བོད་ཀྱི་གསོ་བ་རིག་པ་ལས་དྲེག་དང་དྲེག་ནད་ཀྱི་ཐ་སྙད་སྐོར་ལ་དཔྱད་པ།

གནད་བསྡུས། དཔྱད་རྩོམ་འདིའི་ནང་དྲེག་དང་དྲེག་ནད་ཅེས་པའི་ཐ་སྙད་སྐོར་ལ་དཔྱད་པ་བྱས་ནས་དྲེག་དང་དྲེག་ནད་ཀྱི་དབྱེ་བ་བསྟན་པ་དང་། ཁྱད་པར་དྲེག་ནད་ཀྱི་ངེས་ཚིག་ལ་དབྱེ་ཞིབ་བྱས་ནས་སྐབས་དོན་སོ་སོའི་གོ་དོན་མཚོན་པར་བྱས་ཡོད་པ་མ་ཟད། དྲེག་བཞི་ཡི་ངོས་འཛིན་དང་། དྲེག་ནད་ཀྱི་ཐོག་མའི་གནས་སོགས་ལ་དཔྱད་པ་བྱས་འདུག

གནད་ཚིག དྲེག དྲེག་ནད། དྲེག་བཞི། ཐོག་མའི་གནས།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B291.4 [ཡིག་ཚང་མཚོན་བྱང་།] A [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)02-174-07


དང་པོ། དྲེག་ཅེས་པའི་བརྡ་ཆད་བསྟན་པ།

དེ་ཡང་སྤྱིར་དྲེག་ཅེས་པ་ནི་དངོས་པོའམ་རྫས་ཀྱི་ཕྱི་ངོས་ལ་ནག་ནོག་གི་སྤབས་ཆགས་པའི་གཡའ་དང་ལྗན་ལྗིན་ནམ་དྲི་མའི་མིང་སྟེ ། 《རྒྱ་བོད་ཚིག་མཛོད་ཆེན་མོ》ལས། “དྲེག་ནི་ནག་ནོག་གི་སྤབས་ཆགས་པའི་གཡའ་དང་ལྗན་ལྗིན།”[1] ཞེས་གསུངས་པ་ལྟར་དངོས་པོ་གང་རུང་ལ་ནག་ནོག་འགོས་ནས་གཡའ་ཆགས་པ་སྟེ། དཔེར་ན། ལྕགས་ལ་ལྕགས་དྲེག་དང་ཟངས་ལ་ཟངས་དྲེག རྡོ་དྲེག སླང་དྲེག ཕྱག་དྲེག་ལ་སོགས་པ་དང་། ཡང་ན་ལྗན་ལྗིན་ནམ་དྲི་མ་སོགས་དངོས་པོའི་ལོགས་སམ་ངོས་ལ་འགོས་པའི་རྣམ་པ་ཞིག་ལ་ཟེར་ཏེ། སོ་དྲེག་དང་འོ་དྲེག་ལ་སོགས་པར་གོ་བ་ཡིན་ནོ། །

གཞན་ཡང་དྲེག་ནི་གསོ་བ་རིག་པའི་སྐབས་འབྱུང་འགྱུར་ངོ་བོ་ལོག་པའི་བྱེད་ལས་ལ་བལྟོས་ནས་བཏགས་པའི་མིང་ཡིན་ཏེ། ནང་དུ་དྭངས་མའི་ཁམས་རྒྱུ་བའི་རྒྱུ་ལམ་འགག་ནས་ཕྱི་རུ་དྲི་མའམ་སྙིགས་མའི་དྲེག་པ་འགོས་པའི་གནས་གང་རུང་ལ་འཇུག་པ་ཡིན་ཏེ། 《དཔལ་ལྡན་རྒྱུད》ལས། “གང་ལ་སྐྲན་ཡོད་སྟེང་དུ་དྲེག་པ་ཆགས།”[2] ཞེས་གསུངས་པ་ལྟར་ཕོ་སྐྲན་ཕོ་དྲེག་ཕོ་བའི་གནས་ལ་གོ་བ་དང་། མཆིན་སྐྲན་མཆིན་དྲེག་མཆིན་པའི་ཡུལ་ལ་གོ་བ་ཡིན་ནོ། ། དེ་བཞིན་དུ་ལུས་ཀྱི་གཉན་པ་གནད་ཀྱི་གནས་ལུགས་གསུངས་པའི་སྐབས་སུ་《དཔལ་ལྡན་རྒྱུད》ལས། “དྲེག་བཞི་ཚིལ་གནད་པྲན་རྩེ་རུས་པའི་གནད། །” ཅེས་དྲེག་བཞི་ནི་ཚིལ་གྱི་གནད་ཀྱི་གནས་ས་ལ་གོ་བ་དང་། དེ་མིན་རྨ་རེད་པའི་བྱེ་བྲག་གི་རྟགས་ལ་འགྲམས་པ་དང་བྱེར་བ་སོགས་བསྟན་པའི་སྐབས་སུ་《དཔལ་ལྡན་རྒྱུད》ལས། “ཚིལ་བྱེར་དྲེག་དང་པགས་པར་བྱེར་བ་ཡིན། །”ཞེས་རྨ་བྱེར་བ་ཡིན་ན་བྱེར་སའི་གནས་ནི་དྲེག་དང་པགས་པའི་གནས་སུ་བྱེར་བ་ཡིན། དེ་བཞིན་གསང་སར་རྣག་གི་མེ་ཏོག་ཤར་ན་ཡང་དྲེག་བྱུང་བ་ཡིན་ཏེ། 《རྒྱུད》ལས། “དེ་ནས་ལྔ་པ་གསང་སར་མེ་ཏོག་བརྟག །དུས་མེད་རྒྱུན་དུ་གསང་དུ་གཟེར་བ་དང་། །ཤ་ཡི་མདངས་ནི་གཞན་པས་དེ་ན་བཟང་། །རྩིབ་བར་ཡངས་ལ་བརྩེ་ཞིང་སྦོས་ལ་གསོབ། །རྫི་བར་མི་བཟོད་སེར་ག་དྲེག་ཆུང་ཆགས། །གསང་སར་རྣག་གི་མེ་ཏོག་ཤར་བ་ཡིན། །” ཞེས་གསུངས་པ་ལྟར་གསང་སའི་གནས་ལའང་དྲེག་པ་ཆུང་ཆུང་ཆགས་པའི་རྒྱུ་མཚན་གྱིས་གནས་གསང་ས་ཡིན་རུང་དྲེག་གི་ཡུལ་ཡིན་པ་ཡང་སྲིད་པ་ཡིན་ནོ། །

