སྙན་ངག་ལོ་ཙཱའི་ཁྲོད་ཀྱི་སྒྱུར་མི་ཐུབ་པའི་སྐོར་གླེང་བ།

[ནང་དོན་གནད་བསྡུས] རྩོམ་ཡིག་འདིར་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པའི་ལྟ་ཚུལ་གཞིར་བཟུང་སྟེ་སྒྱུར་མི་ཐུབ་པའི་སྙན་ངག་སྐོར་གྱི་རྒྱུ་རྐྱེན་གཙོར་བཟུང་ནས་དཔྱད་པ་བཏང་ཡོད། སྤྱིར་མ་རྩོམ་དང་ཡོངས་སུ་མཚུངས་པའི་འགྱུར་རྩོམ་ཞིག་ཡོད་མི་སྲིད་ལ། ནང་སྒོས་སུ་སྙན་ངག་སྒྱུར་སྐབས་ནང་དོན་ཁོ་ན་ཙམ་བསྒྱུར་རྒྱུ་ཅུང་སླ་མོད། འོན་ཀྱང་ནང་དོན་དང་རྣམ་པ་གཉིས་ཀར་འབྲེལ་བའི་བརྩེ་དུང་དང་ཚིག་རྒྱན། ཉམས་འགྱུར་བཅས་ཇི་བཞིན་དུ་བསྒྱུར་རྒྱུ་ནི་ལས་སླ་མོ་ཞིག་མིན་པས། འདིར་སྙན་ངག་ལས་སྒྱུར་མི་ཐུབ་པའི་སྐོར་ལོགས་སུ་བཀར་ནས་དཔེ་དང་བཅས་བརྗོད་ཡོད།

[གནད་ཚིག] སྙན་ངག ལོ་ཙཱ། སྒྱུར་མི་ཐུབ་པ།

གླེང་གཞི།

 སྙན་ངག་ནི་སྐད་ཆ་ཡན་གར་བ་ཞིག་སྟེ། རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་དང་ཡང་ན་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་ཀྱང་དམིགས་བསལ་གྱི་ཁྱད་ཆོས་ལྡན། སྙན་ངག་པས་ཕྱི་རོལ་ཡུལ་གྱི་བྱ་དངོས་རྣམས་གསོན་ཉམས་ལྡན་པར་མཚོན་པའི་སླད་དུ། བརྗོད་བྱ་དང་རྗོད་བྱེད་གཉིས་ཆར་ནས་བསྲེགས་བཅད་བརྡར་བའི་གསེར་བཞིན་ཡང་དང་ཡང་དུ་བཙོ་སྦྱངས་བྱས་པའི་ནང་སེམས་ཀྱི་ཐོན་དངོས་ཤིག་ཡིན། དེར་བརྟེན། སྙན་ངག་ནི་སྙན་ཞུ་དང་དཔྱད་རྩོམ་སོགས་ལ་བསྡུར་ན་ཁྱད་ཆོས་མི་འདྲ་བ་གསུམ་མཆིས་ཏེ། གཅིག་ནས་བསྡུས་ཆེ་ཞིང་འཚོ་བའི་སྙིང་པོ་མཚོན་པ། གཉིས་ནས་ཡིད་འགྱུར་ཤུགས་དྲགས་ཤིང་ཕུན་སུམ་ཚོགས་པའི་བསམ་པའི་བརྩེ་དུང་མཚོན་པ། གསུམ་ནས་ཡིད་སྤྲུལ་དང་འཕྲོས་རྟོག རབ་བཏགས་ཀྱི་ཆ་ཕུན་སུམ་ཚོགས་པ། བཞི་ནས་སྐད་ཆར་དབྱངས་འགྲོས་རང་བཞིན་ལྡན་པའོ། །

