ཏུན་ཧོང་ཡིག་རྙིང་P.t1287ལས་མགུར་གྱི་ཐ་སྙད་འགའ་ལ་དཔྱད་པ།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་སྲོང་བཙན་སྒམ་པོ་དང་མགར་སྟོང་བཙན་ཡུལ་བཟུང་གཉིས་ཀྱིས་བཞེངས་པའི་མགུར་ལས་གནའ་བོའི་ས་མིང་དང་དངོས་མིང་འགའ་དང་།  མགུར་དང་འབྲེལ་བའི་མནའ་ཡི་རིག་གནས་བཅས་ལ་དམ་པ་སྔོན་མའི་དཔྱད་འབྲས་ཀྱི་རྨང་གཞིའི་ཐོག བཞེད་ཚུལ་མི་འདྲ་ཁག་གཅིག་ཕན་ཚུན་དཔྱད་བསྡུར་བརྒྱུད་རང་གི་བསམ་ཚུལ་བརྗོད་ཡོད།

[བརྡ་ཆང་གཙོ་བོ།] མགུར། མདོ། རྩང་། མནའ། གློ་བ། གད་ཀྱི་གསེར་པོ་ཆེ།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   K874

[ཡིག་ཚང་མཚན་བྱང་།] A

[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002 – 9060(2013) 04 – 0052 – 16

ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་P.t1287ནང་དུ་ཁྱོན་བསྡོམས་མགུར་སྣ་རིང་ཐུང་མི་འདྲ་བ་དགུ་ཙམ་བྱུང་ཞིང་།   འདིར་སྲོང་བཙན་སྒམ་པོ་དང་མགར་སྟོང་བཙན་ཡུལ་བཟུང་གཉིས་ཀྱིས་བཞེངས་པའི་མགུར་ལས་ས་མིང་དང་དངོས་མིང་འགའ་ལ་ཅུང་ཙམ་དཔྱད་པར་འདོད་དོ།།

དང་པོ། མགུར་བཞེངས་པའི་དུས་ཚོད།

དེ་ཡང་།  “རྒྱལ་པོ་འདྀ་འི་རིང་ལ།།  ཞང་ཞུང་གྀ་རྒྱལ་པོ་ལ་དྲངས་སྟེ།།  ཆབ་སྲིད་མཛད་ནས།།  ཞང་ཞུང་གྀ་རྒྱལ་པོ་ལྀག་མྱི་རྒྱ་སྲིད་བརླག་སྟེ།།  ཞང་ཞུང་ཐམས་ཆད་འབངས་སུ་བཀུག་གོ།  འུང་གྀ་རྗེས་ལ་།།  བཙན་པོ་རྗེ་འབངས་དགྱེས་སྐྱེམས་སྟོན་མོ་གསོལཏེ།  བཙན་པོ་ཁྲི་སྲོང་བཙན་གྱི་མགུར་བླངས་པ།།”①ཞེས་མགུར་འདི་ནི་མཛངས་མ་སད་མར་ཀར་གྱི་བླ་ན་འཕགས་པའི་ཐབས་ཇུས་ལ་བརྟེན་ནས།  ཞང་བོད་བར་བྱུང་བའི་གཡུལ་ཆེན་མོའི་ཁྲོད་ཞང་ཞུང་རྒྱལ་པོ་ལིག་མྱི་རྒྱའི་སྲིད་འཕྲོག་སྟེ། བོད་བཙན་པོས་རྒྱལ་ཁ་བླངས་པའི་མཇུག་ཏུ་ཞང་ཞུང་གི་མངའ་རིས་ཆ་ཚང་བོད་ཀྱི་ཁྱབ་ཁོངས་སུ་བསྡུས་རྗེས། རྗེ་བློན་ལྷན་འཛོམས་ཀྱི་དགའ་སྟོན་ཐོག་བཙན་པོ་དང་བློན་མགར་སྟོང་བཙན་ཡུལ་བཟུང་གཉིས་ཀྱིས་ཕན་ཚུན་བར་བཞེངས་པའི་མགུར་ཞིག་ཡིན།

ད་ལྟ་འུ་ཅག་གིས་རྟོགས་པར་བྱ་བའི་ཡུལ་ནི་ལིག་མྱི་རྒྱ་དུས་ནམ་ཞིག་བོད་བཙན་པོའི་མངའ་རིས་སུ་བཀུག་པ་དེ་ཡིན།   ཚང་མས་ཤེས་གསལ་ལྟར་ཏུན་ཧོང་ཤོག་དྲིལ་ཨང་རྟགས་ P.t1287དུ་སྲོང་བཙན་སྒམ་པོའི་དོན་ཆེན་ལོ་ཚིགས་མདོར་བསྡུས་ཤིག་འཁོད་ཡོད།  ཤོག་དྲིལ་དེའི་གཡོན་ཕྱོགས་སྟོད་ཀྱི་ཆ་ཕྱེད་ཀ་རལ་སྐྱོན་ཤོར་བས་ཇི་བཞིན་དུ་མཇལ་བའི་སྐལ་བ་དབེན་ཡང་། ལོ་རྒྱུས་ཀྱི་ཡིག་ཆ་དུམ་བུ་དེ་གུང་བསྒྲིགས་ནས་གཞིགས་ཚེ།  ལིག་མྱི་རྒྱ་དུས་ནམ་ཙམ་ཞིག་ལ་བོད་ཀྱི་འབངས་རྣལ་མ་རུ་བསྡུས་པ་ཤེས་ཐུབ་སྟེ། “ལྀག་སྙ:ཤུར:བརླག་སྟེ:ཞང་ཞུང་ཐཾས་ཅད:འབངསུ་བཀུག:སྟེ་མངའོ།  དེ་ནས:ལོ་དྲུག་ནའ། བཙན་པོ་ཁྲྀ་སྲོང་རྩན་དགུང་དུ་གཤེགསོ།”② ཞེས་ཞང་ཞུང་བོད་ཆེན་པོའི་མངའ་རིས་སུ་བསྡུས་ནས་ལོ་དྲུག་འགོར་རྗེས་བཙན་པོ་སྲོང་བཙན་སྒམ་པོ་སྐུ་གཤེགས་པ་དང་།  བཙན་པོ་སྐུ་གཤེགས་པའི་ལོ་ཚིགས་ལ་སྔོན་བྱོན་མཁས་པ་རྣམ་པའི་བཞེད་ཚུལ་མི་མཐུན་པ་དུ་མ་མཆིས་ཀྱང་།  ཅུང་གྲགས་ཆེ་བ་ནི་རྒྱལ་དབང་ལྔ་བ་ཆེན་པོ་དང་མཁས་དབང་དགེ་འདུན་ཆོས་འཕེལ་རྣམ་གཉིས་ཀྱི་ལུགས་ཏེ་སྤྱི་ལོ་650དང་། གཞན་དེང་སང་ཏུན་ཧོང་ཞིབ་འཇུག་པ་འགའི་དགོངས་བཞེད་དུ་སྤྱི་ལོ་650ཡི་སྔོན་གྱི་ལོ་གཅིག་གམ་གཉིས་གང་རུང་དུ་སྐུ་གཤེགས་པར་འདོད་པ་དེ་ཡིན། དེར་བརྟེན། ཞང་ཞུང་རྒྱལ་པོ་ལིག་མྱི་རྒྱའི་སྲིད་བརླག་པའི་དུས་ཚོད་ཀྱང་སྔ་ན་སྤྱི་ལོ་642དང་ཕྱི་ན་སྤྱི་ལོ་644ལོའི་བར་ཡིན་པ་གཏན་དུ་འཁེལ། འོན་ཀྱང་། བསམ་བློ་ཞིག་གཏོང་རྒྱུར། མགུར་དེ་སྲོང་བཙན་དང་བློན་མགར་སྟོང་བཙན་ཡུལ་བཟུང་གཉིས་ཀྱིས་ཕན་ཚུན་བཞེངས་པ་ཞིག་ཡིན་ཕྱིར། མགར་སྟོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་གདན་དྲངས་པའི་མཇུག་ཙམ་ཡིན་པ་ཐག་གིས་ཆོད། རྒྱའི་ཡིག་ཚང་《ཐང་ཡིག་གསར་མའི་》ནང་དུ་“ཁྲི་ལོ་བཅོ་ལྔ་པར།   གོང་མས་རང་གི་ཚ་མོ་ཝུན་ཁྲིན་ཀོང་ཇོ་བག་མར་གནང་”③ཞེས་ཁྲིན་རྐོན་གྱི་ཁྲི་ལོ་བཅོ་ལྔ་སྟེ་སྤྱི་ལོ་641ལོར་ཀོང་ཇོ་བོད་དུ་ཕེབས་པ་འཁྲུལ་མེད་ཡིན།  ལོ་ཚིགས་དེ་ནི་ཐང་ཆེན་མོའི་རྒྱལ་ས་ཁྲང་ཨན་ནས་བོད་ལ་ཞབས་བཅགས་པའི་དོན་ཡིན་ཡང་། མང་པོ་ཞིག་གིས་བོད་དུ་སླེབས་པའི་དོན་དུ་གོ་ན་ལོ་ཚིགས་ཐོག་འགལ་འཛོལ་ཆེན་པོ་བྱུང་། མཁས་དབང་དགེ་ཆོས་ཚང་གིས་ཀྱང་ཁྲང་ཨན་ནས་བོད་ལ་ཕེབས་ལོ་ཡིན་ལུགས་དེབ་དཀར་དུ་གསུངས་འདུག