མདོར་ན་གོང་དུ་བརྗོད་པ་ལྟར་དྲེག་ནི་སྐབས་ཐོབ་སོ་སོར་གོ་དགོས་པ་དང་། ཁྱད་པར་ལུས་ཀྱི་དྲེག་གནས་གང་རུང་ལ་འཇུག་པ་ལས་རྣམ་པ་ཀུན་དུ་དྲེག་བཞིར་གྲགས་པའི་གནས་བཞི་ཁོ་ན་གང་རུང་ལ་འཇུག་པའི་ངེས་པ་མ་མཆིས་སོ། །རྒྱུ་མཚན་ནི་དྲེག་བཞིའི་གནས་མ་ཡིན་པར་དྲེག་ཡུལ་ཡིན་པ་དུ་མ་ཡོད་པས་སོ། །གཞན་ཡང་རྒྱུན་དུ་དོན་སྣོད་ཀྱི་དོན་ཡིན་ན་དོན་ལྔ་ལས་གང་རུང་ཞིག་དང་། སྣོད་དྲུག་ལས་གང་རུང་ཞིག་ཡིན་པར་འདོད་ཀྱང་དེ་ལྟར་ཡིན་པས་མ་ཁྱབ་སྟེ། སྒལ་གཞུང་ནང་ན་རྒྱུངས་པ་དོན་ཡིན་པ་དང་། མགོ་བོའི་ནང་ན་ཀླད་པ་དོན་ཡིན་པའི་ཕྱིར། སྣོད་ཡིན་ན་སྣོད་དྲུག་གང་རུང་ཡིན་པས་མ་ཁྱབ་སྟེ། བུད་མེད་ཀྱི་བུ་སྣོད་ནི་མངལ་གནས་བུ་ཡི་སྣོད་ཡིན་པ་དང་། ཀླད་ཁྱིམ་ནང་གི་རྒྱ་དར་ནི་ཀླད་པའི་སྣོ ད་ཡིན་པའི་ཕྱིར་རོ། །

གཉིས་པ། དྲེག་ནད་ཀྱི་ངེས་ཚིག་བསྟན་པ།

དེ་ཡང་དྲེག་ནད་ཀྱི་ངེས་ཚིག་ནི་སྤྱིར་ཡོངས་གྲགས་ལྟར་ན་《གཡུ་ཐོག་དགོངས་རྒྱན》ལས། “སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་བ་རིག་པའི་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང་ལས། གྲུ་ཚིགས་གཉིས་དང་རྒྱ་ཚིགས་གཉིས། ། དྲེག་བཞི་ཞེས་གྲགས་དེའི་གནས་སམ། །གང་ནའི་གནས་སུ་དྲེག་སྨུག་ནག །ཆགས་པས་དྲེག་ནད་ཅེས་སུ་བཤད། །”[3] ཅེས་གསུངས་པ་ལྟར་སྣང་ཡང་ཞིབ་པར་དཔྱད་ན་ཕྱོགས་མི་འདྲ་བ་རྣམ་པ་གསུམ་གྱི་སྒོ་ནས་དབྱེ་ཞིབ་བྱ་དགོས་པར་སྙམ་སྟེ།