ཀེ་རི་སེ་རྒྱལ་ཁབ་ཀྱི་ཨའེ་ལི་ཏི་སི་ཡིས་འཛམ་གླིང་གི་སྙན་ངག་པའི་ཐུན་མོང་གི་སྐད་ཆ་ནི་ཚོར་བའོ་ཞེས་གསུངས་པ་ལྟར། སྙན་ངག་པའི་བརྩམས་ཆོས་ཁྲོད་ཀྱི་སྐད་ཆ་ནི་སྙན་ངག་པའི་མཚོན་འདོད་པའི་ཚོར་བ་དེ་ཡིན་ལ། མཚོན་པར་འདོད་པའི་ཚོར་བ་དེ་ནི་སྙན་ངག་པའི་རྣམ་ཤེས་ལྟ་བུ་ཡིན་པས། དེ་དག་རེ་རེ་བཞིན་ཇི་བཞིན་དུ་མཚོན་པར་བྱེད་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ། །དཔེར་ན། ལ་གཞས་ལས། རྟ་མ་རིག་ཉི་མ་ཆ་བོ། །ངས་མ་གླེང་ཉི་མ་གཅིག་མེད། །ཁྱོས་ཨེ་གླེང་མ་གླེང་འདོད་ན། །མགོ་ཐོག་ཉི་མ་སེར་རོ། །རོགས་མ་ཐུག་ཉི་མ་ཆ་བོ། །ངས་མ་གླེང་ཉི་མ་གཅིག་མེད། ། ཁྱོས་ཨེ་གླེང་མ་གླེང་འདོད་ན། །མགོ་ཐོག་ཟླ་བ་དཀར་པོ། ། ཞེས་པ 敏生智 དང 耿显宗 རྣམ་གཉིས་ཀྱིས། 在没见骏马的日子里,我没有一天不念叨你。你如果对我有疑心,我就对着太阳来起誓。[1]ཞེས་བསྒྱུར་ཡོད་པ་ལྟ་བུར་མཚོན་ན། མ་རྩོམ་གྱི་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་ཀྱང་ཅུང་ལེགས་པར་མངོན་མོད། འོན་ཀྱང་མ་རྩོམ་ནི་ཚེག་བར་བདུན་ཅན་ཡིན་ལ། ཚིག་མཚམས་གཅོད་སྟངས་ཀྱི་ཐད་ནས་ཀྱང་ལེན་བདེ་ཞིང་ཕ་རོལ་པོས་ཉན་མ་ཐག་རྣ་བར་སྙན་ཞིང་ངག་ལ་བདེ་བའི་སྣང་བ་ཞིག་དེ་མ་ཉིད་དུ་སྟེར་ཐུབ་ལ། མགོ་ཐོག་ཉི་མ་དང་ཟླ་བ་ཞེས་མནའ་བསྐྱལ་བ་ལས་ངས་ཁ་ཉི་མའམ་ཡང་ན་ཟླ་བར་གཏད་དེ་མནའ་ཞིག་བསྐྱལ་ཞེས་པའི་དོན་རྩ་བ་ནས་མིན་པར་ཕ་རོལ་པོ་ཡིད་ཆེས་པའི་སླད་དུ་ཉི་མ་དང་ཟླ་བ་དཔང་དུ་བཞག་སྟེ་དོན་རྩ་མནའ་ཡིས་མནན་པ་ཡིན་མོད། རྒྱའི་རིག་གནས་སུ་དེ་ལྟར་མནའ་བསྐྱལ་བའི་སྲོལ་མེད་པས་བསྒྱུར་མ་ཐུབ་པར་མངོན་ཞིང་། ཚིག་མཚམས་གཅོད་སྟངས་དང་ཚེག་བར་གྱི་ཐད་ནས་ཀྱང་མ་རྩོམ་བཞིན་ལེན་བདེ་ཞིང་རྣར་སྙན་པ་ཞིག་མ་ཡིན་ནོ། ། ཡང་དཔེར་ན། ཁེད་ནི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། རང་བྱུང་ཁམས་ཀྱི་སྐྱེ་དངོས་སྲོག་ཆགས་རྣམས་ཀྱི་ཉམས་འགྱུར། འགྲོ་བ་མིའི་རིགས་ཀྱི་ཉམས་འགྱུར་མ་ལུས་ཁེད་ཀྱི་སྐད་ཆའི་སྒྱུ་རྩལ་གྱི་ལམ་ནས་གསོན་ཉམས་ལྡན་པར་མཚོན་པ་ཞིག་ཡིན་ཅིང་སྙན་ངག་གི་ཉམས་དང་ལྡན་པ་ཞིག་རེད། དཔེར་ན། བྲག་གི་ར་མ་སྔོ་ར་མ། །ལྷུང་ལ་ཡོད་དྲ་ལྷུང་རྒྱུ་མེད། །ཅེས་པའི་ཁེད་འདིར་མཚོན་ནའང་སྙན་ངག་གི་ཆ་ཕུན་སུམ་ཚོགས་ཤིང་། མི་རིགས་ཀྱི་རིག་གནས་དང་སྐད་ཆའི་ཁྱད་གཤིས་ཤིག་ངང་གིས་མཚོན་ཡོད་ལ། བོད་མི་སུ་ཞིག་ཡིན་ཀྱང་ར་མ་སྔོ་ར་མ་ཞེས་པའི་ཚིག་ཟུར་ནས་ར་སྔོ་སྔོ་ཞིག་མིག་མདུན་དུ་འཆར་རྒྱུ་ཡོད་པ་རེད། འོན་ཀྱང 石崖上掉下只青山羊,可永远落不到地上。[2]ཞེས་བསྒྱུར་པས་མ་རྩོམ་གྱི་ཡིག་འབྲུ་རེ་རེའི་གཏིང་རིམ་ན་འཁྱིལ་བའི་ཚོར་འདུ་དེ་ཉམས་པའམ་མེད་པར་གྱུར་པ་དང་།བརྗོད་བྱ་རྗོད་བྱེད་དང་འདྲེས་ནས་ཡོད་པའི་ཉམས་དང་འགྱུར་བ། དབྱངས་འགྲོས། ཚོར་འདུ་སོགས་ཇི་བཞིན་དུ་བསྒྱུར་མཁན་ཤིན་ཏུ་དཀོན་པས། སྙན་ངག་བསྒྱུར་མི་ཐུབ་པར་འདོད་པའང་གནད་དེར་ཐུག་ཡོད་པར་འདོད། དེར་བརྟེན་འདིར་དེའི་སྐོར་གྱི་དཔྱད་གཞི་རྣམས་གོང་བསྒྲིགས་ནས་རགས་ཙམ་བཤད་པར་འདོད་པ་ལ།