ཏུན་ཧོང་ཤོག་དྲིལ་དུ་“དེ་ནས:ལོ་དྲུག་ནའ། བཙན་པོ་ཁྲྀ་སྲོང་རྩན་དགུང་དུ་གཤེགསོ། བཙན་མོ:མུན་ཅང་ཀོང་ཅོ:དང་དགུང་ལོ:གསུམ་བཤོས་སོ།”④ཞེས་པ་ལྟར་ན། བཙུན་མོ་ཝུན་ཤང་ཀོང་ཇོ་དང་བཙན་པོ་གཉིས་སྤྱི་ལོ་645འམ་647ལོར་དངོས་སུ་མཇལ་འཕྲད་མཛད་པ་དང་།  མཇལ་འཕྲད་མཛད་ནས་ལོ་གསུམ་རྗེས་སུ་བཙན་པོ་དགུང་དུ་གཤེགས། འོ་ན། ཝུན་ཤང་ཀོང་ཇོ་སྤྱི་ལོ་641ལོར་བོད་ལ་བག་མར་སོང་ཡང་། སྤྱི་ལོ་647ལོར་བཙན་པོ་དང་མཇལ་འཕྲད་མཛད་པའི་དབང་དུ་བཏང་ན།  རྒྱལ་ས་ཁྲང་ཨན་ནས་ལྷ་སའི་འོ་ཤོད་ལ་ལོ་ངོ་དྲུག་གི་རིང་འགྲུལ་བཞུད་བྱས་པ་འདྲ་བས།   ཇི་ལྟར་རྩིས་ཀྱང་དེ་འདྲའི་དུས་ཚོད་རིང་མོ་ཞིག་གི་འགྲུལ་བཞུད་མི་དགོས་པ་རིགས་པས་དེད་ཀྱང་ཤེས་སླ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ལ་མཇལ་ཚེ། ཝུན་ཤང་ཀོང་ཇོ་བོད་ལ་ཕེབས་པའི་ལོ་དེ་དག་ནི་བཙན་པོའི་དམག་དཔུང་གི་ཆིབས་ཁ་ནུབ་ཀྱི་ཞང་ཞུང་དུ་བསྒྱུར་ཞིང་། གཡུལ་གྱི་འཁོས་ཆེན་མོ་བཤམས་པ་དང་ཏག་ཏག་ཁེལ།  འོན་ཀྱང་།  《ཐང་ཡིག་གསར་མའི་》ནང་དུ།  “སྲོང་བཙན་འཁོར་དང་བཅས་པ་མཚོ་ནག་ཏུ་བསུ་བར་ཕེབས་ཏེ་ཏོ་ཙུང་དང་མཇལ། མག་པའི་ཚུལ་བཟུང་ནས་ཞབས་ཏོག་མཛད།  ཀྲུང་གོ་བ་རྣམས་ཀྱི་ཆས་ལེགས་པོ་མཐོང་ནས་ངོ་གནོང་ཞིང་དོག་མི་བདེ་བར་གྱུར།”⑤ཞེས་བཙུན་མོ་བོད་ལ་སླེབས་པ་དང་བཙན་པོ་འཁོར་དང་བཅས་མཚོ་ནག་⑥ཅེས་པའི་ཡུལ་དུ་བསུ་མར་སོང་བ་བརྗོད་ཡོད།   ལོ་ཚིགས་དེ་དག་རིགས་པས་བརྡར་ཤ་བཅད་ཚེ།   གོང་གི་ཏུན་ཧོང་ཞིབ་འཇུག་པ་འགའ་རེས་སྲོང་བཙན་སྤྱི་ལོ་650ཡི་སྔོན་གྱི་ལོ་གཅིག་དང་གཉིས་ལ་དགོངས་པ་གཤེགས་པའི་བཞེད་དགོངས་ལ་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ།  གལ་སྲིད་བཙན་པོ་སྤྱི་ལོ་648ལ་སྐུ་གཤེགས་པའི་དབང་དུ་བཏང་ན།  སྤྱི་ལོ་655ལ་བཙན་མོ་དང་ཞལ་འཛོམས་པ་དང་། རྒྱལ་ས་ཁྲང་ཨན་ནས་བོད་དུ་ལོ་ངོ་གསུམ་དང་བཞིའི་འགྲུལ་བཞུད་བྱས་པ་དེ་དོན་དང་མཐུན་པར་སྙམ། དེ་བཞིན་གོང་གི་མགུར་དེ་རྗེ་བློན་ཞལ་འཛོམས་ཀྱི་ལོ་སྟེ་སྤྱི་ལོ་655ཡས་མས་ཤིག་ལ་བཞེངས་པར་ངེས་སོ།།

གཉིས་པ། མགུར་འདི་བཞེངས་པའི་དམིགས་ཡུལ།

“ཀྱེ་རྗེ་འི་ནྀ་མཚན་བ་འདི།།   ཁྲྀ་འི་ནྀ་སྲོང་བརྩན་ཞིག།  བློན་གྱྀ་ནི་མྱིང་བ་འདྀ།།  སྟོང་རྩན་ནི་ཡུལ་ཟུང་ཞྀག། ཆིབས་ཀྱྀ་ནི་མྱིང་བ་འདྀ།། རྔུལ་བུ་ནྀ་གཙང་གཙང་ལྟ།།  གཙང་གཙང་ནི་ཡང་ཡང་ལྟ།” ཞེས་མགུར་གྱི་འགོའི་ཤོ་ལོ་ཀ་དེ་སྤྱིར་བཏང་གི་སྐད་ཆའི་རྣམ་པས་གླེང་སློང་སྟེ། རྒྱལ་པོའི་མཚན་དང་བློན་པོའི་མཚན། ཞོན་རྟ་སོགས་མིང་ཐོག་ཏུ་ངོ་སྤྲོད་མདོར་བསྡུས་ཙམ་ལས་གཞན་ཅི་ཡང་བརྗོད་མེད་པ་འདྲ་མོད། འོན་ཀྱང་། ཚིག་འགྲོས་ལས་མགུར་འདི་དམིགས་སུ་མགར་སྟོང་བཙན་ཡུལ་བཟུང་ལ་བླངས་པ་དང་། ཞོར་དུ་འབངས་ཡོངས་ལ་བློན་པོ་མགར་གྱིས་རྒྱ་བལ་བོད་ཀྱི་གཉེན་གྱི་འབྲེལ་བ་བཙུགས་ནས་ཚོང་དང་རིག་གནས་ནང་འདྲེན་མཛད་པ། རྗེ་ལ་བློ་དཀར་ཏེ་བློན་ཆེན་གྱི་འགན་འཁྲི་ཕྲག་ཏུ་བཞེས་པ། འ་ཞ་སོགས་ལ་དམག་ཁ་དྲངས་ཏེ་རྒྱལ་ཕྲན་འབངས་སུ་བཀུག་ནས་མཐའ་མཚམས་བརྟན་པོར་སྲུང་བ།    བོད་ཀྱི་སྤྱི་ཚོགས་ཀྱི་ཁ་ཚ་དགོས་གཏུག་ལ་དམིགས་ནས་ཁྲིམས་ལུགས་གསར་སྣོན་བྱས་པ་སོགས་རླབས་ཆེ་བའི་མཛད་འཕྲིན་གྱི་གལ་ཆེན་རང་བཞིན་དེ་གསར་རྙིང་འབངས་ཡོངས་ལ་དྲན་སྐུལ་བྱས་ནས། གོང་གི་བཙན་པོ་དང་འོག་གི་བློན་པོ་གཉིས་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ཁང་པའི་ཀ་གདུང་དང་དབང་པོའི་སྲོག་རྩ་ལྟ་བུ་གྱུར་ཡོད་ཚུལ་གསལ་འདེབས་བྱས།