གཅིག ནད་འབྱུང་སའི་གནས་ཁྱད་པར་ཅན་ལ་ལྟོས་ནས་བཏགས་པའི་མིང་།

དེ་ཡང་དྲེག་ནད་ཅེས་པ་ནི་ནད་འབྱུང་སའི་གནས་ཁྱད་པར་ཅན་ལ་བལྟོས་ནས་བཏགས་པའི་མིང་ཡིན་ཏེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་《གསོ་བ་རིག་པའི་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང》ལས། “གྲུ་ཚིགས་གཉིས་དང་རྒྱ་ཚིགས་གཉིས། །དྲེག་བཞི་ཞེས་གྲགས་དེའི་གནས་སམ། །གང་ནའི་གནས་སུ་དྲེག་སྨུག་ནག །ཆགས་པས་དྲེག་ནད་ཅེས་སུ་བཤད། །”[4] ཅེས་གསུངས་པ་ལྟར་ནད་དེ་འབྱུང་བའི་གནས་ལ་བལྟོས་ན་ལག་པའི་གྲུ་ཚིགས་གཉིས་དང་། རྐང་པའི་རྒྱ་ཚིགས་གཉིས་ལ་དྲེག་བཞི་ཞེས་གྲགས་པའི་གནས་དེ་རྣམས་ལ་འབྱུང་བའི་ཆ་ནས་མིང་ཡང་དེ་ལྟར་བཏགས་པ་ཡིན་ནོ། །འོ་ན་གྲུ་ཚིགས་གཉིས་དང་རྒྱ་ཚིགས་གཉིས་བཅས་བཞི་ལ་དྲེག་བཞི་ཞེས་བརྗོད་དགོས་དོན་གང་ཡིན་ནམ་སྙམ་ན། དྲེག་ནད་ནི་རྒྱུ་རླུང་ཁྲག་འཁྲུགས་པའི་ཟས་སྤྱོད་བསྟེ ན་ནས་རྐྱེན་ཉིན་པར་གཉིད་ལོག་པའམ་དལ་པོར་བསྡད་པ། ཡང་ན་དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུགས་པའི་དྭངས་མ་མ་ཞུ་བ་རྣམས་ལུས་ཀྱི་ཟུངས་དང་འབྲེལ་ནས་འཁོར་ལོ་བཞིན་དུ་ལུས་ལ་འཁོར་བའི་ཁྲོད་འཁོར་ལམ་དོག་པའི་གནས་སུ་རླུང་གིས་འདེད་ནས་ནད་དེ་ལྡང་བའི་དབང་གིས་བརྗོད་པ་ཡིན་ཏེ། 《ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ》ལས། “དྲེག་རྒྱུ་ཁྲག་ནད་འཁྲུག་པའི་ཟས་སྤྱོད་བསྟེན། །ཉིན་པར་གཉིད་ལོག་དལ་པོར་བསྡད་པའམ། །ཡང་ན་དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུགས། །དྲེག་ཅན་རྔུལ་འདྲེས་ལྷམ་དོགས་པ་ལ་འབྱུང་། །རྐང་པའི་མཐེབ་མོ་ལག་པའི་གྲུ་མོར་གནས། །”[5] ཞེས་གསུངས་པ་ལྟར་ཁྲག་གི་འཁོར་རྒྱུན་དོག་སའི་གནས་རྐང་པའི་རྒྱ་ཚིགས་གཉིས་དང་ལག་པའི་གྲུ་ཚིགས་གཉིས་སམ་ཡང་ན་རྐང་པའི་མཐེབ་མོ་དང་ལག་པའི་གྲུ་མོ་ཡི་གནས་དག་ལ་ཤ་གནད་ཀྱི་ཤ་སྣེ་འདུས་པ་དང་། ཆུ་རྒྱུས་ཀྱི་གནད་ཚོགས་པ། རུས་གནད་ཀྱི་འཛོམས་ཆེ་བ་སོགས་བར་གསང་དོག་པའི་གནས་དེ་དག་ལ་ཁྲག་གི་འཁོར་རྒྱུན་ཡང་དོག་པས་ནད་དེ་ཡང་གནས་དེ་དག་ལ་ཤས་ཆེར་འབྱུང་བ་ཡིན་ཏེ་《རྒྱུད》ལས། “རྐང་པའི་མཐེབ་མོ་ལག་པའི་གྲུ་མོར་གནས།”ཞེས་གསུངས་པ་ལས་ཤེས་སོ། །དེ་བཞིན་དུ་《མན་ངག་རིན་ཆེན་འབྱུང་གནས》ལས། “དྲེག་གི་ཕྱི་ཡུལ་རྐང་ལ་སྐམ་ཁོལ་བྱེད། །ལྡང་དུབ་བྱེད་ཅིང་ཡང་ཡང་མེ་ལྟར་འབར། །དེ་ལ་དབྱེ་བ་དཀར་ནག་ཁྲ་བོ་གསུམ། །དཀར་པོ་རྐང་མཐིལ་རྒྱུ་ཞིང་མཐེབ་ཆུང་འཁར། །ནག་པོ་ལོང་རྩ་བརྒྱུད་ཅིང་མཐེབ་ཆེན་འཁར། །ཁྲ་བོ་ཉྭ་སུལ་རྒྱུ་ཞིང་རྟིང་བར་འཁར། །དྲེག་གི་དྲག་ཤུལ་གྱིས་བསླངས་རླུང་ཁྲག་འཁྲུགས། །ཁྲག་རྐྱེན་རྔུལ་འདྲེས་ལྷམ་དོག་པ་ལས་འབྱུང་། །”[6] ཞེས་གསུངས་པ་ལྟར་དྲེག་དཀར་ནག་ཁྲ་གསུམ་གྱི་དབང་དུ་བྱས་ནའང་རླུང་ཁྲག་རྒྱུ་བའི་འཁོར་རྒྱུན་གྱི་ལམ་བུ་དོག་པ་དག་ལ་འཁར་བ་ཡིན་ཏེ། དཀར་པོ་རྒྱུ་ལམ་གཙོ་བོ་རྐང་མཐིལ་རྒྱུ་ཞིང་གནས་གཙོ་བོ་མཐེབ་ཆུང་ལ་འཁར་བ་དང་། ནག་པོ་རྒྱུ་ལམ་གཙོ་བོ་ལོང་རྩ་བརྒྱུད་ཅིང་གནས་གཙོ་བོ་མཐེབ་ཆེན་ལ་འཁར་བ་དང་། ཁྲ་བོ་ནི་རྒྱུ་ལམ་གཙོ་བོ་ཉྭ་སུལ་ལ་རྒྱུ་ཞིང་གནས་གཙོ་བོ་རྟིང་པར་འཁར་བ་སོགས་མདོར་ན་སྐབས་སོ་སོར་གོ་བ་ལེན་ལུགས་མི་འདྲ་བ་ལས་གོང་དང་འགལ་བ་ནི་མ་ཡིན་ནོ། །

