་གཟི་བརྗིད་ཆེ་བའི་རླུང་རྟ་བསྐྱེད། །ངར་སྐད་སྟོབས་ལྡན་གཡུ་འབྲུག་སྔོན་མོ་ཡིས། །ཁེ་དྲེགས་དབང་ཆེན་བཙན་པོའི་ཚིག་ལ་དབང་། །གང་ཉན་གཏམ་ལ་ཀུན་ཉན་གུས་འདུད་པའི། །ངག་ལ་ཚིག་བཙུན་བདེན་པའི་ཀླུང་རྟ་×། །དཔའ་བོའི་སྟོབས་ལྡན་རྒྱ་སྟག་དམར་པོ་ཡིས། །དཔའ་མཛངས་བརྟུལ་ཕོད་ཆེ་ཞིང་ལྡན་པའི་སེམས།། གར་ཤར་ལེགས་ཤིང་ཆོས་མཐུན་བློ་འགྱུ་བའི། །ཡིད་ལ་འཆར་སྒོ་ཡངས་པའི་ཀླུང་རྟ་×། །དྲེགས་པའི་སྟོབས་ལྡན་བྱ་ཁྱུང་རྒྱལ་པོ་ཡིས། །ལུགས་ཟུང་བྱ་བའི་དབུ་འཕང་མཐོར་འདེགས་ཤིང་། །དཔྱོད་ལྡན་ཡིད་ཀྱི་བརྟན་པ་འཕྲོག་ནུས་བའི། །ཆེ་བའི་ཡོན་ཏན་ལྡན་པའི་ཀླུང་རྟ་×། །བསོད་ནམས་སྟོབས་ལྡན་རྟ་མཆོག་རིན་ཆེན་གྱིས། །ཆོས་སྲིད་ལས་ཀྱི་བྱ་བ་གང་བརྩམས་ཀུན། །སྐད་ཅིག་ཐོགས་མེད་མྱུར་བའི་ཤུགས་ལྡན་པའི། །བསམ་དོན་ལྷུན་གྲུབ་ཀླུང་རྟ་ཡར་ལ་×། །”23ཅེས་དང་། «གསོལ་མཆོད་མདོར་བསྡུས་»ལས། “ལས་ཀླུང་སྟོབས་ལྡན་རྟ་མཆོག་རིན་ཆེན་གྱིས། །ཆོས་སྲིད་འདོད་དགུའི་ཀླུང་རྟ་ཡར་ལ་བསྐྱེད། །ཕས་རྒོལ་ཟིལ་གནོན་དུང་སེང་དཀར་མོ་ཡིས། །འཇིགས་བརྒྱད་ཞི་བའི་ཀླུང་རྟ་ཡར་ལ་བསྐྱེད། །སྙན་གྲགས་དགྲ་བརྒྱ་དགོད་པའི་གཡུ་འབྲུག་གིས། །ཚེ་བསོད་རྒྱས་པའི་ཀླུང་རྟ་ཡར་ལ་བསྐྱེད། །དབུ་འཕང་མཐོར་འདེགས་བྱ་ཁྱུང་རྒྱལ་པོ་ཡིས། །ཆེས་བཙུན་དབང་སྡུད་ཀླུང་རྟ་ཡར་ལ་བསྐྱེད། །དཔའ་བོའི་སྙིང་སྟོབས་བརྟན་པའི་རྒྱ་སྟག་གིས། །དགྲ་འདུལ་དྲག་པོའི་ཀླུང་རྟ་ཡར་ལ་བསྐྱེད། །ཀླུང་རྟ་ཡར་ལ་བསྐྱེད་པའི་དཔལ་ཡོན་གྱིས། །འཕྲིན་ལས་གང་བརྩམ་ཐོག་མེད་མྱུར་འགྲུབ་ཏེ། །དཔལ་འབྱོར་ཕྱྭ་གཡང་རྒྱ་མཚོ་འཁྱིལ་བའི་དབུས། །ཚེ་སྲོག་རི་རྒྱལ་ལྷུན་པོ་ལྟར་བརྟན་མཛོད། །”24ཅེས་རླུང་རྟའི་སྲོག་ཆགས་རྣམས་མཚོན་དཔེར་བཀོད་ནས། རང་ལུས་ལ་ཁྲོམ་ཚོགས་ཟིལ་གྱིས་གནོན་པའི་གཟི་བརྗིད་ལྡན་ཞིང་ངག་ལ་ཀུན་ཉན་འདུད་པའི་བདེན་པ་ཐོབ་པ། ཡིད་ལ་གང་ཤར་འཆར་སྒོ་ལེགས་པ། ཕས་རྒོལ་ཟིལ་གྱིས་གནོན་པའི་ཡོན་ཏན་ལྡན་པ། དགྲ་འདུལ་དབང་སྡུད་ཆེ་ལ་ཚེ་སྲོག་རིང་དུ་བརྟན་པ། ཕྲིན་ལས་གང་བརྩམ་བསམ་དོན་མྱུར་དུ་འགྲུབ་པ་སོགས་སྐྱེ་བོ་རང་གི་ཚེ་བསོད་སྙན་གྲགས་རྒྱས་པ་དང་དཔལ་འབྱོར་ཕྱྭ་གཡང་འཁྱིལ་བའི་རླུང་རྟ་ཡར་ལ་བསྐྱེད་ཅིང་བསྟོད་པ་ནི་འཇིག་རྟེན་ཁྱིམ་པ་བའི་འདོད་བློ་ལྟར་བསྐུལ་བ་ཞིག་དང་། འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་རབ་བྱུང་བཙུན་པ་ཞིག་ལ་འཇིག་རྟེན་ཆོས་རྒྱལ་གྱི་དབང་དུ་གྱུར་བའི་སྙན་གྲགས་དང་ནོར་ལོངས་སྤྱོད་སོགས་ཀྱི་དགོས་མཁོ་མི་འདུག་ཀྱང་།

རླུང་རྟ་བསྐྱེད་ཅིང་གསོལ་ན་བཙུན་པ་ཁོ་བོའི་དགེ་སྦྱོར་འཕེལ་ཞིང་ཉམས་རྟོག་རྒྱས་པའི་གྲོགས་སུ་འགྲོ་ཚུལ་ནི། «གསོལ་མཆོད་མདོར་བསྡུས་»ལས། ཤར་ཕྱོགས་དུང་སེང་གཡུ་ཡི་རལ་བ་ཅན། །ལོག་རྟོག་མཚན་འཛིན་འཇོམས་པའི་ཀླུང་རྟ་བསྐྱེད། །ལྷོ་ཕྱོགས་རྩལ་ལྡན་གཡུ་འབྲུག་ཟངས་མཆེ་ཅན། །ཉམས་རྟོག་སྒྲ་བརྒྱ་རྒོད་པའི་ཀླུང་རྟ་སྐྱེད། །ནུབ་ཕྱོགས་རྒྱ་སྟག་མཚལ་གྱི་མཛེས་བཀྲ་ཅན། །སྒྲུབ་པའི་སྙིང་སྟོབས་འཕེལ་བའི་ཀླུང་རྟ་སྐྱེད། །བྱང་ཕྱོགས་བྱ་རྒྱལ་ནོར་བུའི་ཐོར་བཙུགས་ཅན། །སྲིད་ཞིའི་ཕ་མཐར་ལྡིང་བའི་ཀླུང་རྟ་སྐྱེད། །དབུས་ཕྱོགས་མགྱོགས་འགྲོས་རྟ་མཆོག་བང་རྩལ་ཅན། །རྣམ་མཁྱེན་ས་ལམ་རྟོགས་པའི་ཀླུང་རྟ་སྐྱེད། །”25ཅེས་རླུང་རྟའི་སྲོག་ཆགས་ཀྱི་ཐུན་མིན་བྱེད་ནུས་ཀྱིས་སྤོབས་པའི་གདེངས་ཐོབ་སྟེ་རང་རྒྱུད་ཀྱི་ལོག་རྟོག་མ་ལུས་དྲུངས་ནས་བྱུང་ཞིང་སྒྲུབ་པའི་བློ་རྩ་བརྟན་ལ་ཉམས་རྟོག་གི་འབྲས་བུ་འཕེལ་བ། སྲིད་ཞིའི་ཕ་མཐར་སོན་ཏེ་རྣམ་མཁྱེན་གྱི་ས་ལམ་ཐོབ་པའི་གྲོགས་སུ་བསྐུལ་བ་སོགས་མི་རང་རང་གི་འདོད་བློ་ལྟར་རླུང་རྟ་གསོལ་ཞིང་མཆོད་ན་བསམ་དོན་ཇི་བཞིན་འགྲུབ་པ་དང་། རྐྱེན་ངན་བར་ཆད་ཞི་བ། རྒུད་པའི་ཁ་རྗེ་དབང་ཐང་གསོ་བ། ཚེ་བསོད་ལོངས་སྤྱོད་རྒྱས་པ་སོགས་བཀྲ་ཤིས་གཡང་དུ་འགུགས་པའི་བསམ་བློའི་མཐུ་ལ་བརྟེན་ནས་བོད་མི་སྤྱིའི་རླུང་རྟ་གསོལ་བ་རེད།