དང་པོ། ཕྱིའི་རྣམ་པ་བསྒྱུར་མི་ཐུབ་པའི་སྐོར་བཤད་པ།

 རྒྱ་བོད་ཡིག་རིགས་གཉིས་ནི་རྩ་བ་ནས་མི་མཚུངས་པའི་ཡིག་རིགས་རྣམ་པ་གཉིས་ཡིན་པས། སྐད་ཀྱི་གདངས་དང་འབྲི་སྟངས། བརྗོད་བྱ་སོགས་ཀྱི་ཐད་ནས་ཀྱང་མི་མཚུངས། ཡི་གེའི་རྣམ་པ་དང་སྒྲ་འདོན་སྟངས་ལས་གཞན། ད་དུང་སྙན་ངག་གི་ཕྱིའི་རྣམ་པའི་སྟེང་ནས་ཀྱང་མི་མཚུངས་པར་མངོན་ཡོད། རྒན་སངས་རྒྱས་ལགས་ཀྱིས། ཡིག་སྒྱུར་ནི་ཆེས་སླ་ཞིང་ཆེས་དཀའ་བའི་རིག་གནས་ལས་ཀ་ཞིག་རེད། ཆེས་སླ་བ་ཡིན་ཟེར་དོན་ནི། རིག་གནས་མི་འདྲ་བ་གཉིས་ཏོག་ཙམ་ཤེས་ཚེ་ཁྱོད་ཀྱིས་ཡིག་སྒྱུར་གྱི་ལས་ཀ་ཕྲན་ཙམ་བྱེད་ནུས་པ་རེད། ཆེས་དཀའ་མོ་རེད་ཟེར་དོན་ནི། ཡིག་སྒྱུར་བྱེད་ཚེ་སྒྱུར་པ་པོ་ལ་ཤེས་བྱ་རྣམ་པ་སྣ་ཚོགས་ཀྱི་དཀའ་གནད་ལ་འཕྲད་ངེས་རེད་ལ།དཀའ་གནད་དེ་དག་དགྲོལ་དགོས་ན་ཐོག་མར་ཁྱོད་ལ་རིག་གནས་གང་དང་གང་ལའང་ཐོས་པ་ཏོག་ཙམ་ཡོད་དགོས་པ་དང་། ཐོས་པའི་སྟོབས་དེ་ལ་བརྟེན་ནས་དཀའ་གནད་དེ་དག་དགྲོལ་བྱེད་ཀྱི་ཐབས་དང་ནུས་པའང་ཡོད་དགོས་པས་ལས་སླ་མོ་ག་ལ་ཡིན་ཏེ་མ་ཡིན་ནོ། །[3]ཞེས་གསུངས་པ་ནི་དོན་དང་མཐུན་པར་འདོད། དཔེར་ན་ཐང་རྒྱལ་རབས་ཀྱི་སྙན་ངག་ནི་ཚིག་སྦྱོར་ངེས་གཏན་ཅན་གྱི་སྙན་ངག་ཅིག་ཡིན་ལ། གཙོ་བོ་ཚིག་རྐང་བརྒྱད་ཅན་དང་བཞི་ཅན་དུ་དབྱེ་ཞིང་། དེ་ནི་ཚིག་རྐང་དང་ཡིག་འབྲུའི་ཐད་ནས་རྐང་པ་བརྒྱད་དང་ཡིག་འབྲུ་ལྔ་ཅན་ཡིན་ལ། སྙན་ངག་ལྔ་ཚིག་རྐང་བརྒྱད་མ་ཟེར་ཞིང་བསྡུས་ན་ལྔ་ཚིག་ཅེས་ཀྱང་བརྗོད། ཡིག་འབྲུ་བདུན་དང་ཚིག་རྐང་བརྒྱད་ཅན་ལ་སྙན་ངག་བདུན་ཚིག་རྐང་བརྒྱད་མ་ཟེར་ཞིང་། བསྡུས་ན་བདུན་ཚིག་ཅེས་ཀྱང་བརྗོད། དབྱངས་རྟ་དང་སྡེབ་སྦྱོར་ཐད་དོ་སྣང་བྱེད་པར་མ་ཟད། མིང་དང་ཚིག་གི་སྦྱོར་ལུགས་ལའང་དོ་སྣང་བྱེད་དགོས། དཔེར་ན། “昔”དང“今”,“日” དང“月”,“上” དང“下”,“出”དང“入”སོགས་ཆ་བསྒྲིགས་པ་ལས་གཞན། ད་དུང་ཐ་སྙད་ལ་འགྱུར་ལྡོག་ཆེ་ཞིང་བརྗེ་སྤོར་མང་དུ་བྱེད་དགོས། དཔེར་ན།“ 上”ཞེས་པ་ནི་བྱ་ཚིག་བྱེད་རུང་སྟེ“ 去”ཞེས་པའི་དོན་སྟོན་ཅིང་། ཡང་རྒྱན་ཚིག་ཏུའང་འཇུག་སྟེ“下”ཞེས་པའི་དོན་ཡང་སྟོན། བསྣན་ཚིག་ཏུའང་འཇུག་སྟེ། དཔེར་ན“ 爬 上 山 顶”ཞེས་པའི་དོན་སྟོན། བོད་ཡིག་ལ་ཆ་འདྲ་བ་མང་དུ་མཆིས་ཀྱང་མ་རྩོམ་དང་ཀུན་ནས་མཚུངས་པ་མེད་པས་མ་རྩོམ་ཇི་བཞིན་དུ་མཚོན་ཐབས་མེད། དེ་བཞིན་དུ་བོད་ཀྱི་བྱ་དཀའ་བའི་རྒྱན་དང་ཏིང་འཛིན་རྒྱན་སོགས་བསྒྱུར་མི་ཐུབ་པའི་སྐོར་ཤིན་ཏུ་མང་མོད་འདིར་དཔེ་མཚོན་ཙམ་བཀོད་ན། སྟོན་བཤད་དུ། རྫ་སྨུག་པོའི་གཞོངས་ན་ཉུལ་ལུ་ལུ། །( 在石山深谷悠悠走。) སྟོད་སྤང་དཀར་དཀྱིལ་ན་ཐག་ཐག་ཐག །( 骏马奔驰在芳草地。)སྒྲོ་ལེབ་མོའི་གུར་གདུགས་ལིང་ལིང་ལིང་། །( 孔 雀 开 屏翩 翩 舞。)འབྲུ་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་ལྡེམ། །( 谷穗 饱 满 颤 巍 巍。)གཉེན་དགའ་སྟོན་རྩེ་དགའ་ལྷང་ལྷང་ལྷང་། །( 筵席上换歌溶笑语。)[4]ཞེས་མ་རྩོམ་དང་ཆ་འདྲ་བར་བསྒྱུར་ཡོད་ཀྱང་ཉུལ་ལུ་ལུ་དང་ཐག་ཐག་ཐག ལིང་ལིང་ལིང་། ལྡེམ་ལྡེམ་ལྡེམ་ལྟ་བུ་ཕྱིའི་རྣམ་པ་ཇི་བཞིན་དུ་བསྒྱུར་ཐུབ་མེད། བོད་ཡིག་གསར་གཏོད་མཛད་པ་པོ་ཐོན་མི་སམ་བྷོ་ཊས་བོད་ཡིག་གི་ཁྱད་ཆོས་དང་མཐུན་པར་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཡིག་ཕུད་དུ་ཕུལ་བའི་བསྟོད་བསྔགས་ཀྱི་ཚིགས་བཅད་ཁག་གཉིས་བོད་ཀྱི་ལོ་རྒྱུས་མང་པོའི་ནང་དུ་འཁོད་པའི་བྱ་དཀའ་བའི་སྙན་ངག་གི་ནང་ཚན་དབྱངས་ཨ་ངེས་པའི་བྱ་དཀའ་བ་སྟེ།