མགུར་འདི་སྲོང་བཙན་དང་དབའས་དབྱི་ཚབ་བར་བཞེངས་པའི་མགུར་དང་བསྡུར་ན་འདྲ་བ་དང་མི་འདྲ་བའི་ཆ་ཕྱོགས་གཉིས་ཡོད་ཅིང་།  མི་འདྲ་བའི་ཕྱོགས་གཅིག་ནི་མགུར་གྱི་མགོ་སློང་བའི་ངོ་སྤྲོད་མདོར་བསྡུར་དེ་རེད། ཏུན་ཧོང་བོད་ཀྱི་ཡིག་རྙིང་ཤོག་དྲིལ་ཁྲོད་ཀྱི་མགུར་དག་ལས་ཕན་ཚུན་ངོ་སྤྲོད་བྱས་པའི་མགུར་ནི་འདི་མ་གཏོགས་མེད་ཅིང་།    དེས་དོན་ཅི་ཞིག་རྟོགས་ཤེ་ན། མགུར་འདིའི་ཚིག་ངོས་ཙམ་བལྟས་ན་སྲོང་བཙན་དང་མགར་སྟོང་བཙན་གཉིས་ཕན་ཚུན་བར་བཞེངས་པ་འདྲ་ཡང་།   དོན་ངོ་མ་དེ་ཙམ་མ་ཡིན་པར་སྲོང་བཙན་གྱིས་བོད་བཙན་པོའི་རྒྱལ་རབས་བཙུགས་པའི་མཛད་སྒོ་ལྟ་བུའམ། ཡང་ན་བློན་འབངས་ལྷན་འཛོམས་ཀྱི་ཚོགས་ཆེན་ཞིག་གི་ཐོག་མགར་གྱི་བྱས་རྗེས་ལ་དམིགས་བསལ་དུ་གསལ་བསྒྲགས་བྱས་པ་ཞིག་ཡིན།   ཚོགས་ཐོག་ཏུ་ཡབ་འབངས་རུས་དྲུག་གཙོ་བྱས་པའི་བློན་དང་འབངས་མི་ཡོད་ལ། གསར་དུ་བསྐོ་བཞག་བྱས་པའི་བློན་དང་ཡང་ན་ད་སོ་མ་འབངས་རྣལ་མ་རུ་བསྡུས་པའི་རྒྱལ་ཕྲན་གཞན་གྱི་འབངས་ཀྱང་མང་བས། བཀའ་དྲིན་ཅན་གྱི་རྒྱལ་པོ་ནས་བྱས་རྗེས་ཅན་གྱི་བློན་པོ་དག་ངོ་སྤྲོད་བྱས་པའི་སྒོ་ནས་མི་བུ་རབ་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཡོད།

དབའས་དབྱི་ཚབ་ལ་བཞེངས་པའི་མགུར་ནི་དབའས་ཕ་ཚ་བུ་སོགས་མི་བདུན་དང་རྒྱལ་པོ་དང་བློན་ཁྲི་གནུབས་རྔེགས་ཚེས་པང་སོགས་རྒྱལ་བློན་བདུན་ཕན་ཚུན་དབུ་སྙུང་བྲོ་བོར་བ་ཞིག་ཡིན་པས་ནང་ཁུལ་གྱི་མི་ལ་ངོ་སྤྲོད་དགོས་དོན་མེད།  ཡང་གཅིག་བཤད་ན་དབའས་ཀྱིས་རང་ཉིད་འཆི་ཁར་དབུ་སྙུང་ཁུད་པ་ཙམ་དང་བུ་ཚ་ཁྱིམ་རྒྱུད་ལ་བྲོ་ཁུད་པ་ཞིག་བསྩལ་བར་རེ་བ་ནན་གྱིས་ཞུས་པའི་གཞུག་ཏུ། རྒྱལ་པོས་ད་གཟོད་དབའས་ཀྱི་སྐུ་ཚེ་གང་བོར་ལ་ཆབ་སྲིད་ཆུར་ནི་བསྲིངས། ཞེང་དུ་ནི་བསྐྱེད། བླར་བློ་ཉེ་བས་བྲོ་ཁུད་པ་དེ་དམིགས་བསལ་གྱི་འོས་བབ་ལ་བརྟེན་ནས་གནང་བ་ཞིག་ཡིན།

གསུམ་པ། མགུར་ལས་བྱུང་བའི་ས་མིང་འགའ་ལ་དཔྱད་པ།

“ཡུ་བུ་ནྀ་རྗེ་དང་བློན།།  ཡར་མི་ནི་ཆུ་ཐུངས་ཀྱིས།། མདོ་ནས་ནྀ་རྩང་དུ་བསྲིང་།། ཡར་མོ་ནྀ་ཞེང་ཆུངས་ཀྱིས།། ལྷོ་ནས་ནྀ་བྱང་དུ་བསྐྱེད།། མ་ཐུན་ནྀ་མཐའ་བཞི་རྒྱལ།།”ཞེས་མགུར་ཚིག་འདིའི་ཚིག་ངོས་ཙམ་ལ་བལྟས་ཚེ།  སྔོན་ཡར་ལུང་དུ་གཞིས་ཆགས་པའི་བཙན་པོའི་རྒྱལ་རབས་དེ་འཁོས་ཀ་དང་ཆབ་སྲིད་ཀྱི་རྒྱ་ཆུང་ཡང་། ད་ལྟ་དེ་ལྟར་མ་ཡིན་པར་མདོ་ནས་གཙང་དང་ལྷོ་ནས་བྱང་དུ་རྒྱ་བསྐྱེད་དེ་མཐའ་བཞིའི་རྒྱལ་ཕྲན་ལས་རྣམ་པ་རྒྱལ་ཏེ་བོད་བཙན་པོའི་རྒྱལ་རབས་དངོས་སུ་བཙུགས་པ་བསྟན་ཡོད།  འོན་ཀྱང་།  རྒྱ་བསྐྱེད་པའི་ས་ཆ་མདོ་དང་རྩང་སོགས་མཛུབ་མོས་རི་སྟོན་ལྟར་འོལ་སྤྱི་ཙམ་གྱི་དོན་ལས་ཕྲ་རགས་ཀྱི་ཡུལ་གང་ཞིག་སྟོན་པ་མི་གོ་ཕྱིར། མགུར་དུ་དྲངས་པའི་མདོ་དང་རྩང་ཕྱོགས་གཅིག་གཅིག་གཉིས་གཉིས་ཀྱིས་ཤེས་པར་བྱ་རྒྱུ་ནི་གནད་དུ་ཆེའོ།།