3.རླུང་རྟའི་རི་མོ་དེ་ཆོས་སྤྱོད་ཀྱི་བསམ་བློ་ལྟར་འགྱུར་ལྡོག་བྱུང་བ།

དེང་དུས་ང་ཚོས་མཐོང་ཆོས་སུ་གྱུར་བའི་རླུང་རྟའི་མཚོན་རིས་གཙོ་བོ་རྟ་མཆོག་གི་སྒལ་སྟེང་དུ་ནོར་བུ་གསུམ་བཀོད་འབྲི་བྱེད་པ་དེ་ནི། དཀོན་མཆོག་གསུམ་གྱི་མཚོན་བྱེད་ཡིན་པ་དང་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དང་སྦྲེལ་ནས་མཛེས་རྒྱན་སྤྲས་པ་ཞིག་རེད།

«གསེར་འཁོར་»ལས། “རླུང་རྟ་སྙན་པའི་བ་དན་ནི། རྒྱུ་བཟང་རས་དང་ཟ་འོག་ལ། །ཆེ་ཆུང་ཅི་ཙམ་འཚམ་པ་ཡིས། །དབུས་སུ་སེར་བོ་རྐྱ་མི་རིས། །གེ་སར་རྒྱན་ཆས་རྫོགས་པར་བྲི། །ཕྲག་གཡས་ལྗང་ཀུ་ཁྱུང་ལྡིང་རིས། །ཕྱག་གཡོན་སྔོན་པོ་གཡུ་འབྲུག་རིས། །རྒྱབ་གྲྭར་དཀར་པོ་དུང་སེང་རིས། །མདུན་གྲྭར་དམར་པོ་མཚལ་སྟག་རིས། །སྤྱི་བོ་མདུན་འོག་རྒྱབ་ཕྱོགས་བཞིར། །རིམ་པར་དཀར་དམར་ལྗང་ཀུ་སྔོ། །དེ་ལ་བ་དན་རེ་རེ་བྲི།”26ཞེས་གསུངས་པའི་རྗེས་སུ་ཡིག་ཆུང་གིས་དབུས་སེར་པོ་ལ་གེ་སར་སྐྱ་མི་རིས། མཚམས་བཞིར། སྟེང་དུ་ཁྱུང་འབྲུག ཞབས་སུ་སྟག་སེང་གཉིས། ཕྱོགས་བཞིར་དཀར་དམར་ལྗང་སྔོ་བཞིའི་བ་དན་བཞི་ཞེས་རླུང་དར་དབུས་ཀྱི་རྟ་མཆོག་གི་གཟུགས་རིས་དེ་གེ་སར་རྒྱལ་བོའི་བརྙན་རིས་སུ་འཕེལ་འགྱུར་བྱུང་བར་མ་ཟད། རླུང་རྟའི་སྲོག་ཆགས་ཀྱི་རི་མོ་དེ་དག་གེ་སར་དཔུང་གི་ཆིབས་པའི་གཟུགས་སུ་བཀོད་འབྲི་བྱེད་པ་ནི། «བསང་ཡིག་»ལས། “སྐུ་རྗེ་སེང་ཆེན་ནོར་བུ་སོགས། །རྟ་ལ་ཆིབས་པའི་དགྲ་བླ་འབུམ། །བྱིན་གྱིས་རློབས་ཤིང་ཚེ་དཔལ་སྐྱེད། །སེང་ལ་ཆིབས་པའི་ཝེར་མ་འབུམ། །གཟི་བྱིན་སྐྱེད་ཅིང་གཞན་སྡེ་གནོན། །

ཁྱུང་ལ་ཆིབས་པའི་ཝེར་མ་འབུམ། །མཐུ་རྩལ་སྐྱེད་ཅིང་བློ་གྲོས་སྤེལ། །སྟག་ལ་ཆིབས་པའི་ཝེར་མ་འབུམ། །དཔའ་དར་སྐྱེད་ཅིང་བདེ་དྲོད་སྦོར། །འབྲུག་ལ་ཆིབས་པའི་ཝེར་མ་འབུམ། །སྙན་གྲགས་སྒྲོགས་ཤིང་དགེ་མཚན་བསྐྱེད། །” 27ཅེས་གེ་སར་རླུང་རྟ་ལ་གསོལ་མཆོད་ཀྱིས་རང་གི་ཚེ་དཔལ་སྐྱེད་ཅིང་དགྲ་མགོ་གནོན་པ། བློ་གྲོས་སྤེལ་ཞིང་སྙན་གྲགས་རྒྱས་པ་སོགས་འདོད་དོན་འགྲུབ་པར་སྐུལ་བ་དང་། གེ་སར་རྒྱལ་བོ་ནི་བོད་པའི་སེམས་ཁོངས་སུ་བཙན་པོ་དགྲ་ཡི་མགོ་གནོན་དང་། ཉམས་ཆུང་སྐྱོང་གི་ཕ་མ། ནག་ཕྱོགས་བདུད་ཀྱི་གཉའ་ཤིང་། དཀར་པོ་ཆོས་ཀྱི་རྒྱལ་མཚན་དེ་དཔའ་སྟོབས་འགྲན་ཟླ་བྲལ་བའི་དམག་དཔོན་ཞིག་ཏུ་ངོས་འཛིན་གནང་གིན་ཡོད། རླུང་རྟའི་སྲོག་ཆགས་སྟག་སེང་ཁྱུང་འབྲུག་བཞི་ལ་ཝེར་མ་ཆིབས་པར་གསུངས་ལ། ཝེར་མ་ཞེས་པའི་ཐ་སྙད་འདི་ནི་ཞང་ཞུང་གི་སྐད་དོད་ཡིན་པ་དང་བོད་སྐད་དུ“མཐུ་ཆེན་ཁ་དྲག”ཅེས་པའི་དོན་དུ་འཇུག་པ་ཡིན་ཚུལ་«བོན་གྱི་བསྟན་བཅོས་ཕྱོགས་བསྒྲིགས་»སུ་གསལ་ལ། མཐུ་ཆེན་ཁ་དྲག་ཟེར་དོན་ཡང་ལྷ་འདི་ཉིད་མཐུའམ་ནུས་པ་ཤིན་ཏུ་ཆེ་བ་དང་ཕན་སར་ཕན་ཐུབ་ཅིང་གནོད་སར་གནོད་ཐུབ་པ་དང་། དྲག་པོའི་འཕྲིན་ལས་བསྒྲུབ་པ་ལ་ཤིན་ཏུ་ནས་མྱུར་བ་བཅས་ཀྱི་ཁྱད་ཆོས་ལྡན་པར་བཤད། «གླིང་སྒྲུང་»ནང་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་གྱིས་གཙོས་དཔའ་རྟུལ་རྣམས་ཀྱིས་ཕྱོགས་བཞིའི་བདུད་བཞི་དང་རྫོང་ཆེན་བཅོ་བརྒྱད། རྫོང་ཕྲན་ཉེར་གཅིག་ཆམ་ལ་འབེབས་པའི་ལྷོ་འདུལ་བྱང་འཐབ་དང་། བདུད་བཏུལ་དགྲ་བཅོམ་གྱི་དྲག་པོ་གཡུལ་གྱི་འཕྲིན་ལས་སྤེལ་བའི་བརྒྱུད་རིམ་སྔ་ཕྱི་བར་གསུམ་དུ་དགྲ་ལྷ་ཝེར་མ་དང་ཝེར་མའི་ཚོགས་རྣམས་མཆོད་ཅིང་སྡང་བའི་དགྲ་ཕྱོགས་ལས་རྒྱལ་བའི་སྐྱབས་དང་འཕྲིན་ལས་བཅོལ་གྱི་ཡོད་ཚུལ་གསལ་བོར་འཁོད་ཡོད་པ་དང་། «བྱང་ཀླུ་ཁྲི་རྟ་རྫོང་»ལས་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་“ལྷ་མཆོད་ཅིང་དགྲ་ལྷ་ཝེར་མ་མཆོད། ལས་ཅི་བསམ་དོན་ཆེན་འགྲུབ་པར་ཤོག་”ཅེས་དགྲ་ལྷ་ཝེར་མ་ཞེས་མཆོད་པ་དང་། གསེར་འཁོར་ལས། ད་དགྲ་འདི་སོད་ལ་བགེགས་འདི་ཆོམས། །དགྲ་བླ་མཐུ་རྩལ་མ་ཞན་ཅིག །ཝེར་མ་ལས་ལ་མ་གཡེལ་ཞིག །དགྲ་བོ་སོད་ལ་དགྲ་མཁར་ཤིག །དགྲ་ནོར་ཕྲོགས་ལ་དགྲ་སྟོབས་ཆོམས། །ཕོ་ལྷ་དགྱེས་པའི་དར་ཆེན་ཕྱོར། །དགྲ་བླ་དགའ་བའི་གད་རྒྱངས་སྒྲོགས། ”28།ཞེས་ཝེར་མ་ནི་དགྲ་ལྷ་ཡིན་པར་གསལ་བ་རེད།