       ཞལ་རས་གསལ་ལ་རང་མདངས་གང་བ་བཟང་། །

       གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་། །

       ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །

       འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །[5]ཞེས་པ་ལྟ་བུ་དང་། ཡང་ན། ཚིགས་རྐང་རིམ་པ་བཞིན་དབྱངས་ཨ་ངེས་པ་དང་ཨི་ངེས་པ། ཨོ་ངེས་པ། ཨུ་ངེས་པའི་བྱ་དཀའ་བའི་ཚིགས་བཅད་དེ།

       བདེ་གཤེགས་བདེན་ངེས་ཡེ་ཤེས་བརྙེས། །

       ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །

       ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །

       དུས་གསུམ་བདུད་འདུལ་ཀུན་ཏུ་འཐུལ། །[6]ཞེས་པ་ལྟ་བུ་དང་། སྒྲ་རྒྱན་གྱི་ནང་གསེས་གསུམ་པ་དབྱངས་སོགས་ངེས་པའི་བྱ་དཀའ་བ(གསལ་བྱེད་གཅིག་ཏུ་ངེས་པ)སྟེ།

       རོང་རོང་རི་རུ་རུ་རུའི་རོ་རོ་རེ། །

       རོ་རོ་རེ་རེར་རིང་རིང་རྭ་རེ་རེ། །

       རུ་རུའི་རྭ་རེར་རང་རང་རེ་རེ་རེ། །

       རང་རང་རེ་རུ་རིངས་རིངས་རེམ་རེ་རན། །[7]ཞེས་པ་སོགས་བརྗོད་བྱ་ཙམ་བསྒྱུར་པ་ལས་མི་རིགས་ཀྱི་སྐད་དང་རིགས་གནས་མི་འདྲ་བའི་དབང་གིས་རྣམ་པ་ཅི་བཞིན་དུ་བསྒྱུར་དུ་མེད་དོ། །

གཉིས་པ། དབྱངས་འགྲོས་བསྒྱུར་མི་ཐུབ་པའི་སྐོར་བཤད་པ། 

སྙན་ངག་ཅིག་ཡིན་ཕྱིན་དེར་དབྱངས་འགྲོས་ངེས་ཅན་ཞིག་ལྡན་དགོས་ཏེ། ཚིག་སྦྱོར་ངེས་གཏན་ཅན་གྱི་སྙན་ངག་དང་ཚིག་ལྷུག རང་མོས་སྙན་ངག་སོགས་གང་ཡིན་ཀྱང་དབྱངས་འགྲོས་ངེས་ཅན་ལྡན་ལ། དེས་གཞན་དང་མི་མཚུངས་པའི་སྙན་ངག་རྩོམ་སྟངས་དང་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཁྱད་ཆོས་ཤུགས་སུ་བསྟན་ཡོད། དེ་བས་མི་རིགས་ཤིག་ལ་ལྡན་པའི་རིག་གནས་དེ་མི་རིགས་གཞན་ལའང་ཡོད་པའི་ངེས་པ་མེད་དེ། སྙན་ངག་ལ་མི་རིགས་ཀྱི་རིག་གནས་མི་འདྲ་བ་དང་། སྐད་ཆའི་ཁྱད་ཆོས་མི་འདྲ་བ། ཚིག་སྦྱོར་སྤེལ་ལུགས་མི་འདྲ་བ་སོགས་ཀྱི་དབང་གིས་རྒྱལ་ཁབ་གཞན་དང་ཡང་ན་མི་རིགས་གཞན་གྱི་སྐད་དང་ཡི་གེས་མཚོན་པར་དཀའ་བའི་སྣང་ཚུལ་ཡང་འབྱུང་བཞིན་ཡོད། དཔེར་ན། ལ་གཞས་དང་གླིང་སྒྲུང་ལྟ་བུ། སྒོས་སུ་སྙན་ངག་ལས་ཀ་རྩོམ་སྟེ། ཀ་ཡེ་ཁོ་བོ་གཞན་དུ་སོང་རྗེས་སུ། །ཁ་ནས་ཅི་བཤད་མེད་པའི་ཨ་ཁུ་འགས། །ག་ཡང་གནས་ཆུང་འཕྲིན་ལས་རྒྱལ་པོ་ཡིས། །ང་རྒྱལ་ཆེ་བས་སྡོད་དུ་མ་བཅུག་ཟེར། །ཞེས་པ་ལྟ་བུར་མཚོན་ན་བོད་རང་གི་སྐད་ཆའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་ལ། ནམ་ཞིག་དབྱིན་སྐད་དང་རྒྱ་སྐད་ཀྱི་ལམ་ནས་གླིང་སྒྲུང་དང་ལ་གཞས་བླངས་ཚེ་ཧ་ཅང་མི་བདེ་བའི་སྣང་བ་སྟེར་སྲིད། དེ་བཞིན་དུ་རང་རེའི་སྒྲ་རྒྱན་དང་ཡང་ན་རྒྱའི་ཚིག་རྒྱན་ངེས་གཏན་ཅན། རང་མོས་སྙན་ངག་སོགས་ཀྱིས་མཚོན་པའི་སྙན་ངག་གི་རྒྱན་སྣ་ཚོགས་མི་རིགས་གཞན་གྱི་སྐད་དུ་བསྒྱུར་ཚེ། དེའི་ཤུགས་སུ་གབ་པའམ་ཡིབ་པའི་ཚུལ་དུ་གནས་པའི་དབྱངས་འགྲོས་གང་ཞིག་སྒྱུར་ཐབས་མེད་པས། དབྱངས་འགྲོས་ནི་སྙན་ངག་རང་སྟེང་དུ་ཆུ་ལ་འོ་མ་འདྲེས་པ་བཞིན་ངང་གིས་སིམ་ཡོད་པའི་ཐུན་མོང་མ་ཡིན་པའི་སྙན་ངག་གི་སྐད་ཆའི་ཁྱད་ཆོས་ཤིག་ཡིན། དེར་བརྟེན། སྙན་ངག་གང་ཞིག་མི་རིགས་གཞན་གྱི་སྐད་དང་ཡི་གེར་སྒྱུར་སྐབས་དེའི་ཤུགས་སུ་གབ་པའམ་ཡིབ་པའི་ཚུལ་དུ་གནས་པའི་དབྱངས་འགྲོས་དེ་ཤོར་བའམ་ཉམས་པར་འགྱུར་སྲིད། དཔེར་ན། རྟ་རྒྱུག་ན་འཇིག་རྟེན་འདི་ནས་རྒྱུག །ཚེ་ཕྱི་མའི་ཡུལ་ན་རྟ་རྒྱུག་མེད། །རྒྱུག་འདོད་ཀྱང་རྒྱུག་ས་གང་ན་ཡོད། །ཆང་འཐུང་ན་འཇིག་རྟེན་འདི་ནས་འཐུང་། །ཚེ་ཕྱི་མའི་ཡུལ་ན་ཆང་འཐུང་མེད། ། འཐུང་འདོད་ཀྱང་འཐུང་ས་གང་ན་ཡོད། ། གླུ་ལེན་ན་འཇིན་རྟེནའདི་ནས་ ལེན། ། ཚེ་ཕྱི་མའི་ཡུལ་ན་གླུ་ལེན་མེད། །ལེན་འདོད་ཀྱང་ལེན་ས་གང་ན་ཡོད། །ཅེས་པ་ལྟ་བུར་མཚོན་ན་མ་རྩོམ་ངག་ལ་གྱེར་པའི་སྐབས་སུ་ཚིག་ཟིན་ན་གོ་རིམ་ལྡན་པའི་དབྱངས་འགྲོས་ཤིག་ངང་ངམ་ཤུགས་ཀྱིས་ཐོན་ཡོད་ལ། གོང་དུ་རྟགས་བཀོད་ཡོད་པ་ནི་ཚིག་མཚམས་གཅོད་སྟངས་ལ་ཆོས་ཉིད་ལྡན་པ་དང་། གླུ་ཚིག་ཡོངས་རྫོགས་ཀྱི་ཚིག་རྐང་རེའི་མགོ་རྔ་གཉིས་ཡ་ཅན་ཡིན་ལ། དེ་མིན་གཞན་རྣམས་ཆ་ཅན་ཡིན་པས་ངག་ལ་བདེ་ཞིང་དབུགས་འབྱིན་བདེ་བ་སོགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན། འོན་ཀྱང 想跑马 就在 这 世上,阴间里 没有 跑马 的,您想 跑 也 没处 跑。想喝 美酒 就在 这 世上,阴间 没有 喝酒 的,您想 美酒 没处 喝。相望 唱歌 这 世上唱,阴间 里 没处 去 唱歌,您想 唱歌 也 没 人 听。[8]ཞེས་པའི་འགྱུར་རྩོམ་འདི་ལྟ་བུར་མཚོན་ན་མ་རྩོམ་གྱི་དབྱངས་འགྲོས་དང་ཚིག་གི་ལྕི་ཡང་སོགས་ཡང་དག་པར་མཚོན་མ་ཐུབ་པས། ངག་ནས་ལེན་པའམ་གྱེར་མི་བདེ་ཞིང་རྣར་མི་སྙན་པའི་སྐྱོན་སྣ་ཚོགས་བྱུང་ཡོད། ནང་སྒོས་སུ་སྒྲ་རྒྱན་དང་རབ་བཏགས་སོགས་ཚིག་རྒྱན་སྣ་ཚོགས་ཀྱིས་སྤུད་པའི་ཚིགས་བཅད་སྙན་ངག་སྒྱུར་སྐབས་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དབྱངས་འགྲོས།མཚུངས་སྒྲ་སོགས་འདོར་དགོས་པར་བརྟེན། བསྒྱུར་མི་ཐུབ་པའི་སྙན་ངག་སྐོར་བཙན་བསྒྱུར་མི་བྱེད་པར་རང་སོར་བཞག་ན་ལེགས་པའི་སྐབས་ཀྱང་མཆིས་སོ། །