གཉིས། ནད་རྟགས་ཁྱད་པར་ཅན་ལ་ལྟོ ས་ནས་བཏགས་པའི་མིང་།

དེ་ཡང་དྲེག་ནད་ཅེས་པ་ནི་ནད་རྟགས་ཁྱད་པར་ཅན་ལ་བལྟོས་ནས་བཏགས་པའི་མིང་ཡིན་ཏེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་《གསོ་བ་རིག་པའི་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང》ཞེས་པ་ལས། “གྲུ་ཚིགས་གཉིས་དང་རྒྱ་ཚིགས་གཉིས། །དྲེག་བཞི་ཞེས་གྲགས་དེའི་གནས་སམ། །གང་ནའི་གནས་སུ་དྲེག་སྨུག་ནག །ཆགས་པས་དྲེག་ནད་ཅེས་སུ་བཤད། །” [7] ཅེས་གསུངས་པ་ལྟར་ནད་དེའི་ནད་རྟགས་ལ་པགས་པའི་པགས་མདོག་སྨུག་ནག་གི་དྲེག་པ་ཆགས་པས་ན་དྲེག་ནད་ཅེས་བརྗོད་པ་ཡིན་ནོ། །འོ་ན་པགས་པའི་པགས་མདོག་གི་དྲེག་པ་སྨུག་ནག་ལུས་ཀྱི་གནས་གང་དུ་བྱུང་བ་ཡིན་ནམ་སྙམ་ན། གོང་དུ་བརྗོད་པ་ལྟར་ལག་པའི་གྲུ་ཚིགས་གཉིས་དང་། རྐང་པའི་རྒྱ་ཚིགས་གཉིས་ལ་གཙོ་བོ་ཆེ་བར་འབྱུང་བ་ཡིན་ནོ། །གནས་དེ་དག་ལ་ནད་རྟགས་པགས་མདོག་སྨུག་ནག་གི་དྲེག་པ་ཆགས་པའི་རྒྱུ་མཚན་གང་ཡིན་ཞེ་ན།དེ་ནི་གོང་དུ་བསྟན་པ་ལྟར་གནས་དེ་དག་ལ་རླུང་ཁྲག་རྒྱུ་བའི་འཁོར་ལམ་དོག་པའམ་ཡང་ན་གནས་དེ་དག་ལ་རླུང་ཁྲག་གི་དྭངས་སྙིགས་མ་ཞུ་བ་འཁར་བས་གནས་དེ་དག་གི་ཤ་པགས་ཀྱི་བ་སྤུའི་རྒྱུ་ལམ་སོགས་འགག་ནས་པགས་མདོག་སྨུག་ནག་ཆགས་པ་ཡིན་ནོ། །