4. རླུང་རྟའི་རི་མོ་དང་གཟུངས་སྔགས་ཟུང་ཏུ་སྦྲེལ་ཞིང་བཀྲ་ཤིས་རི་མོའི་མཛེས་རྒྱན་སྤྲས་པ།

དམ་པའི་ཆོས་ལ་དད་ཞེན་གྱི་བསམ་བློ་དང་འབྲེལ་ནས་རླུང་རྟའི་རི་མོའི་སྟེང་བླ་མའི་གསོལ་འདེབས་དང་། ཡི་དམ་མཁའ་འགྲོའི་གཟུངས་བསྔགས་སོགས་བྲིས་ནས་བརྗོད་དོན་ཇེ་ཟབ་ཏུ་བཏང་བར་མ་ཟད། དམ་ཆོས་ཀྱི་མཚོན་དོན་རང་བཞིན་ལྡན་པའི་རི་མོའི་ཀྱང་མཇེས་རྒྱན་སྤྲས་པ་ནི།

«ཡི་གེ་བརྒྱ་རྒྱུད»ལས། “ཡི་གེའི་སྙིང་པོ་ཡིད་བཞིན་ནོར་བུ་འདི། ཟ་འོག་དར་རམ་རས་སམ་དྲི་མེད་ལ། རིན་ཆེན་ཁུ་བ་མཚལ་སྣག་གང་རུང་གིས། བྲིས་ཤིང་རི་བོ་ཞིག་གི་རྩེར་བཙུག་ན། རི་བོ་དེ་ལ་རྩྭ་ཟོས་ཆུ་འཐུང་དང་། མིག་གིས་མཐོང་ཚད་སངས་རྒྱས་ཐོབ། གནས་རི་བཟང་པོ་ཞིག་གི་འགྲམ་བཙུགས་ན། དེ་ལ་གནས་པའི་སེམས་ཅན་སངས་རྒྱས་ཐོབ། ཡུལ་དེ་ནད་ཡམས་གདུག་པའི་གནོད་མི་ཚུགས། རི་ཁྲོད་དགོན་པ་ཞིག་གི་འགྲམ་བཙུག་ན། དེར་གནས་དགེ་བའི་བཤེས་གཉེན་གང་ཞིག་གི། དགེ་སྦྱོར་མཐར་ཕྱིན་དམ་ཚིག་ཉམས་པ་གསོ། ”ཞེས་དང་། «མདོ་»ལས། “ཆུ་དར་ལ་མུ་ཏིག་གིས་བྲིས་ནས། ནམ་མཁའ་ལ་ཕྱར་ན་སེམས་ཅན་བྱ་རིགས་དུད་འགྲོ་ལ་སོགས་པ་བསམ་དུ་མེད་པའི་སྒྲིབ་པ་བྱང་བར་འགྱུར་རོ། །”ཞེས་གཟུངས་བསྔགས་དར་གོས་ལ་བྲིས་ནས་མཁའ་ལ་ཕྱར་བའི་ཕན་ཡོན་དང་དགེ་མཚན་བསྟན་པའི་བསམ་དོན་དེ། རིམ་བཞིན་རླུང་རྟའི་རི་མོ་དང་གཞི་གཅིག་ཏུ་འབྲེལ་ཚུལ་ཡང་། «གསེར་འཁོར་»ལས། “རླུང་རྟ་བསྐྱེད་པའི་རྟེན་འབྱུང་གི་རི་མོ་ཇི་སྙེད་པ་དང་། ཁྱད་པར་སེར་པོ་ལ་རྟ། དམར་པོ་ལ་སྟག སྔོན་པོར་འབྲུག ལྗང་གུར་ཁྱུང་། དཀར་པོར་སེང་གེ་བྲི། དར་གྱི་བ་དན་ལྕེ་བཞི་ལ། བསམ་ལྷུན་སིདྔྷི་དང་འདོད་གསོལ། གཞན་ཡང་ཀླུང་རྟ་བསྐྱེད་པའི་སྔགས་ལ་སོགས་པ་བྲི་ཞིང་”29ཞེས་

དང་།

«ཀླུང་རྟའི་ཀ་ཆེན་འཛུགས་པའི་ལག་ལེན་གསེར་གྱི་ཐེམ་སྐས»ལས། “བཀྲ་ཤིས་རྟགས་བརྒྱད་འབུལ་བ་ནི། ཨ་སྤྱི་ཕུད་བླ་མེད་གདུགས་དཀར་ཆེ། །མྱུར་མགྱོགས་རྩལ་ལྡན་གསེར་ཉ་འཕྱོ། །དཔལ་འབྱོར་ཕུན་ཚོགས་བུམ་པ་བཟང་། །དགེ་མཚན་དཔལ་གྱི་པདྨ་རྒྱས། །རྣམ་གྲོལ་བསྟན་པའི་དུང་ཆེན་སྒྲོགས། །རྣམ་དཔྱོད་རིག་པའི་དཔལ་བེའུ་བཀྲ། །ཐོས་བསམ་སྒོམ་པའི་རྒྱལ་མཚན་མཐོ། །དོན་གཉིས་ཀུན་འགྲུབ་འཁོར་ལོ་བསྒྱུར། །དོན་རྟགས་བླ་མེད་མཆོད་སྤྲིན་འདི། །སྤྱན་དྲངས་ལྷ་ཚོགས་རྣམས་ལ་འབུལ། །ཡོན་ཏན་དེ་བཞིན་བདག་ལ་སྩོལ། །དེ་ནས་རིན་ཆེན་ནོར་བདུན་འབུལ་བ་ནི། ཨ་ཀུན་ལ་དབང་བསྒྱུར་འཁོར་ལོ་ཆེ། །འདོད་དོན་ཀུན་འགྲུབ་ཡིད་བཞིན་ནོར། །དགའ་བཞིའི་དཔལ་ཡོན་བཙུན་མོ་མཛེས། །བློ་གྲོས་མཚུངས་མེད་ཁྱིམ་བདག་བློན། །ཐེག་ཆེན་སྟོབས་ལྡན་གླང་བོ་མཆོག །བདེ་ཆེན་མྱུར་བགྲོད་རྟ་མཆོག་འགྲོས། །འཁོར་བའི་འཕེལ་འཇོམས་དམག་དཔོན་རྒྱལ། །འཕགས་པའི་ནོར་བདུན་མཆོད་པ་འདི། །འཕགས་མ་གཙོ་འཁོར་བཅས་ལ་འབུལ། །འཕགས་མཆོག་སངས་རྒྱས་ཇི་བཞིན་དུ། །འཕགས་པའི་ཡོན་ཏན་བདག་ལ་སྩོལ། །”30ཞེས་དང་། “འདོད་འབྱུང་རྒྱལ་སྲིད་བདུན་དང་རྟགས་རྫས་བརྒྱད། །ཉི་ཟླ་དཔག་བསམ་ཤིང་དང་འདོད་འཇོའི་བ། །གཏེར་བུམ་བདུད་རྩི་ལ་སོགས་སྲིད་དང་ཞིའི། །དཔལ་འབྱོར་རྣམས་ཀྱི་དངོས་པོའི་དགེ་མཚན་ལྟར། །བཀྲ་ཤིས་ཕྱྭ་གཡང་ཀུན་གྱི་དཔལ་མཐའ་དག །གཅིག་ཏུ་འདུས་པ་ཡིད་བཞིན་དགའ་བའི་གཏེར། །སྐྱེ་དགུའི་ཡིད་ལ་འཇུག་པའི་ཡོན་ཏན་ནི། །མི་ཟད་བསམ་འཕེལ་ཕན་བདེའི་གཏེར་གྱུར་མཛོད་”31ཞེས་གསུངས་པ་ལྟར། རླུང་དར་སྟེང་དུ་རྒྱལ་མཚན་རྩེ་མོའི་གཟུངས་དང་། མ་ཎྀ་ཡིག་དྲུག མདོ་གདུགས་སྒྲོལ་གསུམ། བར་ཆད་ལམ་སེལ། བསམ་པ་ལྷུན་གྲུབ་སོགས་ཀྱི་གཟུངས་བཀོད་པ་དེར་དར་ལྕོག་ཞེས་བརྗོད་ལ། དེ་ནི་རླུང་རྟའི་རི་མོ་དང་གཟུངས་བསྔགས་མཉམ་གསེས་བྱེད་པའི་རླུང་དར་ཞིག་ཡིན་པར་མ་ཟད། བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན་སོགས་དམ་ཆོས་ཀྱི་མཚོན་དོན་རི་མོའི་ཀྱང་མཇེས་རྒྱན་སྤྲས་ཏེ་བརྗོད་དོན་རྒྱ་ཆེན་ཞིག་མཚོན་པ་རེད །