གསུམ་པ། ཚོར་འདུའམ་བརྩེ་དུང་བསྒྱུར་མི་ཐུབ་པའི་སྐོར་བཤད་པ།

སྙན་ངག་སྒྱུར་སྐབས་ཚིག་གི་ངོས་ཟིན་ཙམ་དང་ཡང་ན་དོན་གྱི་གོ་བ་ཙམ་བསྒྱུར་བ་མ་གཏོགས། སྙན་ངག་གང་ཞིག་གི་ངོ་བོ་དང་ཡོངས་སུ་འདྲེས་པའི་ཚོར་འདུའམ་བརྩེ་དུང་སྐོར་ཇི་བཞིན་མཚོན་མི་ཐུབ། གལ་ཏེ་མཚོན་ཀྱང་མི་རིགས་ཀྱི་རིག་གནས་དང་སྐད་རིགས་མི་འདྲ་བའི་དབང་གིས་ངོ་བོ་འགྱུར་ཏེ། མ་རྩོམ་དང་ཁྱད་པར་ཆེ་བའི་རྩོམ་ཡིག་གཞན་ཞིག་ཏུ་འགྱུར་བའི་སྣང་ཚུལ་འབྱུང་བཞིན་ཡོད་དེ། དཔེར་ན། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལས། སྒོམ་པའི་བླ་མའི་ཞལ་རས། །ཡིད་ལ་འཆར་རྒྱུ་མི་འདུག །མ་བསྒོམས་བྱམས་པའི་ཞལ་རས། །ཡིད་ལ་ཝ་ལེ་ཝ་ལེ། །[9] ཞེས་པ 默 想 上师的尊面,怎么也没能出现。没想到那情人的脸蛋儿,却栩栩地在心上浮现。(庄晶译本) ཞེས་བསྒྱུར་ཡོད་ལ། ཡིད་ལ་འཆར་རྒྱུ་མི་འདུག་ཞེས་པ་དང་ཡིད་ལ་ཝ་ལེ་ཝ་ལེ་ཞེས་པ་གཉིས་ཚིག་སྔ་ཕྱི་འགལ་བ་ལྟར་སྣང་ཡང་། སྔ་རྗེས་སུ་ཡིད་ལ་ཞེས་སྦྱར་པས་ཚིག་སྔ་ཕྱིའི་དོན་གསལ་བར་བྱས་ཏེ་གཟུགས་ཅན་བཞིན་དུ་སྣང་མོད། རྒྱ་འགྱུར་དུ་མ་རྩོམ་གྱི་ཉམས་དང་འགྱུར་བ་ཇི་བཞིན་ཐོན་མེད་པ་ནི། གཙོ་བོ་དེའི་ཤུགས་སུ་མི་མངོན་པར་གནས་པའི་བརྩེ་དུང་དང་དབྱངས་འགྲོས་ཁྱད་པར་བ་ཞིག་ཡོད་པ་དེ་བསྒྱུར་མ་ཐུབ་པའི་རྐྱེན་རེད། ཡང་ན། སྤྲིན་པ་ཁ་སེར་གཏིང་ནག །སད་དང་སེར་བའི་གཞི་མ། །བན་དེ་སྐྱ་མིན་སེར་མིན། །སངས་རྒྱས་བསྟན་པའི་དགྲ་བོ། །ཞེས་པ། 黄 边黑心的乌云,是产生霜雹的根本。非僧非俗的出家人,是圣教佛法的祸根。(庄晶译本)ཞེས་སྤྲིན་པ་ཁ་སེར་གཏིང་ནག་ཅེས་པར 黄边黑心的乌云 ཞེས་བསྒྱུར་ན་མ་རྩོམ་དང་འདྲ་བར་གསོན་ཉམས་དང་ལྡན་པ་ཞིག་མིན་པའི་རྒྱུ་རྐྱེན་གཙོ་བོ་ནི། སྐད་རིགས་མི་འདྲ་བའི་དབང་གིས་ནང་དོན་འབའ་ཞིག་མཚོན་པར་བྱས་པ་ལས་མ་རྩོམ་གྱི་ཉམས་ཇི་བཞིན་དུ་ཐོན་མེད་པའི་དཔེ་འདི་འདྲ་མང་དུ་ཡོད་དེ་རེ་གཉིས་ཙམ་དྲངས་ན། བྲིས་པའི་ཡི་གེ་ནག་ཆུང་། །ཆུ་དང་ཐིགས་པས་འཇིག་སོང་། །མ་བྲིས་སེམས་ཀྱི་རི་མོ། །བསུབས་ཀྱང་བསུབ་ཀྱི་མི་འདུག །写成的黑色字迹,已被水和“雨”滴消灭,未曾写出的心迹,虽要拭去也无从。”(于道 泉 译 本) སེམས་སོང་བུ་མོ་མི་བཞུགས། །དམ་པའི་ཆོས་ལ་ཕེབས་ན། །ཕོ་གཞོན་ང་ཡང་མི་སྡོད། །རི་ཁྲོད་འགྲིམ་ལ་ཐལ་འགྲོ། ། 我的意中人儿,若是要去学佛,我少年也不留在这里,要到山洞中去了。(于道泉译本)སོགས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་བོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་སྙན་ངག་གྲགས་ཅན་ཞིག་ཡིན་ལ། དེའི་བརྗོད་བྱ་དང་རྗོད་བྱེད། དབྱངས་འགྲོས། ཚིག་སྦྱོར་སོགས་ཕྱོགས་གང་ཅིའི་ཐད་ནས་བོད་རང་གི་བློ་ཁ་དང་བསམ་བློའི་འཁྱེར་སོ། སེམས་ཁམས།མཛེས་དཔྱོད་ལྟ་བ་སོགས་དང་ཡོངས་སུ་མཐུན་པ་ཞིག་ཡིན་ལ། སྐབས་དེའི་རྙོག་འཛིང་ཆེ་ཞིང་རང་དབང་བྲལ་བའི་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས། ཆོས་དང་འཇིག་རྟེན་མཚོན་པའི་སྙན་ངག་ཐུན་མོང་མ་ཡིན་པ་ཞིག་རེད། འོན་ཀྱང་དེ་རྒྱ་ཡིག་གི་ལམ་ནས་མཚོན་དགོས་ན། མི་རིགས་ཀྱི་བརྩེ་དུང་བརྗོད་སྟངས་དང་རིག་གནས་རྒྱབ་ལྗོངས། མཛེས་དཔྱོད་ལྟ་བ། བསམ་བློ། ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་སོགས་མི་འདྲ་བའི་དབང་གིས་མ་རྩོམ་ཇི་བཞིན་མཚོན་ཐུབ་མེད་པར་མ་ཟད། ད་དུང་སྙན་ངག་ཏུ་སྦས་པའམ་ཡིབ་པའི་ཚུལ་དུ་གནས་པའི་བརྩེ་དུང་དང་ཚིག་གི་ཉམས། དབྱངས་འགྲོས་སོགས་ངང་གིས་ཤོར་བའམ་ཉམས་པར་གྱུར་འདུག་པས། བོད་ཀྱི་སྙན་ཅིང་འཇེབས་ལ་ཡིད་དབང་འཕྲོག་པའི་ཚིག་གི་སྦྱོར་བ་དང་། མི་རིགས་རང་གི་རུས་རྐང་དུ་ཟུག་པའི་བསམ་བློའི་མཛེས་དཔྱོད་ཅིག་མྱོང་རྒྱུ་ཡོད་པ་དེའང་རང་ཤུགས་ཀྱིས་ཉམས་པར་གྱུར་འདུག་པ་དེས་སྙན་ངག་གི་དབྱངས་འགྲོས་བསྒྱུར་མི་ཐུབ་པ་བསྟན་ཡོད།