གཅིག མདོ།

ཐོག་མར་མདོ་ཞེས་པའི་ཐ་སྙད་འདི་ལོ་རྒྱུས་ཡིག་ཆའི་ཐོག་འཁོད་སྔ་ཤོས་ནི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་ཤོག་དྲིལ་P.t1287དུ་སྲོང་བཙན་སྒམ་པོའི་ལོ་རྒྱུས་བརྗོད་སྐབས་བསྟུད་མར་ཐེངས་གཉིས་བྱུང་ཞིང་། གཅིག་ནི་བཙན་པོས་བློན་ཆེན་དབའས་དབྱི་ཚབ་ལ་བཞེངས་པའི་མགུར་དང་།  གཞན་ཞིག་ནི་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་ལ་བཞེངས་པའི་མགུར་གྱི་ནང་དུ་གསལ་ཏེ། “ཡར་མོ་ནི་ཆུ་ཐུངས་ཀྱིས།། མདོ་ནས་ནྀ་རྩང་དུ་བསྲིང་།།”ཞེས་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ཏེ་བོད་ཆེན་པོའི་ཆབ་སྲིད་རྒྱ་བསྐྱེད་པའི་དོན་ཡིན་ཞིང་།  མགུར་གཉིས་པོའི་ནང་དོན་དང་མགུར་ཚིག་གཅིག་མཚུངས་སུ་གྱུར་བས་ཕར་བལྟས་ཚོད་ལ་དེ་གཉིས་བཞེངས་པའི་དུས་ཚོད་ཤིན་ཏུ་ཉེ་བ་ཤེས་ཐུབ།“མདོ་”དང་“རྩང་”ལ་དཔལ་དོན་འགྲུབ་རྒྱལ་གྱིས་《མགུར་གླུ་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་བསྡུས་པར་སྟོན་པ་》ཞེས་པའི་ནང་དུ་“དུས་ད་ལྟ་མདོ་ནས་ཕུ་རུ་བསྲིངས།”⑦ཞེས་མདོ་དེ་ལུང་པའི་ཕུ་མདོའི་དོན་ལ་འགྲེལ་ཞིང་།  ཡར་ཀླུང་གི་ཕུ་ནས་ཕུ་མདའ་འམ་མདོ་རུ་རྒྱ་བསྐྱེད་པའི་དོན་དུ་གསུངས།   སྐུ་ཞབས་དབང་རྒྱལ་གྱིས་དམིགས་བསལ་གྱི་མིང་འགྲེལ་བྱས་མེད་ཀྱང་རྒྱ་ཡིག་ལ་བསྒྱུར་པའི་སྐབས་“自外向内深而远”⑧ཞེས་མགུར་གྱི་དོན་སྤྱིའི་ཐོག་ལ་གཞིགས་ན་ནང་ནས་ཕྱི་རུ་རྒྱ་བསྐྱེད་པ་ལྟ་བུར་འགྲེལ་བ་ལས་ཐ་སྙད་ཀྱི་ངོ་གདོང་ལ་གཏད་དེ་འགྲེལ་བཤད་མ་མཛད་པ་དེ་ཕྱི་རབས་པ་བདག་ལྟ་བུར་མཚོན་ན་བློ་ཕངས་པའི་ཡུལ་དུ་གྱུར།  སྤྱིར་ན་མདོ་ཞེས་པའི་དོན་ནི་《བོད་རྒྱ་ཚིག་མཛོད་ཆེན་མོ་》རུ། “མདོ་ནི་ཆུ་དང་ལམ་སོགས་ཀྱི་འཛོམས་འགག  ལམ་བཞི་མདོ། ལམ་མདོར་ལུས་པ།”⑨ཞེས་ལུང་བའི་ཕུ་མདའ་དང་ལམ་གྱི་བཞི་མདོ་ཙམ་མ་གཏོགས། ལོ་རྒྱུས་དང་འབྲེལ་བའི་ཐ་སྙད་ཀྱི་ཐོག་ནས་འགྲེལ་གང་ཡང་བྱས་མི་འདུག  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་“ཨ་མདོ་བྱ་བ་ནི་མདོ་བྱ་བའི་ཚིག་འདིའི་སྔོན་འཇུག་དག་པར་ཀློགས་པའི་དབང་གིས་ཨ་སྒྲ་ཞིག་སྔོན་ལ་རང་བཞིན་གྱིས་བྱུང་བ་ཙམ་ཡིན་ལ།  ཨ་མདོའི་ཡུལ་སྤྱི་ལ་སྔ་མོའི་དུས་ན་བཙོང་ཁ་བདེ་ཁམས་སུ་གྲགས་ཤིང་།  དེ་ལ་ཡང་ད་ལྟའི་ཟི་ལིང་ཕྱོགས་ཀྱི་ཡུལ་ཆ་འདི་ལ་བཙོང་ཁ་དང་།  དེའི་ལྷག་མའི་ཡུལ་ལ་བཙོང་ཁ་ཆེན་པོར་འབོད་”⑩ཅེས་ཨ་མདོ་ཞེས་པའི་སྒྲ་དེ་ཐོག་མར་མདོ་ལས་བྱུང་བ་དང་།  མདོ་ཞེས་པ་དེ་ཙོང་ཁ་བདེ་ཁམས་ཀྱི་ཡུལ་གྱི་སྤྱི་མིང་ཡིན་ཚུལ་གསལ་ཐག་ཆོད་པར་གསུངས་ལ།  ཡུལ་འདི་དག་ལ་སྔ་མོ་ནས་རྩང་ཁ་དང་། རྩང་ཁ་བདེ་ཁམས། རྩང་ཁ་ཆེན་མོ། མདོ་སྨད་སོགས་འབོད་ཚུལ་མི་མཐུན་པའི་ཐ་སྙད་དག་གནའ་བོའི་ལོ་རྒྱུས་ཡིག་ཚང་དག་ཏུ་གསལ་ལ།  མིང་དེ་དག་གི་གོ་དོན་སྤྱིའི་ཐད་ནས་འདྲ་ལ། བྱེ་བྲག་སོ་སོར་ངོས་འཛིན་ཚུལ་མི་འདྲ་བ་ཅུང་ཙམ་རེ་ཡོད་པར་སྣང་། “དེ་ནས་བོད་ཀྱི་བཙན་པོས་དམག་འབུམ་ཕྲག་གཉིས་འཁྲིད་དེ་རྒྱ་ནག་ཏུ་སླེབས།  རྒྱའི་ཞིང་ཆེན་ཟོང་ཅི་བཅོམ།”⑪(ཐང་ཡིག་གསར་རྙིང་ལས་དེ་ནས་དམག་ཁྲི་ཉི་ཤུ་དྲངས་ཏེ་སུང་ཀྲུག་བཅོམ)ཞེས་སྤྱི་ལོ་641ནས་643ཡས་མས་སུ་བཙན་པོ་སྲོང་བཙན་གྱིས་ད་ལྟའི་མདོ་སྨད་རྔ་བ་ཟངས་ཆུ་རྫོང་ཞེས་པའི་ཡུལ་དག་བོད་ཀྱི་ཆབ་འོག་ཏུ་བསྡུས་པ་དང་།“འུང་གྀ་འོག་དུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ།།  བྱང་ལམ་དུ་མ་བྱུང་མ་དྲངས་པར་རྒྱ་དང་འ་ཞས་དཔྱའ་གཅལ་ལོ།། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ།” ⑫ཞེས་སྤྱི་ལོ་643ལོར་རྒྱ་དང་འ་ཞས་ཁྲལ་འཇལ་བ་མ་ཟད་འ་ཞ་བོད་ཀྱི་འབངས་རྣལ་མ་རུ་བཀུག་པ་དང་།  བོད་ཀྱི་འབངས་རྣལ་མ་རུ་བཀུག་པའི་འ་ཞའི་འཚོ་བཞུགས་བྱེད་སའི་གནས་ཡུལ་ནི་གོང་དུ་བརྗོད་པའི་མདོ་སྨད་དང་ཙོང་ཁའི་ཡུལ་གྱི་འབྲེལ་མཚམས་ཡིན་ཞིང་། ང་ཚོས་འདི་ནས་མར་རྩིས་པའི་བགྲང་བྱ་ལྔ་བཅུ་ཡས་མས་མཚམས་སུ་མདོ་དང་འབྲེལ་བའི་ཐ་སྙད་མང་ཙམ་ཞིག་ཏུན་ཧོང་ནས་ཐོན་པའི་གཏེར་ཡིག་ལས་མཇལ་ཐུབ་པ་སྟེ།   ཤོག་དྲིལ་ཨང་རྟགས་P.t.1288དོན་ཆེན་གནད་བསྡུས་ནང་དུ་སྟག་གི་ལོ་སྟེ་སྤྱི་ལོ་692ལོ་ནས་བཟུང་ཡོས་བུའི་ལོ་སྟེ་763ལོའི་བར་བགྲང་བྱ་བདུན་ཅུ་དོན་གཅིག་གི་རིང་དུ་མདོ་སྨད་ཅེས་པའི་ཐ་སྙད་དེ་སྔ་ཕྱིར་ཐེངས་སོ་ལྔ་ཙམ་བྱུང་ཞིང་། དེ་ནི་མདོ་སྨད་ཀྱི་འདུན་མ་དང་མདོ་སྨད་ཀྱི་དགུན་འདུན།  མདོ་སྨད་ཀྱི་དབར་འདུན་ཞེས་ཡུལ་མདོ་སྨད་རང་དུ་འཚོགས་པའི་ཆབ་སྲིད་བྱ་བའི་སྒྲིག་གཞི་ཞིག་ཡིན་ལ།  འདུན་མ་ནི་མཁས་དབང་དུང་དཀར་ཚང་གིས་གསུངས་པ་བཞིན་གྲོས་མོལ་ལམ་འཇལ་དུམ་བཅས་རེ་བ་ཡོད་པའི་གྲོས་ཚོགས་ཤིག་ལ་གོ་ཞིང་། སྤྱིར་འདུན་མ་དེའི་རིགས་ལ་འདུན་མ་དང་དབར་འདུན།    དགུན་འདུན་བཅས་གསུམ་ཡོད་པའི་ཐོག   ཆབ་སྲིད་ཀྱི་སྒྲིག་གཞི་རྒྱ་ཆེར་སོང་བས་མདོ་སྨད་ཀྱི་འདུན་མ་གཏན་དུ་ཕབ་པ་དང་། མདོ་སྨད་ཀྱི་འདུན་མ་དེའང་གོང་གི་འདུན་མ་ནང་བཞིན་ལོ་ལྟར་བློན་ཆེན་པོ་ཞིག་གིས་བསྡུས་ཤིང་། འདུན་མའི་གྲོས་ཐོག་ཏུ་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་དང་འབྲེལ་བའི་གནད་དོན་མང་པོ་གྲོས་ཐག་གཅོད་ཀྱིན་ཡོད། དང་ཐོག་དགུན་གྱི་འདུན་མ་དང་དེ་ནས་རིམ་བཞིན་དབར་འདུན་བྱུང་།  བོད་ཀྱི་སྤྱི་ཚོགས་དང་མངའ་ཐང་ཡར་རྒྱས་གོང་འཕེལ་དུ་སོང་ནས་སྲིད་སྐྱོང་གི་ལམ་ལུགས་དང་སྒྲིག་གཞི་དེ་མེད་པ་ནས་ཡོད་པ་དང་།   དེ་ནས་ཇེ་རྒྱས་དང་ཇེ་ལེགས། མཐུས་ཇེ་ཚང་ཅན་དུ་སོང་ནས་མདོ་སྨད་དེ་འདུན་མ་བསྡུ་བའི་དམིགས་བསལ་གྱི་ཡུལ་དུ་བདམས་ནས་གཏན་འཁེལ་བྱས་པ་ཞིག་ཡིན་ལ།  ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་མགར་སྟོང་བཙན་ཡུལ་བཟུང་གི་སྐུ་ཚེ་སྨད་ཙམ་ནས་བཟུང་། མགར་བུ་དག་གིས་ལོ་བསྟུན་མར་བློན་ཆེན་པོའི་འགན་དབང་བཞེས་ཏེ།   ཆབ་སྲིད་དང་དམག་ཁའི་སྟོབས་ཤུགས་ཀྱང་ཡུལ་མདོ་སྨད་དུ་བསྐྱེད་པས་མདོ་སྨད་དེ་བཙན་པོའི་ཆབ་སྲིད་ཀྱི་གནས་ཡུལ་གལ་ཆེན་ཞིག་ཡིན་པར་སྙམ།  འདིར་བཤད་པའི་མདོ་སྨད་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་“ཨ་མདོའི་ཡུལ་སྤྱི་ལ་སྔ་མོའི་དུས་ན་བཙོང་ཁ་བདེ་ཁམས་སུ་གྲགས་ཤིང་།  དེ་ལ་ཡང་ད་ལྟའི་ཟི་ལིང་ཕྱོགས་ཀྱི་ཡུལ་ཆ་འདི་ལ་བཙོང་ཁ་དང་།  དེའི་ལྷག་མའི་ཡུལ་ལ་བཙོང་ཁ་ཆེན་པོར་འབོད་” ⑬ཅེས་དང་།   མཁས་པ་ལྡེའུས་“ཁམས་གསུམ་ནི། སྟོད་ཁམས་གསུམ། སྨད་ཁམས་གསུམ། དབུས་ཁམས་གསུམ་མོ། ཡང་ན་མདོ་ཁམས། བདེ་ཁམས། ཙོང་ཁམས་སོ།།” ⑭ ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཙོང་ཁ་བདེ་ཁམས་དེ་ཨ་མདོའི་ཡུལ་སྤྱི་ལ་གོ་བ་དེ་དང་འདིར་འཁོད་པའི་ཁམས་གསུམ་ནི་དོན་གཅིག་ཏུ་འཁུམས་ཏེ། མདོ་དང་བདེ།   ཙོང་གསུམ་ནི་ཙོང་ཁ་བདེ་ཁམས་དང་མདོ་ལ་རིང་མོའི་ཡུལ་གྱི་ཁྱོན་ལ་གོ་ན་དོན་དང་མཐུན་པར་སྙམ།  མགུར་དུ་དྲངས་པའི་སྤྱིར་མདོ་ཞེས་པ་དེ་མཁས་དབང་དགེ་ཆོས་དང་མཁས་པ་ལྡེའུས་གསུངས་བཞིན་ཙོང་པ་ཆེ་ཆུང་དང་ཡང་ན་ཙོང་ཁ་བདེ་ཁམས་དང་མདོ་ལ་རིང་མོའི་བར་གྱི་ཡུལ་གྱི་ཁྱོན་ཆེན་མོར་མི་གོ་བར་ས་ཆ་དེ་དག་འབྲེལ་བའི་ཡུལ་ཉི་ཚེ་བ་འགའ་ཞིག་ལ་གོ་དགོས་པར་སྙམ།