གསུམ། ནད་འགྱུར་ལ་བལྟོ ས་ནས་བཏགས་པའི་མིང་།

གཞན་ཡང་དྲེག་ནད་ཅེས་པ་ནི་ནད་འགྱུར་གྱི་གནས་ལ་བལྟོས་ནས་བཏགས་པའི་མིང་ཡང་ཡིན་ཏེ། ཀོང་རོང་སྨན་བླ་དོན་གྲུབ་ཀྱིས་མཛད་པའི་རེག་ཟིག་《ནེའུ་ལེའི་རྐྱལ་པ་ཕྱི་རྒྱུད་ལྷན་ཐབས་རིན་པོ་ཆེའི་འཁོར་ལོ》ལས། “དྲེག་བཞི་ཞེས་པ་དྲེག་ནད་ཐོག་མའི་གནས། །རྐང་པའི་མཐེབ་མོ་ལག་པའི་གྲུ་མོར་འདོད། །” ཅེས་གསུངས་པ་ལྟར། ནད་དེའི་ནད་འགྱུར་གྱི་གནས་བསྟན་པའི་སྐབས་ཐོག་མར་ལུས་སྟོད་ལག་པའི་གྲུ་མོ་དང་། ལུས་སྨད་རྐང་པའི་མཐེབ་མོ་ལ་གཙོ་བོ་ཆེ་བར་ནད་འགྱུར་གྱི་མངོན་ཚུལ་སྟོན་པས་ན་མིང་ཡང་དེ་ལྟར་དུ་བཏགས་པ་ཡིན་ནོ། །དེ་ཡང་ནད་དེའི་གྱུར་ཚུལ་ཞིབ་པར་བརྗོད་ན། 《དཔལ་ལྡན་རྒྱུད་བཞི》ལས། “མེ་མཉམ་རླུང་གིས་དྭངས་སྙིགས་མ་ཕྱེད་པའི། །སྙིགས་མ་དྭངས་མའི་རྩ་མིག་ཤོར་བ་ཡིས། །མདངས་སྒྱུར་མཁྲིས་པས་ཟུངས་ཁྲག་མ་སྨིན་ཏེ། །ཡུན་རིང་མཆིན་གནས་དྭངས་མ་མ་ཞུ་ཡིན། །”[8] ཞེས་གསུངས་པ་ལྟར་ཐོག་མར་དྭངས་མ་མ་ཞུ་བ་ལས་གཙོ་བྱས། དེ་ནས་རིམ་བཞིན་《དཔལ་ལྡན་རྒྱུད་བཞི》ལས། “རྙིངས་ནས་དྭངས་མ་འདྲིལ་ཟགས་བྱེར་འགྱིངས་བཞི། །འདྲིལ་བས་སྐྲན་རྣམས་སྐྱེད་པར་བྱེད་པ་སྟེ། །ཟགས་པས་སྐྱ་རྦབ་དམུ་ཆུ་སྐྱེད་པར་བྱེད། །བྱེར་བས་དུག་མཛེ་མེ་དབལ་འོར་དུ་ལྷུང་། །འགྱིངས་པས་སྨུག་པོ་རྒྱས་གབ་མཆེར་པའི་ནད། །”[9] ཅེས་གསུངས་པ་ལྟར་དང་། དེ་བཞིན་《ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ》ལས། “དྲེག་རྒྱུ་ཁྲག་ནད་འཁྲུག་པའི་ཟས་སྤྱོད་བསྟེན། །ཉིན་པར་གཉིད་ལོག་དལ་པོར་བསྡད་པའམ། །ཡང་ན་དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུགས། །དྲེག་ཅན་རྔུལ་འདྲེས་ལྷམ་དོག་པ་ལ་འབྱུང་། །རྐང་པའི་མཐེབ་མོ་ལག་པའི་གྲུ་མོར་གནས། །སྤྱི་རྟགས་དང་པོ་བརླ་རྐེད་ཚིགས་རྣམས་ན། །གང་ལ་བབས་པའི་རུས་ཚིགས་མཆོག་ཏུ་གདུང་། །གསར་དུས་ལྤགས་དང་ཁྲག་ལ་གནས་པ་ཡིན། །སྐྲངས་དམར་དྲོད་ཆེ་སྲ་ཞིང་སྔོ་ཐིག་བཅས། །ཐ་མ་རྙིངས་ནས་རྩ་ཆུ་རུས་ཚིགས་ཁྱབ། །”[10] ཅེས་གསུངས་པ་ལྟར་ཁྲག་གི་འཁོར་རྒྱུན་དོག་སའི་གནས་རྐང་པའི་རྒྱ་ཚིགས་གཉིས་དང་ལག་པའི་གྲུ་ཚིགས་གཉིས་སམ་ཡང་ན་རྐང་པའི་མཐེབ་མོ་དང་ལག་པའི་གྲུ་མོ་ཡི་གནས་དག་ལ་ཤ་གནད་ཀྱི་ཤ་སྣེ་འདུས་པ་དང་། ཆུ་རྒྱུས་ཀྱི་གནད་ཚོགས་པ། རུས་གནད་ཀྱི་འཛོམས་ཆེ་བ་སོགས་བར་གསང་དོག་པའི་གནས་དེ་དག་ལ་ཁྲག་གི་འཁོར་རྒྱུན་ཡང་དོག་པས་ནད་དེ་ཡང་གནས་དེ་དག་ལ་ཤས་ཆེར་འབྱུང་བ་ཡིན་པ་དང་། དེ་ཡང་གསར་པའི་དུས་སུ་ལྤགས་དང་། ཁྲག་ལ་གནས་པའི་དབང་གིས་སྐྲངས་པའི་མདོག་དམར་ངོ་བོ་དྲོད་ཆེ་ལ་སྲ་ཞིང་པགས་མདོག་སྔོ་ཐིག་ཆགས་ནས་རིམ་བཞིན་པགས་མདོག་སྨུག་ནག་ལ་གྱུར་ནས་ཐ་མ་རྙིངས་ནས་རྩ་ཆུ་རུས་ཚིགས་ཀུན་ལ་ཁྱབ་པར་གྱུར་བ་ཡིན་ནོ། །

མདོར་ན་གོང་དུ་བསྟན་པ་ལྟར་ངོ་བོ་རླུང་ཁྲག་འཁྲུགས་པའི་ནད་དང་། དེའི་ནད་རྟགས་མངོན་ཡུལ་ནི་ལུས་ཀྱི་ཁྲག་འཁོར་རྒྱུན་གྱི་ལམ་དོག་ས་དག་ལ་དྭངས་སྙིགས་མ་ཞུ་བ་འཁར་བ་ལས་ནད་དེ་ལྡང་བ་ཡིན་ཏེ་《ཕྱག་རྡོར་གསོ་རིག་ཕྱོགས་བསྒྲིགས》ལས། “དྲེག་གི་ནད་ལ་དཀར་ནག་ཁྲ་གསུམ་སྟེ། །དཀར་པོ་རྐང་མཐིལ་རྒྱུ་ཞིང་མཐེབ་ཆུང་འཁར། །ནག་པོ་ལོང་རྩ་རྒྱུ་ཞིང་ཐེབ་ཆེན་འཁར། །ཁྲ་བོ་ཉྭ་སུལ་རྒྱུ་ཞིང་རྟིང་བར་འཁར། དྲེག་ནི་དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུགས། །དྲེག་ཅན་རྔུལ་འདྲེས་ལྷམ་དོག་པ་ལ་འབྱུང་།”[11] ཞེས་གསུངས་པ་ལས་ཀྱང་གསལ་བར་ཤེས་སོ། །