5.རླུང་རྟའི་གོ་དོན་དང་ཡི་གེའི་འབྲི་སྟངས།

རླུང་རྟ་ཞེས་ཕྱེད་སྔ་མའི་ཡི་གེ་དེར“རླུང”དང“ཀླུང”ཞེས་འབྲི་སྟངས་མི་འདྲ་བ་གཉིས་ཡོད་པ་ནི་བསང་དཔེ་དང་རླུང་རྟའི་གསོལ་མཆོད་སོགས་དཔེ་རྙིང་དག་ནས་འབྱུང་ལ། དེ་ནི་དམ་ཆོས་དང་འབྲེལ་བའི་རིག་གཞུང་གི་རྩ་བ་ཚུགས་དང་མ་ཚུགས་དུས་ཀྱི་གོ་དོན་འབྲེལ་སྟངས་ལ་རག་ལས་པ་ཡིན་པས་ན། ཡ་ཐོག་རིང་མོའི་དུས་དེ་བླའི་རིག་གནས་དར་བ་དང་རུས་ཆེན་རྣམས་ཀྱིས་བླ་རྟེན་ལ་དད་མོས་བྱེད་པའི་དུས་སྐབས་དེར་གཞུང་དོན་དང་འབྲེལ་ནས་གོ་བ་གཏིང་ཟབ་ཞིག་བྱེད་དུ་མེད་པ་ནི་ཚད་མའི་གྲུབ་པ་ཞིག་ཡིན། དེའི་ཕྱིར་རླུང་རྟ་ཞེས་པའི་རླུང་ནི་དབུགས་ལ་གོ་བ་དང་གསོན་པ་དང་རྒྱས་པ་སོགས་ཀྱི་དོན་དང་འབྲེལ་བར་མ་ཟད་རུས་བླ་དག་གིས་མཚོན་པའི་རླུང་རྟ་བར་སྣང་དུ་ཕྱར་ཞིང་གཡོ་བ་ཡང་རླུང་གི་བྱེད་ལས་དང་བསྟུན་པས་ན“རླུང་རྟ”ཞེས་བྱེད་ལས་དང་འབྲེལ་བའི་སྒོ་ནས་བཏགས་པ་ནི་རླུང་རྟའི་གདོད་མའི་གོ་དོན་དངོས་ཡིན་པར་སྙམ།

རླུང་རྟའི་གསོལ་མཆོད་དང་དགྲ་བླ་དཔང་བསྟོད་སོགས་དཔེ་གཞུང་མང་པོ་ཞིག་ན་རླུང་རྟའི་སྲོག་ཆགས་དཔེར་བཀོད་ནས་རྣམ་པར་རྒྱལ་བའི་དོན་མཚོན་པ་དེར་གཞིགས་ནས་གཅན་གཟན་གྱི་རྒྱལ་བོ་སྟག་དང་། རི་དྭགས་ཀྱི་རྒྱལ་བོ་སེངྒེ། འདབ་ཆགས་ཀྱི་རྒྱལ་བོ་ཁྱུང་། མཐོ་སྐྱེས་ཀྱི་རྒྱལ་བོ་འབྲུག་བཅས་མཆོག་གྱུར་བཞི་ལྡན་དང་། རྟ་མཆོག་གི་གཟུགས་རིས་དེའང་ཉེས་ལམ་ནས་ལེགས་ལམ་དུ་བགྲོད་པ་སོགས་ཐམས་ཅད་ཟིལ་གྱིས་ནོན་ཞིང་སྐྱེས་བོའི་རེ་འདོད་ཡོངས་སུ་སྐོང་བའི་མཚོན་དོན་དང་འབྲེལ་ནས“ཀླུང་རྟ”ཞེས་འདོད་སྨོན་དང་སྦྱར་ནས་གོ་དོན་གདགས་པར་འདོད་མཁན་ཡང་མཆིས།