གནའ་བོའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ཏུ་མདོ་ཞེས་པའི་ཐ་སྙད་འདི་ད་དུང་རེ་འགའ་བྱུང་སྟེ།  དབོན་ཞང་མོལ་བའི་རྡོ་རིང་གི་ཡི་གེའི་འགོར་“མཇལ་དུམ་གྱི་གཙིགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ།།”⑮ ཞེས་དང་ཞོལ་རྡོ་རིང་གི་ཡི་གེའི་འགོར་“བློན་སྟག་སྒྲ་ཀླུ་ཁོང། དཀུ་རྒྱལ་གཙིགས་གནང་བའྀ་མདོ་རྡོ་རིངས་ལ་ཡྀག་གྲུ་⑯བྲིས་པའ།།” ⑰ ཞེས་རྩ་བ་དང་མ་ཡིག་གི་དོན་དུ་གོ་བ་ལས་ཡུལ་གྱི་བྱེ་བྲག་ཙམ་ལའང་གོ་མི་འདུག  མགུར་དུ་དྲངས་པའི་མདོ་ཞེས་པར་རྩ་བ་དང་མ་ཡིག་ཏུ་གོ་ན་དོན་གྱི་གོ་བ་ཡོངས་སུ་གོ་འཛོལ་བས་དེ་ལྟར་མིན་པར་རིགས་པས་ཀྱང་ཚོད་དཔག་བྱེད་ཐུབ།

མདོར་ན་《བོད་ཀྱི་ལོ་རྒྱུས་ཟིན་བྲིས་》ལས། “འདིརངའི་བསམ་ཚུལ་ལ་མདོ་ཞེས་པ་ནི་མདོ་ཁམས་ལ་གོ་ཞིང་། དེ་སྤུར་རྒྱལ་བོད་ཀྱི་ཤར་ཕྱོགས་སུ་ཡོད།།” ⑱ ཅེས་པ་ལྟར་མགུར་དུ་དྲངས་པའི་མདོ་དེ་ལུང་པའི་མདོ་དང་ཕྱི་ནང་གི་ཕྱི་ཙམ་དུ་མི་གོ་བར་ཡུལ་མདོ་སྨད་དུ་གོ་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཤིན་ཏུ་མཐུན་པར་སྙམ།