གསུམ་པ། དྲེག་དང་དྲེག་ནད་ཀྱི་ཁྱད་པར་བསྟན་པ།

དེ་ཡང་གོང་དུ་དྲེག་དང་དྲེག་ནད་ཀྱི་ངེས་ཚིག་ལ་དབྱེ་ཞིབ་རགས་བསྡུས་བྱས་ཟིན་ནས་ད་ནི་དྲེག་དང་དྲེག་ནད་ཀྱི་ཁྱད་པར་ཇི་ཡིན་མདོར་བསྡུས་ཤེས་ཐུབ་སྟེ། དྲེག་ནི་ཐ་མལ་བའི་ལུས་ལ་གནས་པ་གང་ཞིག་ནང་དུ་དངས་མའི་ཁམས་རྒྱུ་བའི་རྒྱུ་ལམ་དོག་པའི་ཆ་གཙོ་བོར་འཛིན་པ་ནི་དྲེག་ཡུལ་ཡིན་ཏེ། གནས་དེ་དག་ལ་ནང་དུ་དངས་མའི་ཁམས་རྒྱུ་བའི་རྒྱུ་ལམ་འགག་ནས་ཕྱི་རུ་དྲི་མའམ་སྙིགས་མའི་དྲེག་པ་འགོས་པའི་ཕྱིར་དྲེག་གི་ཡུལ་ལམ་གནས་ཞེས་བཤད་པ་སྟེ། 《རྒྱུད》ལས། “ཚིལ་བྱེར་དྲེག་དང་པགས་པར་བྱེར་བ་ཡིན། །”ཞེས་རྨ་རྣམས་བྱེར་ན་གནས་ས་དྲེག་དང་པགས་པར་བྱེར་བ་དང་། དེ་བཞིན་《དཔལ་ལྡན་རྒྱུད་བཞི》ལས།[12] “དེ་ལ་ཡོད་ཡོད་འདྲ་ལ་མེད་པ་ནི། །རྩིབ་ལོགས་ཁྲག་ཤ་དྲེག་པར་ཆགས་པ་ཡིས། །རྩིབ་མའི་བར་ཡངས་གཟེར་སྦྲིད་དྲོད་ཚ་ཞིང་། །འདར་སྐད་འབྱུང་བས་ཡོད་པར་འདྲར་གྱུར་ཀྱང་། །རྣག་རྟགས་གཞན་མེད་གཏར་ཕྲན་ཆུ་ཆགས་གཅུན། །དེ་ཡིས་འཆུན་ནས་གོང་རྟགས་ནུབ་ན་མེད། །འཁྱམས་སུ་རླུང་ཤོར་བཀྲོལ་ན་ཀྲོག་ཀྲོ ག་ཟེར། །ཡོད་ཡོད་འདྲ་ཡང་རྩ་སྟོང་ཆུ་མདོག་སྔོ། །”ཞེས་གསུངས་པ་ལྟར་ནད་རྟགས་ལ་དྲེག་པ་ཆགས་པའི་གནས་ལའང་གོ་བ་ཡོད་པ་དང་། དེ་མིན་《དཔལ་ལྡན་རྒྱུད》ལས། “ཕོག་ས་ཡུལ་དང་སྦྱར་ན་ཤ་འདུལ་དང་། །ཉྭ་འདུལ་རྨེན་བུ་འདུལ་དང་རྩ་འདུལ་དང་། །རུས་པ་ཆུ་རྒྱུས་དྲེག་བཞི་འདུལ་བའོ། །”[13] ཞེས་པ་དང་། ཡང་《རྒྱུད》ལས། “པྲན་རྩེའི་རུས་པ་འཇིབས་ཞུན་འབྱར་འདུལ་གསུམ། །སྦང་རོ་ཞོ་དང་ནད་མ་ཕྱི་ཡི་འཇིབས། །ཚིལ་བུ་མར་དཀར་རྩིད་པ་དྲེག་གི་འཇིབས། །བར་དུ་སྐྲངས་ན་སོ་ཐོག་ས་སྨྱག་དང་། །གོ་སྙོད་ད་ལིས་བག་ཕྱེ་ཞོ་ཡི་ཞུན། །ཟུག་ཆེ་ནས་ཚིག་རི་བོང་རིལ་ཐལ་དང་། །ཏིག་ཏ་འབྲུ་མར་ཞུན་གྱིས་ཕྱི་རྒྱབ་གདུལ། །རྟ་སྦངས་ཞོ་དང་སྦྱར་བ་དྲེག་གི་ཞུན། །ཡང་ན་ཐ་རམས་ནད་མ་གཡུ་ལོས་བྱ། །ཐ་མར་རྣག་གི་དུས་སུ་འབྱར་འདུལ་བྱ། །ས་སྨྱག་ཞོ་དང་བག་ཕྱེ་སྦྱར་བ་འམ། །ཡང་ན་ཆུ་རྩ་ཞོ་དང་བག་ཕྱེ་བྱུག །དྲེག་ལ་རྟ་སྦངས་ཁུ་བ་བག་ཕྱེ་དང་། །འབྲུ་མར་འབྲི་མོག་བྱུགས་སྟེང་ཕྱིང་པ་བཏང་། །དྲེག་བཞི་ཚིལ་གནད་པྲན་རྩེ་རུས་པའི་གནད། །ཚིལ་དང་རུས་པའི་གནད་དུ་འདྲེས་པར་བཅོས། །”[14]ཞེས་གསུངས་པ་ལྟར་མཚོན་རྨའི་སྐབས་མཚོན་ཕོག་སའི་ཡུལ་ལམ་གནས་ས་མི་འདྲ་བ་ལ་ལྟོས་ནས་འཇིབས་དང་ཞུན། ནན་བཅས་ཀྱི་ལག་ལེན་ཤིན་ཏུ་རྒྱས་པར་གསུངས་ཡོད་པ་མ་ཟད། ཁྱད་པར་དྲེག་གི་འཇིབས་དང་དྲེག་གི་ཞུན། པགས་ཞུན་ལ་སོགས་པ་བསྟན་ཡོད་དོ། །དེ་བཞིན་《རྒྱུད》ལས། “ཐ་མ་མཁྲིས་སྦྱོར་སྔོ་སྦྱོར་ཤ་སྦྱོར་དང་། །ཤ་རུས་པགས་པ་དྲེག་གི་རྨ་རྩིར་བསྟུན། །” ཞེས་གསུངས་པ་ལྟར། རྨ་ཡི་རྨ་རྩི་བསྟན་པའི་སྐབས་སུ་རྨ་ཡི་གནས་ས་མི་འདྲ་བ་ལ་ལྟོ ས་ནས་ཤ་ཡི་རྨ་རྩི། རུས་པའི་རྨ་རྩི། པགས་པའི་རྨ་རྩི། དྲེག་གི་རྨ་རྩི་བཅས་གནས་སོ་སོ་ལ་རྨ་རྩིའི་སྦྱོར་བ་མི་འདྲ་བ་བསྟན་ཡོད་པ་ཡིན་ནོ། །མདོར་ན་གོང་དུ་བསྟན་པ་ལྟར་དྲེག་ནི་གནས་ལ་ལྟོས་ནས་སྐབས་ཐོབ་སོ་སོའི་གནས་ས་ཁོ་ན་ལ་གོ་བ་ལས་དྲེག་ནད་ལ་གོ་བ་ནི་མ་ཡིན་ནོ། །ཁྱད་པར་དྲེག་ཅེས་བརྗོད་པ་ཐམས་ཅད་དྲེག་ནད་ལ་གོ་ན་མི་འགྲིག་སྟེ། གོང་དུ་བརྗོད་པ་ལྟར་《རྒྱུད》ལས། “དྲེག་བཞི་ཚིལ་གནད་པྲན་རྩེ་རུས་པའི་གནད། །ཚིལ་དང་རུས་པའི་གནད་དུ་འདྲེས་པར་བཅོས། །”ཞེས་གསུངས་པ་ནི། དྲེག་གི་ཡུལ་ལམ་གནས་ས་དྲེག་བཞི་ནི་ཚིལ་གྱི་གནད་ཡིན་པར་གསུངས་པ་ལས་དྲེག་ནད་ནི་ཚིལ་གྱི་གནད་ཡིན་ཞེས་གསུངས་པ་ནི་མ་ཡིན་ནོ། །འོན་ཀྱང་དྲེག་གི་ཡུལ་ལ་ཤ་ཚིལ་ཆུ་རྒྱུས་རུས་དང་བཅས་འཁར་བའམ་དོག་སའི་གནས་ལ་ཁྲག་རླུང་གི་ངོ་བོ་འཁྲུགས་ནས་ནད་འགྱུར་གྱི་རྣམ་འགྱུར་སྟོན་ནས་དྲེག་ནད་འབྱུང་བ་ནི་ཡོད་དོ། ། རྩ་དང་ཚིགས་ལ་སོགས་ལ་དོག་སའི་གནས་ལ་ཁྲག་རླུང་གི་ངོ་བོ་མ་འཁྲུགས་ན་དྲེག་ཡུལ་ཡིན་ཡང་དྲེག་ནད་མ་ཡིན་ཏེ། རྨའི་ལོག་གནོན་གྱི་སྐབས་《རྒྱུད》ལས། “རྩ་གནད་ཀུན་ལ་ཚ་བ་དབབ་དཀྲོག་གཉིས། །ཚིགས་གནད་རྩ་ཁ་འབུས་ཀྱི་དོགས་པ་དང་། །སྟོད་དུ་ཤོར་དོགས་མེད་པ་རྨ་ནས་དཀྲོག །རྩ་གཉན་བཙན་ཆོད་སྟོ ད་དུ་འཆོར་བའི་ཕྱིར། །ཁོང་ནས་བསད་ཅིང་རྨ་ཁར་དབབ་པར་བྱ། །”ཞེས་གསུངས་པ་ཡང་ཚ་བའི་དབབ་དཀྲོག་གི་གནས་དྲེག་ཡུལ་ལ་གོ་བ་ལས་དྲེག་ནད་ཀྱི་གོ་དོན་ནི་རྣམ་པ་ཀུན་དུ་བཤད་པ་མ་ཡིན་ནོ། །