བཞི་པ། རིག་གནས་ཀྱི་ཁྱད་པར་དབང་གིས་བསྒྱུར་མི་ཐུབ་པའི་སྐོར་བཤད་པ།

མི་རིགས་ཤིག་གི་རུས་རྐང་དུ་ཡོངས་སུ་སིམ་པའི་དམངས་ཁྲོད་རྩོམ་རིག་ལས་ལ་གཞས་དང་དམངས་གླུ། སྟོན་བཤད། ཁེད་སོགས་སུ་བསྒྱུར་མི་ཐུབ་པའི་སྐོར་མང་དུ་ཡོད་དེ། དཔེར་ན། ན་ཁྲ་རིས་ན་ལུང་གོང་མ་ན། །ཞེས་པའི་ལ་གཞས་དང་དེ་བཞིན་དུ། རྫ་མགོ་རིལ་མ་ཐ་ར་ར། །རྫ་སྐེད་ཁངས་སྐྱ་ཐུ་ལུ་ལུ། །རྫ་འོག་མཚོ་ཆུ་མེ་རེ་རེ། །ལྟ་བུའི་གཟུགས་ཀྱི་ངང་ཚུལ་སྟོན་པའི་རྒྱན་དང་ཆ་འདྲ་བའི་མིག་གི་སྤྱོད་ཡུལ་དུ་གྱུར་པའི་རྒྱན་ཚིག་རྣམས་ཚིག་རྐང་རེ་རེའི་མཐའ་རུ་དོ་མཉམ་པར་བཀོད་པས། ཚིག་སྦྱོར་སྙན་ཞིང་གོ་བདེ་ལ་དོན་གསལ་བའི་ནུས་པ་ཆེན་པོ་ཡོད་པར་མ་ཟད། ཉན་པ་པོའམ་ཀློག་པ་པོ་རྣམས་ལ་རང་གིས་དངོས་སུ་ཐོས་པའམ་མཐོང་བ་ལྟ་བུའི་འདུ་ཤེས་བསྐྱེད་ཐུབ་པའི་རྒྱན་དེ་དག་དང་། ད་དུང་སྒ་ལྷུ་བཞི། རྫ་ལུང་། ཆུང་ལོ་སོགས་ལྟ་བུ་རིག་གནས་མི་འདྲ་བའི་དབང་གིས་ཇི་བཞིན་དུ་བསྒྱུར་དཀའོ། །དེ་བཞིན་དུ་རྒྱའི་ཐང་རྒྱལ་རབས་ཀྱི་སྙན་ངག་ལྟ་བུར་མཚོན་ན། འཛམ་གླིང་དུ་གྲགས་ཆེ་བ་ཞིག་རེད། ལྷག་པར “床前明月光,疑是地上霜。举头望明月,低头思故乡。”ལྟ་བུ་གྲགས་ཆེ་ཞིང་ལྷང་ངེར་འཆར་བའི་དཀར་གསལ་གྱི་ཟླ་བ་བཞིན་ཕྱི་ནང་ཡུལ་གྱར་པ་རྣམས་ཀྱི་སེམས་སུ་མ་ནུབ་པར་ཡོད་ཅིང་། སྙན་ངག་ཁྲོད་ཀྱི“ 月 光 ”ཞེས་པས་རྒྱ་ནག་པ་རྣམས་ལ་ཕ་ཡུལ་དྲན་པའི་ཚོར་སྣང་ཟབ་མོ་ཞིག་སྟེར་བཞིན་ཡོད་ལ། ཟླ་འོད་ནི་ཁོ་ཚོའི་སེམས་ཁོང་དུ་དྭངས་གཙང་གི་མཚོན་བྱེད་ཅིག་ཏུ་གྱུར་ཡོད་པས་རྒྱུན་པར“ 皎 洁 ”ཞེས་པའི་ཡིག་འབྲུ་གཉིས་ཀྱིས་ཟླ་འོད་མཚོན་པར་སྤྲོ་ཞིང་། ཁོ་ཚོའི་སེམས་སུ་ཟླ་འོད་ནི་ཕ་ཡུལ་གྱི་མཚོན་རྟགས་ལྟ་བུ་ཞིག་ཏུ་གྱུར་འདུག་ལ། སྙན་ངག་པ 杜甫 ཡིས་བརྩམས་པའི“露从今夜白,月是故乡明。”ལྟ་བུ་དང་། ཡང་ན་སྙན་ངག་པ张九龄གྱིས་བརྩམས་པའི “海上升明月,天 涯 共 此 时。”ཞེས་པར་གསལ་པོར་བརྗོད་འདུག།གེ་སར་སྒྲུང《རྟ་རྒྱུག་ནོར་རུ་ཆ་བདུན》ལས། ལུས་མི་དགའ་སྦྲུལ་ནག་འཁྱོག་འཁྱོག །མགོ་མི་དགའ་ཌ་རུ་དཀྲོལ་དཀྲོལ། །སྐྲ་མི་དགའ་བ་རྔ་གཡུག་གཡུག །མིག་མི་དགའ་གློག་དམར་འཁྱུག་འཁྱུག །སྣ་མི་དགའ་གླང་སྣ་བརྫེས་བརྫེས། །ངོ་མི་དགའ་སྤྲིན་ནག་འཚུབ་འཚུབ། །[10]ཅེས་པ་ནི་ཚིག་རྐང་རེ་རེའི་མཐར་ལས་ཚིག་བཟླས་པ་སྟེ”འཁྱོག་འཁྱོག” “དཀྲོལ་དཀྲོལ”ལྟ་བུར་བརྗོད་ཀྱང་། དོན་ལ”འཁྱོག་པ་དང་འདྲ”འམ “དཀྲོལ་བ་དང་མཚུངས”ཞེས་པའི་དོན་གསལ་བར་བསྟན་པའི་དཔེ་རྒྱན་འདི་ལྟ་བུ་བསྒྱུར་དགོས་ན། དོན་གྱི་གོ་བ་ཙམ་བསྒྱུར་བ་ལས་འོས་མེད་ལ། ཡང་། ཁྱོད་ཁིས་ལུང་གོང་མའི་འབུད་དུས། །རྟ་གྱོ་རྒྱ་མ་གཏོགས་མ་རིག་ཐལ། །རྟ་གྱོ་རྒྱ་སྡེ་བ་ཡོད་མོད་ཀྱང་། །ཁྱོའི་གྱོ་རྒྱ་གོམ་གི་རང་བཞིན་རེད། །ཁྱོད་ཁིས་ལུང་བར་མའི་འབུད་དུས། །མགོ་ཝ་དམར་མ་གཏོགས་མ་རིག་ཐལ། །མགོ་ཝ་དམར་སྡེ་བ་ཡོད་མོད་ཀྱང་། །ཁྱོའི་ཝ་དམར་མཚོ་ཁའི་ཝ་ཕྲུག་རེད། །ཁྱོད་ཁིས་ལུང་ཞོལ་མའི་འབུད་དུས། ། སྐེ་གའུ་མ་གཏོགས་མ་རིག་ཐལ། །སྐེ་གའུ་སྡེ་བ་ཡོད་མོད་ཀྱང་། །ཁྱོད་གའུ་ཉི་ཟླ་ཁ་འཕྲོད་རེད། །(དམངས་གླུ)ལྟ་བུར་མཚོན་ནའང་བོད་མི་རིགས་གནས་སའི་ས་བབ་དང་ཞོན་རྟ། དགའ་ཕྱོགས། གྱོན་པ། རྒྱན་ཆ། རྒྱན་ཆའི་བཟང་ངན་སོགས་ཟུར་དུ་བསྟན་ཡོད་ལ། བོད་ཀྱི་འཚོ་བ་རོལ་སྟངས་ཅི་ཡང་མི་ཤེས་པའི་མི་ཞིག་ཡིན་ཚེ་སྙན་ཚིག་འདིའི་ནང་གི་བོད་ཀྱི་འཚོ་བ་ལ་དུང་ཞིང་དགའ་བའི་ནང་སེམས་ཀྱི་བརྩེ་བ་དེ་དང་། ཡང་ན་བོད་ཀྱི་དམིགས་དཔེར་འོས་པའི་སྟག་ཤར་ཚོའི་མཛེས་དཔྱོད་ལྟ་བ་སོགས་རྟོགས་དཀའ་བར་བརྟེན། མི་རིགས་ཤིག་གི་རིག་གནས་མི་འདྲ་བའི་དབང་གིས་རྒྱ་བོད་དང་ཡང་ན་བོད་དབྱིན་སོགས་སྐད་རིགས་དང་ཡིག་རིགས་གང་ཞིག་ཏུ་བསྒྱུར་ཀྱང་།རིག་གནས་ཀྱི་ཚད་བཀག་ངང་ངམ་ཤུགས་ཀྱིས་གྲུབ་ཡོད་པས། མ་རྩོམ་གྱི་ཉམས་དང་འགྱུར་བ་ཇི་བཞིན་དུ་མཚོན་མི་ནུས་སོ། །