གཉིས། རྩང་།

མིང་ཚིག་འདི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་བཀོལ་བ་ཅུང་མང་། དཔེར་ན། རྩང་བོད།  རྩང་རྒྱ།  རྩང་ཆེན་གྱྀ་མངན་བཞི།  རྩང་གྱྀ་གླིང་ཀར་ཚལ།  རྩང་ཆེན་པོ།  རྩང་ཆེན་སོགས་ལྟ་བུ།  མིང་ཚིག་དེ་དག་ས་མིང་ཁོ་ནའི་ཐོག་ཏུ་བཀོལ་སྤྱོད་བྱས་པ་འདྲ་ནའང་ས་ཁུལ་གཅིག་ལ་ངེས་བཟུང་བར་མི་འདུག“མྱང་རོའི་པྱེད་ཀར་ན། རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུརུ་དང་གནང་གཉིས།”⑲ ཞེས་གཉའ་ཁྲི་བཙན་པོས་བོད་ཀ་གཡག་དྲུག་བདག་ཏུ་མ་བཟུང་བའི་ཡར་སྔོན་དུ་ཡར་ལུང་སྟོད་སྨད་བར་གསུམ་དུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་བཞི་བཅུས་དབང་བྱས་ཤིང་།  རྒྱལ་ཕྲན་ཕན་ཚུན་བར་རེ་ཕམ་རེ་རྒྱལ་གྱིས་རང་རང་གི་མངའ་ཐང་དེ་སྲུང་ནས་ཡུན་རིང་དུ་འགོར། དེའི་དུས་སུ་རྩང་གི་རྒྱལ་པོ་ཐོད་ཀར་ཞེས་བྱ་བས་ཡུལ་མྱང་རོ་ཕྱེད་ཀ་ན”⑳ མངའ་དབང་བཟུང་ཞིང་བློན་པོ་སུརུ་དང་གནང་གཉིས་ཀྱིས་རྒྱལ་པོའི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བྱ་བ་གཉེར། དེའི་རྗེས་“རྒྱལ་པོ་འདྀ་འི་རིང་ལ།།  ཁྱུང་པོ་སྤུང་སད་ཀྱིས་རྩང་བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་དེ།།   རྩང་བོད་ཁྱིམ་ཉི་གྲི།། བཙན་པོ་འི་པྱག་ཏུ་པུལ་ཏེ། ཟུ་ཙེ་གློ་བ་ཉེ་འོ།།”㉑ཞེས་སྤྱི་ལོ་དུས་རབས་དྲུག་པའི་མཇུག་གམ་བདུན་པའི་འགོ་ཙམ་དུ།  བཙན་པོ་གནམ་རི་སྲོང་བཙན་གྱི་སྐུ་རིང་ལ་བློན་ཆེན་ཁྱུང་པོ་སྤུང་སད་ཅེས་བྱ་བས་ཧྲག་དམག་གི་ཆིབས་ཁ་རྩང་བོད་དུ་དྲངས་ཏེ།  རྩང་བོད་ཀྱི་རྒྱལ་པོ་མར་མུན་མགོ་བོ་བཅད་ནས་བྲན་ཁྱིམ་ཉིས་ཁྲི་བཙན་པོའི་ཕྱག་ཏུ་ཕུལ་བ་ནས་བཟུང་། རྩང་བོད་དེ་བཙན་པོའི་མངའ་ཁོངས་ཀྱི་སྡེ་ཚོ་ཞིག་ཏུ་གྱུར། དེའི་ཡར་སྔོན་དུ་དེང་གི་གཞིས་རྩེ་ས་ཁུལ་གྱི་ཡུལ་གྱི་བྱེ་བྲག་ཅིག་ལ་རྒྱལ་པོ་མར་མུན་ཟེར་བས་རྒྱལ་ཕྲན་གྱི་རང་ཚུགས་བཟུང་ནས་འཚོ་ཡོད། “འུང་ནས། བཙན་པོ་སློན་བཙན་གྱྀས།། རྩང་བོད་ཁྱིམ་ཉི་གྲྀ།། ཟུ་ཙེ་གློ་བ་ཉེ་བ་འི་བ་དགའར་སྩལ་ཏོ།།”㉒ཞེས་རྩང་བོད་ཅེས་པའི་ཡུལ་དེ་ཁྱུང་པོ་སྤུང་སད་ཟུ་ཙེར་དཔའ་བོའི་དགའ་རྟགས་ཀྱི་དོད་དུ་གནང་བ་ནས་བཟུང་ཕྱིས་ཟུ་ཙེའི་གཞིས་ཁྱིམ་དུ་གྱུར།

གཞན་ད་དུང་“བྱྀ་བའི་ལོ་ལ་བབ་སྟེ།   བཙན་པོ་ཉེན་ཀར་ན་བཞུགས་ཤྀང་།  བློན་ཆེ་སྟོང་རྩན་གྱིས་གློ་བ་དང་རྩང་རྒྱ་བཀུག་པར་ལོག་གཅྀག་”㉓ཅེས་སྤྱི་ལོ་652ལོ་སྟེ་བཙན་པོ་མང་སྲོང་མང་བཙན་གྱི་སྐུ་རིང་ལ་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གི་ཐབས་བཀོད་ལ་བརྟེན་ནས་གློ་བོ་དང་གཙང་རྒྱ་ཞེས་པའི་ཡུལ་གྲུ་གཉིས་འབངས་སུ་བཀུག་པ་དེ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་བཙན་པོའི་ལོ་ཚིགས་སུ་གསལ་ཡང་། ཐབས་ཇི་ལྟར་སྒོས་འབངས་སུ་འགུག་པ་དང་གློ་བོ་དང་རྩང་རྒྱ་སོགས་ཡུལ་གང་གི་ཕྱོགས་སུ་ཡོད་པ་དག་ཞིབ་ཕྲ་ཞིག་འཁོད་མེད་ཀྱང་། གློ་བོ་དེ་དེང་གི་ལྷོ་པ་ཞེས་པ་ཡིན་ཚུལ་རྒན་མིག་དམར་ཚེ་རིང་སོགས་ཀྱིས་གསུངས་ལ།  དོན་དུ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་ཀློ་བ་དང་བློ་བ། ལྷོ་བ་སོགས་གང་བདེ་ལྟར་བྲིས་ཤིང་།   དེང་སང་ཀོང་པོ་ཉིས་ཁྲི་ཉེ་བའི་ས་ཆ་རྣམས་ཡིན་པར་སྣང་།   དེ་བཞིན་རྩང་རྒྱ་དེ་ཡང་ཉིས་ཁྲི་ས་ཁུལ་དང་ཉེ་བའི་ཡར་ཀླུང་གཙང་པོའི་འགྲམ་གྱི་ཡུལ་གྲུ་ཞིག་ཨེ་ཡིན་སྙམ་སྟེ།  གློ་བོ་དང་རྩང་རྒྱ་གཉིས་ལོ་གཅིག་ལ་བློན་པོ་མགར་གྱིས་འབངས་སུ་འགུག་པས་དེ་གཉིས་ཀྱི་བར་ཐག་དེ་ཙམ་ཡོད་མི་སྲིད་སྙམ། འོན་ཀྱང་།  འབུམ་རམས་པ་མཐའ་བ་བཀྲ་ཤིས་དོན་འགྲུབ་ཀྱིས་རྩང་རྒྱ་དེ་ཡར་ཀླུང་གཙང་པོའི་སྟོད་རྒྱུད་དང་མྱང་ཆུ་ནུབ་ཕྱོགས་ཀྱི་ཚོ་ཁག་དག་ཡིན་པ་བརྗོད་ལ།  རྩང་རྒྱ་ཡི་མིང་ཐོགས་ཚུལ་དང་རྩང་གི་བར་གྱི་ཁྱད་པར་སོགས་ནི་དགེ་ཆོས་ཀྱིས་གསུངས་པ་བཞིན་ལོ་ངོ་ཉིས་སྟོང་ཡར་སྔོན་དུ་འཚོ་བའི་མེས་པོ་འདྲ་ཡོད་ན་མ་གཏོགས་འདིའོ་ཞེས་ཁ་ཚོན་གཅོད་པར་ཤིན་ཏུ་དཀའ།