རླུང་རྟའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་སོགས་ལས་རླུང་རྟའི་སྲོག་ཆགས་དེ་དག་གིས་འབྱུང་བའི་ཁམས་མཚོན་པར་བཞེད་པ་ལྟར་«ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་»ལས། “སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གི་ཁམས་མཚོན་པ་དང་། སེང་གེ་རི་བོར་གནས་པས་སའི་ཁམས་མཚོན། ཁྱུང་བར་སྣང་དུ་གནས་པའི་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་པ་དང་། འབྲུག་རྒྱ་མཚོ་ལ་གནས་པས་ཆུའི་ཁམས་མཚོན་པ་དང་། རླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་མཚོན་”32ཞེས་སྟག་སེང་ཁྱུང་འབྲུག་གི་རི་མོས་འབྱུང་བའི་ཁམས་མཚོན་པར་བསྟན་པ་དང་། ཁོང་གིས་མཛད་པའི་«ཞང་བོད་ལོ་རྒྱུས་ཏི་སེའི་འོད་»ལས་སྟག་སེང་ཁྱུང་འབྲུག་གི་རི་མོས་འབྱུང་བའི་ཁམས་མཚོན་ཚུལ་གོང་དང་འདྲ་ནའང་། “རྟ་མཆོག་རྒྱུག་རྩལ་དང་ལྡན་པ་དེས་ནི་རྒྱུན་མི་ཆད་པའི་སྐྱེས་བུའི་ནུས་ཤུགས་མཚོན་”33ཞེས་སྐྱེས་བུའི་ནུས་རྩལ་ཅན་གྱི་མཚོན་རྟགས་སུ་རྟ་བཀོད་ནས་རླུང་རྟའི་རི་མོའི་མཚོན་དོན་ཆ་ཚང་བར་བྱས་ཡོད། «བོན་སྒོ་»ལས། “འབྱུང་བ་ནམ་མཁའི་མཚོན་རྟགས་སུ་ཁྱུང་དང་། འབྱུང་བ་སའི་མཚོན་རྟགས་སུ་སེང་གེ འབྱུང་བ་ཆུའི་མཚོན་རྟགས་སུ་འབྲུག འབྱུང་བ་མེའི་མཚོན་རྟགས་སུ་སྟག འབྱུང་བ་རླུང་གི་མཚོན་རྟགས་སུ་རྟ་བཞག་ན་འཐད་པར་སེམས་”34ཞེས་འབྱུང་བའི་མཚོན་རྟགས་ངོས་འཛིན་ཚུལ་གོང་དང་མི་འདྲ་བའི་ཁྱད་པར་ཅུང་ཡོད་ཀྱང་རླུང་རྟའི་སྲོག་ཆགས་ཀྱི་རི་མོས་འབྱུང་ཁམས་མཚོན་པ་ནི་གཅིག་མཐུན་ཡིན་པ་དང་། ཁ་ཅིག་གིས་རླུང་རྟའི་སྲོག་ཆགས་དེ་དག་གིས་འབྱུང་བའི་ཁམས་མཚོན་པས་ཀླུང་རྟ་ཞེས་པའི“ཀླུང”ནི་འབྱུང་བ་ནམ་མཁའི་ཁམས་མཚོན་པར་གསལ་བཤད་བྱས་ཡོད་པ་རེད། དེས་ན་འབྱུང་ཁམས་ཀྱི་ནུས་པ་དང་སྐྱེ་འགྲོ་མིའི་འབྲེལ་བ་སོགས་ཀྱི་རིག་ལམ་ཕྲ་མོ་ནི་རྩིས་གཞུང་ལས་འབྱུང་ལ། བོད་དུ་དར་བའི་རྩིས་ཀྱི་ཐོག་མ་དང་ཇི་ལྟར་དར་བའི་ཚུལ་ནི་«ཞང་བོད་ལོ་རྒྱུས་ཏི་སེའི་འོད་»ལས། “རྩིས་ཀྱི་བོན་སྒོ་རྒྱ་ཆེ་བ་ནི་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་དང་། གཤེན་རབ་མི་བོ་ཆེ་ཉིད་ཀྱི་གདུང་སྲས་ཀོང་ཚ་འཕྲུལ་བུ་སོགས་ཀྱིས་ཞུས་ཤིང་བསྐུལ་བའི་ངོར་གཤེན་རབ་མི་བོ་ཆེས་གཙུག་ལག་རྩིས་ཀྱི་བོན་སྒོ་རྣམས་བསྟན་ཅིང་། རྩིས་ཀྱི་བོན་སྒོའི་གཙོ་བོ་ནི་གབ་རྩེ་འཕྲུལ་གྱི་མེ་ལུང་【1】། སྤར་ཁ་སྨེ་བའི་གླིང་སྐོར་【2】། འབྱུང་བ་དུས་ཀྱི་འཁོར་ལོ་【3】། ཇུ་ཞག་རྟེན་འབྲེལ་ལས་རྩིས་【4】འདི་བཞི་ཡིན་པའི་ཚུལ་གཤེན་རབ་མི་བོ་ཆེའི་མཛད་མདོ་རྣམས་སུ་གསལ་བོར་བཤད་ཡོད་”35ཞེས་གསུངས་པ་དང་།   «གཙུག་ལག་རྩིས་ཀྱི་རིག་པ་སྣང་སྲིད་མེ་ལོང་ལས་ནག་རྩིས་ཀྱི་རབ་ཏུ་བྱེད་པ་»ལས། “ལོ་ཟླ་སྤར་སྨེ་གཟའ་སྐར་སོགས། འབྱུང་བ་ལྔ་ཡིས་མ་བསྡུས་པའི། བོན་འགའ་ཡོད་པ་མ་ཡིན་ནོ། །” 36ཞེས་དང་།  སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་«བཻ་དཀར་»ལས་ཀྱང་། “ཕྱི་ཡི་སྣོད་ཀྱང་འབྱུང་བ་ལྔ། །ནང་གི་ཕུང་ཁམས་འབྱུང་བ་ལྔ། །དོན་དང་སྣོད་ཀྱང་འབྱུང་བ་ལྔ། །སྤར་ཁ་བརྒྱད་ཀྱང་འབྱུང་བ་ལྔ། །སྨེ་བ་དགུ་ཡང་འབྱུང་བ་ལྔ། །ལོ་སྐོར་བཅུ་གཉིས་འབྱུང་བ་ལྔ། །གཟའ་ཆེན་བརྒྱད་ཀྱང་འབྱུང་བ་ལྔ། །རྒྱུ་སྐར་ཉེར་བརྒྱད་འབྱུང་བ་ལྔ། །ཕྱོགས་བཞི་མཚམས་བརྒྱད་འབྱུང་བ་ལྔ། །ལ་སོགས་འབྱུང་ལྔར་མ་བསྡུས་མེད། །”ཅེས་རྩིས་གཞུང་རྣམས་སུ་འབྱུང་བ་ལྔར་དབྱེ་བ་དང་སྣོད་བཅུད་ཀྱི་འདུས་བྱས་ཐམས་ཅད་ཀྱང་འབྱུང་ལྔར་འདུ་བར་བསྟན་པ། འབྱུང་ལྔ་དེ་ལའང་དབང་བྱེད་པའི་ལྷ་ལྔ་ཡོད་པ་ནི་«ཀུན་གྲོལ་རླུང་ལྷའི་རྒྱུད་»ལས། “ཀུན་འབུམ་གོ་འབྱེད་སའི་ལྷ་དང་། ཀུན་སྒྲོལ་དྲག་པོ་རླུང་གི་ལྷ། ཀུན་རིག་རྒྱལ་པོ་མེ་ཡི་ལྷ། ཀུན་འདུལ་ཆེན་པོ་ལྕགས་ཀྱི་ལྷ། ཀུན་འཇོམས་རྒྱལ་པོ་ཆུ་ཡི་ལྷ་དང་ལྔ་སྤྲུལ་བ་འགྱེད།” ཞེས་པ་དང་། གང་ཟག་རང་རང་གི་འབྱུང་བ་ལྔའི་ནུས་པ་ལ་ལྷ་དེ་དག་གིས་སྐྱོབ་པའི་ཚུལ་ནི། དེ་ཉིད་ལས། “ཀུན་འབུམ་ཤ་དང་འདྲ་བས་ས་བདག་གི་ལོ་དང་ཁམས་ལ་མངའ་མཛད། ཀུན་སྒྲོལ་དབུགས་དང་འདྲ་བས་རླུང་གི་དར་གུད་ལ་མངའ་མཛད། ཀུན་རིག་མེ་དང་འདྲ་བས་མེའི་རང་བཞིན་ལ་མངའ་མཛད། ཀུན་འབུམ་རུས་པ་དང་འདྲ་བས་ལྕགས་ཀྱི་ལྷའམ་ཟླ་བ་ཞག་དུས་ཚོད་ལ་མངའ་མཛད། ཀུན་འཇོམས་ཁྲག་དང་འདྲ་བས་ཆུ་ལས་གྱུར་པ་སྨེ་བའི་ལྷ་ཚོགས་ལ་མངའ་མཛད།” ཞེས་གསུངས་པ་ལྟར། གང་ཟག་སུ་ཞིག་ཡིན་ནའང་རང་ལ་གནས་པའི་འབྱུང་ལྔ་དེ་ཤ་ཁྲག་དྲོད་དབུགས་རྣམ་ཤེས་【5】དང་། དོན་ལྔ། སྣོད་ལྔ། དབང་ལྔ་སོགས་ལ་འབྲེལ་ཚུལ་དང་། ལོ་ཟླ་ཞག་དུས། སྤར་ཁ་སྨེ་བ་དར་རྒུད་བཅས་མཐུན་མིན་རྩིས་ཀྱི་སྒོ་ནས་ངོས་འཛིན་པ་རེད། དེའི་ཕྱིར་རླུང་རྟའི་སྲོག་ཆགས་ཀྱི་རི་མོའི་མཚོན་དོན་དེའང་འབྱུང་བའི་ཁམས་དང་འབྲེལ་ཏེ་མི་རང་རང་གི་སྲོག་དབང་ཚེ་བསོད་སོགས་རྒྱས་པའི་དོན་མཚོན་པར་བཞེད་པ་འདི་ནི་རིག་གཞུང་གི་རྩ་བ་ཚུགས་ཤིང་རྩིས་གཞུང་གི་ལོ་འདབ་རྒྱས་པའི་དུས་སྐབས་སུ་བྱུང་བའི་གོ་དོན་གསར་བ་ཞིག་རེད་སྙམ་མོ། །

གསུམ་པ། རླུང་རྟའི་རིག་གནས་ལས་བྱུང་བའི་འདོད་གསོལ།

དབུས་ཀྱི་བྲག་གཡེར་བ་དང་བསམ་ཡས་གཙུག་ལག་ཁང་གི་མདུན་རི་སོགས་གནས་རི་ཁྱད་པར་ཅན་མང་པོ་ཞིག་ན་དར་ཚོན་སྣ་ལྔའི་རླུང་དར་མང་པོས་རི་ངོས་ཡོངས་སུ་ཁྱབ་པ་དང་། དེ་མིན་ས་ཆ་ཁ་ཤས་སུ་མི་ཞིག་ཚེ་ལས་འདས་ཚེ་དགེ་བསྔོ་ལ་རླུང་དར་ཞིག་དུར་ཁྲོད་ཀྱི་རི་ངོས་སུ་འཛུགས་པའི་སྲོལ་ཡོད་པ་རེད། དར་ཚོན་སྣ་ལྔའི་འབྱུང་བའི་ཁ་དོག་མཚོན་ལ། ཇི་ལྟར་མཚོན་པ་ནི། ནམ་མཁའ་སྔོན་པོ། སྤྲིན་པ་དཀར་པོ། མེ་དམར་པོ། རླུང་ལྗང་ཁུ། ས་སེར་པོ་ཞེས་ཡོངས་སུ་གྲགས་པ་བཞིན་རླུང་རྟའི་དར་ལྕོག་འཛུགས་དུས་སུ་ནམ་མཁའ་སྔོན་པོ་ཞེས་ཁ་དོག་སྔོན་པོ་དར་ཤིང་གི་འགོ་དང་། ས་སེར་པོ་ཞེས་ཁ་དོག་སེར་པོ་དར་ཤིང་གི་ཞབས་སུ་བྱས་ཏེ་ཁ་དོག་གི་གོ་རིམ་ལྟར་འཛུགས་པ་ནི་རླུང་རྟ་དེས་རང་རྒྱུད་ལ་བརྟེན་པའི་འབྱུང་བ་སོགས་ཡར་བསྐྱེད་པའི་ཆེད་ཡིན་པར་བཞེད།  