མདོར་ན། སྐད་བརྡ་དང་རིག་གནས་མི་འདྲ་བའི་དབང་གིས། མཐའ་གཅིག་ཏུ་མ་རྩོམ་དང་ཀུན་ནས་མཚུངས་པའི་འགྱུར་རྩོམ་ཞིག་འབྱུང་མི་སྲིད་ལ། སྐད་བརྡ་དང་རིག་གནས་ཀྱི་ཁྱད་པར་དང་། རྩོམ་པ་པོ་དང་ལོ་ཙཱ་བའི་སྤྱི་ཚོགས་དང་དུས་རབས། མི་རིགས་མི་འདྲ་བ་དང་རིག་གནས་ཆུ་ཚད་མི་འདྲ་བ། རྩོམ་གཤིས་མི་འདྲ་བ་སོགས་ཀྱི་དབང་གིས་འགྱུར་རྩོམ་ནི་མ་རྩོམ་དང་ཀུན་ནས་མཚུངས་པ་ཞིག་འབྱུང་མི་སྲིད་ཅེས་བརྗོད་པའང་གནད་དེར་ཐུག་ཡོད། བརྗོད་བྱ་དང་བསམ་བློ། ཕྱིའི་རྣམ་པ་ཙམ་མ་རྩོམ་དང་མཚུངས་པར་བྱེད་རྒྱུ་དེ་འདྲའི་དཀའ་མོ་ཞིག་མིན་མོད། འོན་ཀྱང་ཚོར་འདུ་དང་ཚིག་རྒྱན། ཉམས་བཅས་ཀྱི་ཐད་ནས་མཚུངས་པར་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། བརྗོད་བྱ་དང་སྐད་བརྡ་གཉིས་དང་དམ་པོར་འབྲེལ་བའི་ཚོར་འདུ་དང་ཚིག་རྒྱན། ཉམས། རྒྱན་འགོད་སྟངས་བཅས་མ་རྩོམ་དང་ཡོངས་སུ་མཚུངས་པར་བྱེད་རྒྱུ་ནི་ལོ་ཙཱ་བ་རྣམས་ཀྱིས་ནམ་རྒྱུན་རེ་སྙེག་བྱེད་ས་དང་ཡང་ན་དཀའ་ཁག་ཆེ་སའི་གནད་གཅིག་པུ་རེད། དེར་བརྟེན། ཚོར་འདུ་ནི་རྣམ་ཤེས་ལྟ་བུར་གྱུར་པའི་སྙན་ངག་ལ་མཚོན་ན། ཚོར་འདུ་དེ་ཕྱིའི་རྣམ་པ་དང་དབྱངས་འགྲོས། བརྗོད་བྱ་བཅས་གསུམ་དང་འདྲེས་ནས་ཡོད་པས་མ་རྩོམ་དང་ཀུན་ནས་མཚུངས་པར་བསྒྱུར་མཁན་གྱི་ལོ་ཙཱ་བ་ཤིན་ཏུ་དཀོན་པར་བརྟེན། སྙན་ངག་བསྒྱུར་མི་ཐུབ་པར་འདོད་པའི་ལྟ་ཚུལ་དག་མཐའ་གཅིག་ཏུ་ནོར་འཁྲུལ་དུ་འཛིན་མི་རུང་བར་འདོད་དོ། །

ཟུར་བལྟའི་དཔྱད་གཞི།

       [1][2][4] 敏生智 , 耿显宗 . 安多藏语会话读本 [M]. 西宁:青海民族出版社,2003.

       [3]སངས་རྒྱས། འགྱུར་རྩོམ་དབྱངས་ཅན་དགྱེས་པའི་གླུ་དབྱངས།[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:4-5.

       [5][6][7]དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988:6.510.

       [8]贺尔加 •饿日 .贵德藏族简史 [M].西宁:青海人民出版社,2013:103-104.

       [9] བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོས་བསྒྲིགས། གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ།(བར་ཆ) [Z] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989:931-936.

       [10]སངས་རྒྱས། བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983:65.

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།