འོ་ན་རྩང་ཆེན་པོ་དང་རྩང་ཆེན་ཞེས་པ་ཡུལ་གང་ལ་གོ་དགོས་ཤེ་ན། དེ་ནི་ལས་སླ་མོ་ཞིག་སྟེ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་བོད་དང་བོད་ཆེན་པོ།  རྩང་བོད་དང་རྩང་ཆེན་པོ།  ཙོང་ཁ་དང་ཙོང་ཁ་ཆེན་པོ་སོགས་རིགས་འདྲ་བའི་ཐ་སྙད་མང་པོ་བྱུང་ཞིང་།  མཁས་དབང་དགེ་འདུན་ཆོད་འཕེལ་གྱིས“རྒྱལ་པོའི་འབངས་སུ་ཡོད་པའི་མངའ་རིས་ཙམ་ལ་བོད་དང་། དེའི་ལྷག་མའི་ཡུལ་རྣམས་ལ་བོད་ཆེན་པོར་འབོད་པ་”དང་།   “ད་ལྟའི་ཟི་ལིང་ཀྱི་ཕྱོགས་ཀྱི་ཡུལ་ཆ་འདི་ལ་བཙོང་ཁ་དང་།  དེའི་ལྷག་མའི་ཡུལ་ལ་བཙོང་ཁ་ཆེན་པོར་འབོད་”㉔ཅེས་གསུངས་པར་རིགས་པས་དེད་ན་གོང་གི་རྩང་བོད་དང་རྩང་རྒྱ།  རྩང་ཆེན་པོ་ཞེས་པའི་ས་མིང་དག་གི་དོན་དགྲོལ་ཐུབ་སྟེ། རྒྱལ་པོ་མར་མུན་གྱིས་བདག་གིས་བཟུང་བའི་ཡུལ་རྩང་བོད་ནི་ད་ལྟའི་གཙང་ཁུལ་ཡུལ་གྱི་བྱེ་བྲག་ཅིག་ལས་ཡུལ་གྱི་ཁྱོན་ཡོངས་ལ་མི་གོ་ཞིང་།   རྒྱལ་ཕྲན་རྩང་བོད་བྱ་བ་སྤུ་རྒྱལ་བཙན་པོའི་མངའ་འོག་གི་སྡེ་ཚོ་ཞིག་ཏུ་གྱུར་རྗེས། སྐབས་དེའི་གཙང་ཁུལ་ཡར་ཀླུང་གཙང་པོའི་ལྷོ་བྱང་བརྒྱུད་ཀྱི་ས་ཁུལ་རྣམས་སུ་རྒྱལ་ཕྲན་གྱི་རྣམ་པ་ལྡན་པའི་སྡེ་ཚོ་འགའ་ཞིག་ཡོད་པ་རྣམས་ཀྱང་མགྱོགས་མྱུར་བོད་བཙན་པོའི་མངའ་རིས་སུ་འགྱུར་རྒྱུར་རྨང་གཞི་གཏོང་ཐུབ་པ་བྱུང་ཡོད། སྤྱི་ལོ་དུས་རབས་བདུན་པའི་དུས་འགོར། གཙང་ཁུལ་ཡར་ཀླུང་གཙང་པོའི་ལྷོ་བྱང་བརྒྱུད་ཀྱི་རྒྱལ་ཕྲན་རྣམས་སྤུ་རྒྱལ་བཙན་པོའི་མངའ་འོག་ཏུ་གཏོགས་ཏེ་གཅིག་གྱུར་རང་བཞིན་ལྡན་པའི་ཡུལ་ཆེན་ཞིག་ཏུ་གྱུར་རྗེས།  ཡུལ་གྱི་བྱེ་བྲག་པའི་མིང་ཡུལ་སྤྱི་ལ་འདོགས་པའི་སྲོལ་ལྟར་གཙང་ཁུལ་ཁྱོན་ཡོངས་ཀྱི་སྤྱི་མིང་དུ་“རྩང་”ཞེས་རིམ་བཞིན་འཇགས་པར་མངོན་ལ།  ཡུལ་ཆེན་དེའི་གཅིག་གྱུར་གྱི་རྣམ་པ་གསལ་ཐོན་ཡོང་ཕྱིར་“རྩང་ཆེན་”ནམ་“རྩང་ཆེན་པོ་(ཕོ)”ཞེས་པའི་འབོད་སྲོལ་དང་འབྲི་སྲོལ་དེ་བྱུང་འདུག㉕    དེ་བས་བཙན་པོ་གནམ་རི་སྲོང་བཙན་གྱི་སྐུ་རིང་ལ་འབངས་རྣལ་མར་འགུགས་པའི་རྒྱལ་པོ་མར་མུན་གྱིས་བདག་ཏུ་བཟུང་པའི་རྒྱལ་ཕྲན་ལ་རྩང་བོད་དང་རྗེས་སུ་རྩང་རྒྱ་སོགས་བཙན་པོའི་མངའ་འོག་ཏུ་བསྡུས་པའི་ཡར་ཀླུང་གི་ལྷོ་བང་རྒྱུད་ཀྱི་རྒྱལ་ཕྲན་དག་ལ་རྩང་ཆེན་པོར་འབོད། 《ཏུན་ཧོང་གཏེར་ཡིག་དོན་ཆེན་གནད་བསྡུས་》ནང་དུ་འཁོད་པའི་རྩང་ཆེན་གྱྀ་མངན་བཞི། རྩང་གྱྀ་གླིང་ཀར་ཚལ་སོགས་ཀྱང་ས་ཆ་དེ་དག་ལས་བྱེ་བྲག་གི་ཡུལ་འགར་ངོས་འཛིན་ནུས།  མ་ཟད་“རྩང་”ཡིག་དེ་ཞྭ་ལྷ་ཁང་གི་རྡོ་རིང་གཉིས་པའི་ངོས་སུ་“གཙང་”ཞེས་ཐོག་མར་བྲིས་འདུག་ཅིང་། སྐད་ཡིག་འཕེལ་རིམ་གྱི་ལོ་རྒྱུས་ཁྲོད་རྩང་ཞེས་པའི་ཐ་སྙད་དེ་རིམ་བཞིན་ཉམས་ཏེ་བག་ལ་ཞ་ནས་ད་ལྟ་བོད་བྱིངས་ཀྱིས་གཙང་ཞེས་པའི་ཐ་སྙད་འདི་ཁོ་ན་བཀོལ་བཞིན་ཡོད། གཙང་ལ་གཡས་རུ་དང་རུ་ལག  དབུས་ལ་དབུ་རུ་དང་གཡོ་རུ།  ཡན་ལག་གསུམ་པའི་རུ་སྟེ་ལྔར་ཕྱེ།㉖  ཞེས་བོད་ཡུལ་རུ་ལྔ་ཕྱེ་བའི་སྐབས་གཙང་གི་ས་ཁྱོན་ནི།  ཤར་པྲགས་ཀྱི་གླང་མ་གུར་ཕུབ། ལྷོ་གཉའ་ནི་གཡག་པོའི་སྣ། ནུབ་བྱེ་མ་དགུ། བྱང་སྨྲི་ཏི་ཆུ་ནག་ཤངས་ཀྱི་ཞོང་པ་ཚལ་དང་།  ཤར་གྱི་འཇམ་ན་བཀྲ།  ལྷོ་བལ་པོ་གླང་སྣ།  ནུབ་ལ་ཀེམ་གཡག་མིག བྱང་བྱེ་མ་ལ་སྔོན་དབུས་བྲད་ཀྱི་དུར་པ་སྣ་ལ་ཞེས་《ཆོས་འབྱུང་མཁས་པའི་དགའ་སྟོན་》 དུ་གཙང་གི་ས་ཆའི་ཁྱོན་ངོ་སྤྲོད་མདོར་བསྡུས་བྱས་པར་དེང་ས་ངོ་ཆུ་ངོ་རེ་རེ་བཞིན་དུ་དོན་གྱི་གནད་འཁེལ་བ་ཞིག་ངོས་འཛིན་པར་དཀའ་ཡང་།  དེ་ནི་ད་ལྟའི་གཙང་ཁུལ་ཞེས་གཞིས་རྩེ་ས་ཁུལ་གྱི་ལྟེ་བར་གྱུར་བའི་ཡར་ཀླུང་གཙང་པོའི་འགྲམ་ངོགས་ཀྱི་ཡུལ་སྡེ་དག་ཡིན་པར་སྙམ། རྒན་མིག་དམར་ཚེ་རིང་ལགས་ཀྱིས་དེ་ཡང་གཙང་བྱ་བའི་ཡུལ་ནི་ལོ་རྒྱུས་ཐོག་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་བར་དབུས་གཙང་གཉིས་ལས་གཙང་ཞེས་པ་དེ་ཡིན་པ་དང་།  དེང་སྐབས་སྤྱིའི་ཆར་བོད་ལྗོངས་གཞིས་རྩེ་ས་གནས་ཀྱི་མངའ་ཁོངས་རྣམས་ཡིན་ཞིང་བོད་ཀྱི་ལྷོ་ནུབ་མཚམས་སུ་གནས་ཡོད”㉗ཅེས་པ་ནི་རྣག་ཐོག་གི་འབིགས་ལྟར་མཁས་པའི་བསྡོམས་ཚིག་ཡིན་ནོ།། དེས་ན་མགུར་གྱི་ནང་དུ་བྱུང་བའི་“རྩང་”དེང་གི་གཞིས་རྩེ་ས་ཁུལ་དང་འབྲེལ་བའི་ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ་འཚོ་བའི་ཡུལ་སྡེ་ཆེན་མོའམ།  ཡང་ན་དེ་ལས་ཅུང་ཆུང་བའི་རྒྱལ་པོ་མར་མུན་གྱིས་བདག་ཏུ་བཟུང་བའི་རྩང་བོད་དང་འབྲེལ་བའི་གཙང་ཁུལ་གྱི་ཡུལ་གྲུ་འགའ་ཞིག་ལ་གོ་ན།  ལོ་རྒྱུས་ཐོག་གི་གནས་ཚུལ་དངོས་དང་མཐུན་པར་མ་ཟད་མགུར་ཚིག་གོང་འོག་སྦྲེལ་བར་ཡང་ལྷག་ཏུ་མཐུན་ཏེ།  བོད་བཙན་པོའི་གཞིས་ཁྱིམ་ཡར་ལུང་ཐོག་མར་དཀྱུས་ཆུང་ཡང་། ཕྱིས་ནུབ་གཙང་ཡུལ་ནས་ཤར་མདོ་སྨད་བར་དུ་རྒྱ་བསྐྱེད་པ་དང་།  ཡུལ་ཡར་ལུང་དང་ཐོག་སྲེད་ཆུང་ཡང་།  ཕྱིས་ལྷོ་ནས་བྱང་དུ་རྒྱ་རུ་བསྐྱེད་ཅེས་བཙན་པོ་སྲོང་བཙན་སྒམ་པོའི་ཆབ་སྲིད་ཀྱི་ཆིབས་ཁ་ཤར་ལྷོ་ནུབ་བྱང་སྟེ་ཕྱོགས་བཞི་མཚམས་བརྒྱད་དུ་རྒྱ་བསྐྱེད་པའི་དོན་ནོ།།