དར་སྟོད་ཀྱི་གཞུང་སོགས་ལས་དར་ལྕོག་བཙུགས་པའི་ཕན་ཡོན་རྒྱ་ཆེར་གསུངས་ཡོད་པ་དང་། འཛུགས་པའི་དམིགས་ཡུལ་དང་རེ་སྨོན་ནི་སོ་སོ་བ་ཡིན་པ་ལྟར། མཁས་གྲུབ་ཆེན་པོ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་«དར་ཅོག་ཕན་ཡོན་»ལས། “ཨེ་མ་ཧོ། ངོ་མཚར་དོན་ལྡན་དར་ཆོག་འདི། །གསས་ཁང་རྒྱན་དུ་ཕྱར་བ་ཡིས། །རྟེན་དེ་བྱིན་རླབས་མངའ་ཆེ་སྟེ། །འགྲོ་དོན་མཐའ་རུ་ཕྱིན་པར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །རི་བོའི་རྩེ་ལ་ཕྱར་བ་ཡིས། །མཐོང་ཚད་སྒྲིབ་པ་བྱང་བ་དང་། །བསོད་ནམས་རི་ལྟར་བརྟན་པར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །ཆུ་བོའི་གཞུང་ལ་ཕྱར་བ་ཡིས། །རེག་ཚད་དྲི་མ་དག་པ་དང་། །ཡེ་ཤེས་རྒྱུན་ཆད་མེད་པར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །འགྲུལ་ལམ་ཟམ་སྒོར་ཕྱར་བ་ཡིས། །

འགྲིམ་ཚད་ལས་སྒྲིབ་དག་པ་དང་། །བདེ་ཆེན་ལམ་སྣ་ཟིན་པར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །དབེན་གནས་དགོན་པར་ཕྱར་བ་ཡིས། །དགེ་བའི་བར་ཆོད་ཀུན་ཞི་ནས། །མཆོག་ཐུན་དངོས་གྲུབ་ཐོབ་པར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །མཚེར་ས་སྤང་ལ་ཕྱར་བ་ཡིས། །དགྲ་གཅན་གོད་ཁ་རྒྱུན་ཆད་ནས། །དཀོར་ནོར་ལོངས་སྤྱོད་རྒྱས་པར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །མི་ལྗོང(ལྗོངས)ཞིང་ལ་ཕྱར་བ་ཡིས། །སད་སེར་བཙའ་འབུ་ཀུན་ཞི་ནས། །འབྲུ་བཅུད་ལོ་ཏོག་ལེགས་པར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །ཡུལ་མཁར་གྲོང་ལ་ཕྱར་བ་ཡིས། །དེར་གནས་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་མ་ལུས་བྱང་བར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །ནད་ཡམས་འཕྱོས་སར་ཕྱར་བ་ཡིས། །གདུག་པའི་ནད་བདག་ཚོགས་ཞི་ནས། །འགྲོ་ཀུན་ནད་མེད་བདེ་བར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །མུ་གེས་གདུངས་ཚེ་ཕྱར་བ་ཡིས། །ལྟོགས་འགོང་དབུལ་འདྲེ་ཀུན་ཞི་ནས། །འདོད་ཡོན་ལོངས་སྤྱོད་འཕེལ་བར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །ཡུལ་ཁམས་འཁྲུག་རྩོད་དུས་ཕྱར་བས། །གདུག་རྩིབ་མཚོན་ཆའི་ངར་འཇིལ་ནས། །ཐམས་ཅད་ཞི་བདེར་དུམ(འདུམ)པར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །རྐྱེན་ངན་ལྡོག་ཕྱིར་ཕྱར་བ་ཡིས། །མི་མཐུན་ཕྱོགས་རྣམས་ཡོངས་ཞི་ནས། །མཐུན་རྐྱེན་ལེགས་ཚོགས་བསྐྱེད་པར་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །ཚེ་སྲོག་བརྟན་ཕྱིར་ཕྱར་བ་ཡིས། །ཚེ་ཡི་བར་ཆོད་ཀུན་བཟློག་ནས། །ཚེ་རིང་ནད་མེད་ནོར་འཕེལ་ཤོག །ངོ་མཚར་དོན་ལྡན་དར་ཆོག་འདི། །ཐར་ལམ་འདྲེན་ཕྱིར་ཕྱར་བ་ཡིས། །བར་དོའི་འཇིགས་པའི་འཕྲང་བསྒྲལ་ནས། །མི་ལྡོག་ས་ལམ་བགྲོད་པར་ཤོག །”37ཅེས་དར་ལྕོག་འཛུགས་པའི་དམིགས་བྱ་དེར་སེམས་བསྐྱེད་རྣམ་པར་དག་པའི་འདོད་གསོལ་བྱེད་ཚུལ་གསལ་བར་བསྟན་པ་དང་།

འདོད་གསོལ་དེའང་ཚད་མཐོ་བའི་ཆོས་སྤྱོད་ཀྱི་བསམ་བློའི་རྒྱུན་དང་འབྲེལ་ཏེ་ཐམས་ཅད་བཀྲ་ཤིས་རྟག་བརྟན་གྱི་གཡང་ལ་ཁུགས་པའི་རེ་སྨོན་མཚོན་པར་བྱས་ཡོད། སྤྱིར་བོད་པའི་འདོད་གསོལ་བྱེད་པ་དེར་སེམས་ཅན་གྱི་དོན་དུ་དམིགས་ནས་དགེ་སྨོན་ཞིག་དང་རང་དོན་གྱི་ཕྱིར་དགེ་སྨོན་བྱེད་པ་ཆེ་ཆུང་ཅི་རིགས་ཤིག་ཡོད་པ་ལྟར། དར་ཚོན་སྣ་ལྔའི་རླུང་དར་འཛུགས་པ་ལས་གཞན་ད་དུང་དཀར་པོ་སོགས་ཁ་དོག་རྐྱང་བའི་རླུང་དར་བཙུགས་པའང་མང་པོ་ཡོད། ཁ་དོག་རྐྱང་བའི་རླུང་དར་བཙུགས་པ་དེར་གཞུང་དོན་གྱི་འབྲེལ་ཚུལ་མང་ནའང་། «བོན་སྒོ་»ལས། “ཤོག་བུ་དང་དར་དཀར་པོ་སོགས་ཀྱི་རླུང་རྟ་བཙུགས་ན། རང་རྒྱུད་ཀྱི་འབྱུང་བ་ནམ་མཁའི་ཁམས་ཉམས་པ་གསོ་ཞིང་། སེམས་བདེ་བར་བྱེད་པ་དང་། ཁ་དོག་ལྗང་ཁུ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་གྱི་འབྱུང་བ་རླུང་གི་ནུས་པ་རྒྱས་ཤིང་། དབུགས་འབྱུང་རྔུབ་སོགས་བདེ་བར་བྱེད། ཁ་དོག་དམར་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་མེ་ཡི་ནུས་པ་བསྐྱེད་ཅིང་། བདེ་དྲོད་སྨིན་པར་བྱེད། ཁ་དོག་སྔོན་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་གྱི་འབྱུང་བ་ཆུ་ཡི་ནུས་པ་གསོ་ཞིང་། ཁྲག་གི་ཁོར་རྒྱུག་ཚད་ལྡན་དུ་བྱེད། ཁ་དོག་སེར་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་ས་ཡི་ནུས་པ་བསྐྱེད་ཅིང་། ལུས་ཁམས་བདེ་བར་བྱེད་པའི་ཕན་ཡོན་”38བཅས་རླུང་དར་འཛུགས་མཁན་རང་གི་འབྱུང་བའི་ཁམས་གང་གི་ནུས་པ་ཉམས་ཤིང་མི་བདེ་བ་བྱུང་ན་འབྱུང་བའི་ཁ་དོག་གང་དེའི་རླུང་དར་བཙུགས་ན་ཁམས་དེའི་ནུས་པ་གསོ་ཞིང་བདེ་བར་ཡོང་བ་ལ་ཕན་པར་བཞེད་པ་ལྟར་དང་། རླུང་རྟ་ནི་མཁའ་ལ་སྤུར་བ་དང་རླུང་དར་ནི་དར་ཤིང་ངམ་དར་ལྡིང་ལ་བཏགས་ནས་མཁའ་ལ་བསྐྱོད་པ་ཞིག་རེད། དེང་སྐབས་རླུང་དར་ནི་གནས་རི་སོགས་ལ་འཛུགས་པར་མ་ཟད་མདོ་སྔགས་གསན་སྦྱོང་དང་ཉམས་ལེན་བྱེད་སའི་དགོན་པ་དང་། གསས་ཁང་། སྔགས་ཁང་། མ་ཎི་ཁང་ལ་སོགས་པར་བཙུགས་ཡོད་པ་དང་། དེ་ནི་ལོ་གཅིག་ལ་རླུང་དར་རམ་དར་ལྕོག་ཐེངས་གཅིག་བརྗེ་སྤོར་བྱེད་པ་ཡིན་ལ། ཉིན་བཟང་སྐར་བཟང་ཞིག་ལ་གཉེར་གཏད་པ་ནི་གཅིག་མཐུན་ཡིན་ནའང་། ཟླ་བའི་ནང་ནས་ཧོར་ཟླ་དང་པོ། ཞག་གི་ནང་ནས་ཚེས་བརྒྱད་དང་བཅུ་གསུམ། བཅོ་བརྒྱད་སོགས་དང་། དུས་ཚོད་སྔ་དྲོ་ཉི་ཤར་སོགས་ལ་འཛུག་ན་དགེ་བ་རྒྱ་ཆེར་ཡོད་པ་རླུང་དར་གྱི་གཞུང་སོགས་ན་གསལ་བར་གསུངས་ཡོད་པ་ལྟར་རོ། །