དྲེག་ནད་ཅེས་པའི་བརྡ་ཆད་དེ་ནི་ནད་གཞིའི་རྟགས་དང་གནས་ཁོ་ན་ལ་བལྟོས་ནས་བཏགས་པ་མ་ཡིན་པར་ནད་གཞིའི་ནད་འགྱུར་གྱི་ངོ་བོ་ལའང་གཞི་བཟུང་ནས་བཏགས་པ་ཡིན་པ་གོང་དུ་བརྗོད་པ་ལྟར་རོ། །དེ་བཞིན་གཙང་སྟོད་དར་མ་མགོན་པོའི་《ཟིན་ཏིག》ལས།“མིང་གི་རྣམ་གྲངས་འདི་ལྟ་སྟེ། །རྒྱ་གར་ཐེང་ནད་སྟོབས་འཇིག་ཟེར། །རྒྱ་ནག་ཕྱུག་པོའི་རླུང་ནད་ཟེར། །བལ་པོ་ཤུགས་དྲེག་ཡན་ལག་ཟེར། །བོད་ནི་འདི་ལ་དྲེག་ནད་ཟེར། །”[15] ཞེས་གསུངས་པ་ལྟར། ནད་དེར་རྒྱ་དཀར་ནག་ལ་སོགས་པའི་ཡུལ་གྲུ་ཁག་གི་ངོས་འཛིན་གྱི་གཞི་འཛིན་སའང་གཅིག་མཚུངས་མ་ཡིན་པར་སོ་སོར་ཡོད་པ་དང་། མིང་གི་རྣམ་གྲངས་ཀྱང་དུ་མ་ཡོད་པས་སོ་སོར་ཤེས་པ་གལ་ཆེ་ལ་རང་རེ་བོད་ཀྱི་གསོ་བ་རིག་པའི་ནང་དེ་ལ་དྲེག་ནད་ཅེས་བརྗོད་པ་ཡིན་ནོ། །