མདོར་ན་ཡ་ཐོག་རིང་མོའི་དུས་སྐབས་སུ་བླ་དད་པའི་འདུ་ཤེས་བྱུང་བ་ལ་བརྟེན་ནས་རུས་རྒྱུད་ཚོ་ཁག་ཕན་ཚུན་གྱི་རྩོད་གླེང་དང་གཅིག་ཁོངས་བདག་དབང་ལ་བརྟེན་པའི་བྱ་རིམ་ཁྲོད་བླ་རྟེན་སྲོག་ཆགས་ཀྱིས་མཚོན་པའི་རླུང་རྟའི་རི་མོ་བྱུང་བ་དང་། སྤྱི་ཚོགས་འཕེལ་འགྱུར་དང་མི་རྣམས་ཀྱི་དགོས་མཁོ་ལྟར་རླུང་རྟའི་སྲོག་ཆགས་ཀྱི་མཚོན་དོན་དེར་དམག་འཁྲུག་ནས་མི་རང་གི་འདོད་དོན་སྒྲུབ་པའི་ཕྱོགས་སུ་འགྱུར་ལྡོག་བྱུང་ཡོད་ལ། ཁྱད་པར་དུ་ཆོས་ལུགས་ཀྱི་བྱུང་བརྗོད་དང་འབྲེལ་ནས་ཆོས་སྤྱོད་ཀྱི་བཀྲ་ཤིས་རི་མོའི་མཛེས་རྒྱན་སྤྲས་པ་དང་། རྒྱལ་མཚན་རྩེ་མོའི་གཟུངས་སོགས་བཀོད་འབྲི་བྱེད་པར་མ་ཟད། རླུང་རྟའི་སྲོག་ཆགས་ཀྱི་མཚོན་དོན་དེའང་སྔར་ལས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་ཕྱིན་པ་རེད །

ལུང་འདྲེན་དཔྱད་ཡིག

1、2、3、4、5、6、弗雷泽:《金枝》新世界出版社,2006年6月出版; p 632、684、685、688、688、691

7、8、10、11、13、14 、15、 མཁར་རྨེའུ་བསམ་གཏན་གྱིས་བརྩམས་ཤིང་བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་ «མདའ་དང་འཕང་»སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༠༧ལོའི་ཟླ༩པར་ཐེངས་དང་པོ་བཏབ། ཤ163、163、315、31、320、315,352

9、16、«འཇིག་རྟེན་མཆོད་བསྟོད»རེབ་གོང་པ་མཁར་རྩེ་རྒྱལ་གྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༠༩ལོའི་ཟླ་༨པར་པར་ཐེངས་དང་པོ་བཏབ།       ཤ 331,184

12、张亚莎:«古象雄的“鸟图腾”与西藏的“鸟葬”»«中国藏学»2007/3;p48

17 、«ས་དཔྱད་ཕྱོགས་བསྒྲིགས»བསོད་ནམས་དབང་ལྡན་གྱིས་བསྒྲིགས་ཏེ་འགྲེལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༧ལོའི་ཟླ་༨པར་པར་ཐེངས་དང་པོ་བཏབ། ཤ 39

18、རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་ཀྱིས་མཛད་པའི་«ཁྲོ་མཆོག་དཔལ་གསེས་རྔམ་པའི་ལོ་རྒྱུས་མདོ་ཙམ་གླེང་བའི་གཏམ་ཨུཏྤལ་དཀར་པོའི་ཕྲེང་བ»ཧི་མ་ལ་ཡའི་དྲ་བར་བཀོད་པ་ལས་དྲངས།

 19、«དགྲ་ལྷའི་ཀྭ་འཛུགས་རྡོ་རྗེ་ཕ་ལམ»སྣ་རིང་ཤིང་དཔར། ཤ 9—10བར།

20、27、འཇུ་མི་ཕམ་གྱི་གསུང་འབུམ་༼ངྷཱི༽ལས་བསང་གི་སྐོར། སྣ་རིང་ཤིང་དཔར། ཤ25.27

21、«དགྲ་བླ་དབང་བསྟོད»སྣ་ཐུང་ལག་བྲིས། ཤ 1.

22、26、«དགྲ་ལྷའི་ཀྭ་འཛུགས་རྡོ་རྗེ་ཕ་ལམ་གྱི་ཟུར་རྒྱན་དགྲ་ལས་རྒྱལ་པའི་འཁོར་ལོ»སྣ་རིང་ཤིང་དཔར། ཤ 6.

23、«རླུང་རྟའི་བསངས་མཆོད་བྱེད་ཚུལ་བཀྲ་ཤིས་དུང་དཀར་གཡས་འཁྱིལ»སྣ་རིང་ཤིང་དཔར། ཤ 2

24、25、«གསོལ་མཆོད་མདོར་བསྡུས»སྣ་རིང་ཤིང་དཔར། ཤ 5.6

26、28、29、31、འཇུ་མི་ཕམ་གྱི་གསུང་འབུམ་༼ན༽ལས་གསེར་འཁོར་གྱི་སྐོར། སྣ་རིང་ཤིང་དཔར། ཤ 6.28.21.24

30、«ཀླུང་རྟའི་ཀ་ཆེན་འཛུགས་པའི་ལག་ལེན་གསེར་གྱི་ཐེམ་སྐས་»སྣ་རིང་ཤིང་དཔར། ཤ 4

32、«ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་»ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་༡༩༩༤ལོའི་ཟླ༡༢པར་ཐེངས་དང་པོ་བཏབ། ཤ312

33、35、«ཞང་བོད་ལོ་རྒྱུས་ཏི་སེའི་འོད་»ནམ་མཁའི་ནོར་བུའི་བརྩམས། ༡༩༩༦༩༤ལོའི་ཟླ༥པར་ཐོག་མར་བཏོན། ཤ 117.145

34、«བོན་སྒོ་»དེབ་གྲངས་བཅུ་བ། ཤ 83

36、«གཙུག་ལག་རྩིས་ཀྱི་རིག་པ་སྣང་སྲིད་མེ་ལོང་ལས་ནག་རྩིས་ཀྱི་རབ་ཏུ་བྱེད་པ་»སྣ་ཐུང་དབུ་མེད་ཀྱི་བྲིས་མ། ཤ 8

37 、སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ་ལས་《ཐོར་རྩོམ་ཕྱོགས་བསྒྲིགས》བཀྲ་ཤིས་རྟགས་བརྒྱད་དཔེ་སྐྲུན་ཁང་ནས། ཤ406