མདོར་ན་དྲེག་དང་དྲེག་ནད་གཉིས་སོ་སོར་དབྱེ་ནས་གོ་བ་ལེན་དགོས་པ་ལས་དྲེག་ཅེས་རྣམ་པ་ཀུན་དུ་དྲེག་ནད་ལ་གོ་ན་གཞུང་སྔ་ཕྱི་འགལ་བ་མ་ཟད། སྐབས་ཐོབ་ཀྱི་ནང་དོན་དང་འགལ་བར་གྱུར་བ་ཡིན་ཏེ།དཔེར་ན་ལུས་ལ་མཚོན་གྱི་རྨ་བྱུང་ན་དེ་ལ་དྲེག་ནད་ཀྱི་སྨན་བཅོས་བྱས་པ་ལྟར་རོ། །


མཆན་འགྲེལ།

[1] ཀྲང་དབྱི་སུན། རྒྱ་བོད་ཚིག་མཛོད་ཆེན་མོ། [Z] མི་རིགས་དཔེ་སྐྲུན་ཁང་། 1980ལོར། ཤ1335

[2] གཡུ་ཐོག་ཡོན་ཏན་མགོན་པོ། དཔལ་ལྡན་རྒྱུད་བཞི། [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1982ལོར། ཤ154

[3] དབང་འདུས། གཡུ་ཐོག་དགོངས་རྒྱན། [M] མི་རིགས་དཔེ་སྐྲུན་ཁང་། 1983ལོར། ཤ255

[4] དབང་འདུས། གཡུ་ཐོག་དགོངས་རྒྱན། [M] མི་རིགས་དཔེ་སྐྲུན་ཁང་། 1983ལོར། ཤ255

[5] བྱང་པ་རྣམ་རྒྱལ་གྲགས་བཟང་། ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ། [M] མི་རིགས་དཔེ་སྐྲུན་ཁང་། 2008ལོར། ཤ236

[6] འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས། མན་ངག་རིན་ཆེན་འབྱུང་གནས། [M] མི་རིགས་དཔེ་སྐྲུན་ཁང་། 1997ལོར། ཤ448

[7] དབང་འདུས། གཡུ་ཐོག་དགོངས་རྒྱན། [M] མི་རིགས་དཔེ་སྐྲུན་ཁང་། 1983ལོར། ཤ255

[8] གཡུ་ཐོག་ཡོན་ཏན་མགོན་པོ། དཔལ་ལྡན་རྒྱུད་བཞི། [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1982ལོར། ཤ148

[9] གཡུ་ཐོག་ཡོན་ཏན་མགོན་པོ། དཔལ་ལྡན་རྒྱུད་བཞི། [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1982ལོར། ཤ148

[10] བྱང་པ་རྣམ་རྒྱལ་གྲགས་བཟང་། ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ། [M] མི་རིགས་དཔེ་སྐྲུན་ཁང་། 2008ལོར། ཤ236

[11] ཕྱག་རྡོར་མགོན་པོ། ཕྱ ག་རྡོར་གསོ་རིག་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་། 2011ལོར། ཤ196

[12] གཡུ་ཐོག་ཡོན་ཏན་མགོན་པོ། དཔལ་ལྡན་རྒྱུད་བཞི། [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1982ལོར། ཤ440

[13] གཡུ་ཐོག་ཡོན་ཏན་མགོན་པོ། དཔལ་ལྡན་རྒྱུད་བཞི། [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1982ལོར། ཤ412

[14] གཡུ་ཐོག་ཡོན་ཏན་མགོན་པོ། དཔལ་ལྡན་རྒྱུད་བཞི། [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1982ལོར། ཤ403

[15] གཙང་སྟོད་དར་མ་མགོན་པོ། གཙང་སྟོད་དར་མགོན་ཟིན་ཏིག [M] མི་རིགས་དཔེ་སྐྲུན་ཁང་། 2010ལོར། ཤ141

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།