38、《བོན་སྒོ་》དེབ་གྲངས་བཅུ་བདུན་པ། ཤ 73

མཆན་འགྲེལ།

【1】“གབ་རྩེ་འཕྲུལ་གྱི་མེ་ལོང་”ཞེས་པ་ནི། ལོ་གཅིག་ལ་དབང་བའི་ལོ་ཟླ་ཞག་དུས་ཀྱི་འབྱུང་ཁམས་དང་། སྨེ་བ། སྤར་ཁ་དེ་དག་ལ་དབང་བྱེད་པའི་ལྷ་དང་། གཉན་ནམ་ས་བདག་དང་ཀླུ་སོགས་ཐུན་མོང་གི་དབང་པོ་རྣམ་ལྔའི་སྣང་ངོར་མངོན་སུམ་དུ་མ་གྲུབ་པའི་གབ་པ་དང་། དུས་གནད་འདི་དག་ནི་མཚོན་ཆའི་རྩེ་ལྟར་ཤིན་ཏུ་རྣོ་ཞིང་། བཟང་ངན་གྱི་འབྲས་བུ་འཕྲལ་དུ་འབྱིན་ཐུབ་པའི་གནད་ཀྱི་ཡང་རྩེ་ཡིན་པས་རྩེ་ཞེས་བྱ་ཞིང་། དེ་འདྲའི་གབ་རྩེའི་གནད་གསང་གསལ་རྒྱས་སུ་བསྟན་པའི་ཤེས་རིག་ཁྱད་པར་དུ་གྱུར་པ་དེ་ནི་འཕྲུལ་གྱི་མེ་ལོང་དང་འདྲ་བས་ན་མཚན་ཡང་དེ་སྐད་དུ་གྲགས་པ་ཡིན།

【2】“སྤར་ཁ་སྨེ་བའི་གླིང་སྐོར་”ཞེས་པ་ནི། རེའུ་མིག་དགུའི་ཁོངས་སུ་སྨེ་བ་དགུ་བཀོད་པ་དང་། ཕྱོགས་མཚམས་བརྒྱད་དུ་སྤར་ཁ་བརྒྱད་བཀོད་དེ། ལོ་ཟླ་དང་ཞག་དུས། བརྩི་བྱའི་ཁམས་རྣམས་ཕན་ཚུན་གོ་བསྡུར་གྱིས་ལེགས་ཉེས་བླང་དོར་གྱི་སྐོར་གསལ་པོར་བསྟན་ཐུབ་པའི་ཤེས་རིག་ཅིག་ལ་ཟེར། སྨེ་བ་དགུ་ནི། གཅིག་དཀར་སྨན་གྱི་མེ་ལོང་། གཉིས་ནག་བདུད་ཀྱི་མེ་ལོང་། གསུམ་ཐང་མཚོ་ཡི་མེ་ལོང་། བཞི་ལྗང་ཀླུ་ཡི་མེ་ལོང་། ལྔ་སེར་དགྲ་ལྷའི་མེ་ལོང་། དྲུག་དཀར་རྒྱལ་བོའི་མེ་ལོང་། བདུན་དམར་བཙན་གྱི་མེ་ལོང་། བརྒྱད་དཀར་ཡུལ་ལྷའི་མེ་ལོང་། དགུ་སྨུག་གཡང་གི་མེ་ལོང་བཅས་ཡིན།

【3】“འབྱུང་བ་དུས་ཀྱི་འཁོར་ལོ་”ཞེས་པ་ནི། འབྱུང་བའི་ཁམས་དང་འབྲེལ་བའི་ལོ་སྐོར་བཅུ་གཉིས། ནམ་ཟླ་བཞི། གཟའ་སྐར་གྱི་གནས་སྟངས་སོགས་ལོ་ནས་ལོ་དང་། ཟླ་ནས་ཟླ་བ། ཞག་ནས་ཞག་ཏུ་འཁོར་ཞིང་ཡང་ཡང་དུ་འཁོར་བ་དེ་དག་ལ་འབྱུང་ཁམས་དང་འབྲེལ་བའི་འཕྲོད་སྦྱོར་གྱི་རིགས་མི་འདྲ་བ་ཅི་རིགས་ཤིག་འབྱུང་བ་དེ་དག་གིས་སྣོད་བཅུད་ལ་ལེགས་ཉེས་ཀྱི་ནུས་པ་ཅི་རིགས་ཤིག་འབྱིན་ནུས་ཀྱི་ཡོད་པའི་སྐོར་གསལ་བོར་བསྟན་པའི་ཤེས་རིག་དེ་ལ་ཟེར་བ་ཡིན།

【4】“ཇུ་ཞག་རྟེན་འབྲེལ་ལས་རྩིས་”ཞེས་པ་ནི། ནམ་རྒྱུན་ཡོངས་གྲགས་སུ་“ཚེ་རབས་ལས་རྩིས་”ཞེས་སུ་གྲགས་པ་སྟེ། སུ་ཞིག་སྐྱེས་དུས་ཀྱི་ལོ་ཟླ་ཞག་དུས་ཀྱི་འབྱུང་ཁམས་སོ་སོའི་གནས་ལུགས་དེ་ལ་བརྟེན་ནས། ཚེ་འདིར་ལེགས་ཉེས་ཀྱི་རྐྱེན་ཅི་དང་ཅི་ཞིག་ཡོད་པ་དང་། གལ་ཏེ་མི་མཐུན་པའི་རྐྱེན་འགའ་ཞིག་ཡོད་པ་མངོན་དུ་གྱུར་ན། དེ་ལས་འགྲོལ་བའི་ཐབས་ཅི་དང་ཅི་འདྲ་བ་ཞིག་བྱེད་དགོས་པ་སོགས་རྟོགས་བྱེད་ཀྱི་ཤེས་རིག་ཁྱད་པར་དུ་འཕགས་པ་ཞིག་སྟེ། བག་གཉེན་གྱི་རྩིས་དང་། གཤིན་པོ་དུར་འདོན་གྱི་རྩིས་སོགས་ཀྱང་དེའི་ཁོངས་སུ་གཏོགས་པ་ཡིན། གང་ལ་ཟེར་ན། སྐྱེ་གནས་འཆི་གསུམ་ནི་མི་ཚེའི་གནད་ཀ་ཆེ་ཤོས་གསུམ་ཡིན་ལ། གནས་པའི་ཆེད་དུ་གཉེན་སྒྲིག་བྱེད་པ་དང་། འཆི་བའི་དུས་སུ་གཤིན་པོར་བླ་ཡིད་སྲོག་གསུམ་འདུས་ཤིང་བདེ་བ་ཐོབ་པ་དང་། གསོན་པོར་ཤུད་ཀྱི་རྐྱེན་ངན་ཀུན་དང་བྲལ་ཞིང་བཀྲ་ཤིས་པ་འདི་དག་ཀྱང་མི་ཚེའི་རྒྱུན་དང་འབྲེལ་ཤིན་ཏུ་ཆེ་བ་ཞིག་ཡིན།

【5】“རྣམ་ཤེས་”ནི། «གནད་ཀྱི་ལྡེ་མིག་»ལས། ནང་གི་སྲོག་གི་དབང་པོར་བརྟེན་ནས་ཕྱི་རོལ་གྱི་ཡུལ་ལྔ་བདག་ཏུ་འཛིན་པའི་རླུང་སེམས་དབྱེར་མེད་དུ་འདུས་པའི་བདག་ཉིད་ཅན་གྱི་ཤེས་པའོ།། ངེས་པའི་ཚིག་ནི། ཡུལ་གྱི་ངོ་བོ་རྣམ་པར་རིག་ཅིང་ཤེས་པར་བྱེད་པའི་རྣམ་ཤེས་སོ།། ཞེས་གསུངས།  

དཔྱད་རྩོམ་འདི་ནི་2012ལོའི་«ཀྲུང་གོའི་བོད་རིག་པ་»དེབ་གཉིས་པའི་སྟེང་བཀོད་ཡོད་ལ། དེ་དུས་གླེང་གཞི་བཀོད་མེད་པས་འདིར་ཆ་ཚང་བཀོད་པ་ཡིན། «ཀྲུང་གོའི་བོད་རིག་པ་»དུས་དེབ་སྟེང་བཀོད་རྗེས་ཧི་མ་ལའི་བོན་གྱི་དྲ་བར་བཀོད་པ་དང་། 2016ལོར་ཨ་མདོ་བརྙན་འཕྲིན་གྱི་འཆད་ཁྲིད་མུན་སེལ་སྒྲོན་མེའི་ལེ་ཚན་དུའང་འཆད་ཁྲིད་བྱས་པ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།