དེ་བཞིན་མགུར་དུ་དྲངས་པའི་“མདོ་”དེ་ཤར་གྱི་མདོ་སྨད་དང་།  “རྩང་”དེ་ནུབ་ཀྱི་གཙང་ཁུལ་དུ་གོ་ན་འོག་གི་མགུར་དུ་དྲངས་པའི་“ལྷོ་ནས་ནྀ་བྱང་དུ་བསྐྱེད་”ཅེས་པའི་ལྷོ་བྱང་དང་གོང་གི་ཤར་ནུབ་གཉིས་ཚིག་གི་སྒྲིག་སྟངས་དང་མཐུན་ལ་དོན་གྱི་ཐོག་ཏུའང་དེ་ལྟར་དབབ་པ་འདྲའོ།།

བཞི་པ། མགུར་ལས་བྱུང་བའི་མནའ་ཚིག་གི་སྐོར།  

“ཡུ་བུ་ནྀ་རྗེ་དང་བློན།།    རྗེ་འིས་ནྀ་འབངས་མ་གཏང་།། རྗེ་འིས་ནྀ་འབངས་བཏང་ན།། གནམ་མཐའྀ་ནི་སྲུང་དུ་རུང་།། འབངས་ཀྱིས་ནི་རྗེ་མ་གཏང་།། འབངས་ཀྱིས་ནི་རྗེ་གཏང་ན།། ངས་པོ་ནི་རྨད་དུ་རུང་།།”

སྲོང་བཙན་སྒམ་པོས་བཞེངས་པའི་མགུར་གྱི་སྨད་ཙམ་ན།  རྒྱལ་བློན་བར་དུ་མནའ་ཚིག་བརྟན་པོ་བཙུགས་ཡོད། སྤྱིར་བཏང་མགུར་གྱི་ཕྱི་ཚུལ་ལམ་ཚིག་གི་ངོ་གདོང་ཙམ་ལ་བལྟས་ན།   རྗེ་བློན་བར་རྒྱུན་ལྡན་གྱི་བློ་མི་ལོག་པའི་དམ་བཅའ་ལྟ་བུར་སྣང་ཡང་།   དོན་དུ་མགུར་དུ་དྲངས་པའི་འབངས་དེར་སྒྲ་ཡངས་དོག་གཉིས་ལ་འཇུག་སྟེ། ཡངས་འཇུག་གི་སྐབས་སུ་རྗེ་བོ་མན་གྱི་བློན་རིམ་གྲས་དང་ལས་ཞུགས་པ་རིམ་གྲས།  གསར་དུ་བསྡུས་པའི་རྒྱལ་ཕྲན་ཁག་གི་འབངས་སྡེ་སོགས་རྒོད་གཡུང་དབྱེར་མ་མཆིས་པའི་ཆེན་པོ་བོད་ཀྱི་མངས་ཁོངས་སུ་གཏོགས་པའི་འབངས་ཡོངས་ལ་གོ་ཞིང་། དོག་འཇུག་གི་སྐབས་སུ་བོད་གོང་བུ་གཅིག་གྱུར་ལེགས་འགྲུབ་བྱུང་མ་ཐག་གི་མཚམས་སུ་ཁེལ་བའི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན།  ནང་གི་ཁབ་སོ་དང་ཕྱིའི་རུ་སྡེ།  ཕྱོགས་མཚམས་ཀྱི་ས་སྲུང་སོགས་ཀྱི་སྒྲིག་གཞི་འཐུས་ཚང་ཞིག་གཏན་དུ་མ་འཁེལ་བ་དང་། རྒྱལ་བློན་བར་དང་བློན་འབངས་གསར་རྙིང་བར་གྱི་འགྲིག་མཐུན་བརྟན་པོ་ཞིག་མིན་ཕྱིར།  བོད་ཀྱི་ཆབ་སྲིད་སྲ་བརྟན་ཡོང་བར་ཁ་ཚ་དགོས་གཏུགས་ཀྱིས་གདོང་དུ་གཏད་པའི་བྱ་བ་ནི་རྗེ་འབངས་ཕན་ཚུན་བར་རྡོག་རྩ་གཅིག་སྒྲིལ་གྱི་མཐུན་སྒྲིལ་དེ་ཡིན་ཞིང་།   བླ་ན་རྗེ་དང་འོག་ན་བློན་གཉིས་ནི་གསར་དུ་བཙུགས་པའི་བོད་ཀྱི་ཆབ་སྲིད་ཀྱི་བྱ་བ་ལ་ཐོག་མཐའ་བར་གསུམ་དུ་མེད་ན་ཐབས་མེད་གྱུར་བའི་མི་བུ་གཉིས་ཡིན་ཕྱིར།  ཕ་བུ་བར་མནའ་བཞག་དེ། དགོས་པ་མེད་ཀྱང་ནན་ཏན་ཞེས་པ་ལྟར་ཕན་ཚུན་བློ་མི་ལོག་པའི་དམ་བཅའ་དེ་དགོས་པ་དུ་མའི་དབང་གིས་དམིགས་སུ་བཞག་པ་ཞིག་ཡིན།

བོད་ཀྱི་ལོ་རྒྱུས་དེབ་ཐེར་ལས་རྒྱལ་བློན་བར་དང་བློན་གྱི་བར། རྗེ་འབངས་བར་དུ་ཕན་ཚུན་གློ་མི་རིང་བར་མནའ་སྐྱེལ་ཐོ་འཛུགས་པའི་སྲོལ་སྔ་མོ་ནས་དར་ཞིང་། དུས་སྐབས་སོ་སོའི་བོད་ཀྱི་སྤྱི་ཚོགས་ཐོག་གོ་གནས་གལ་ཆེན་བཟུང་ཡོད།  འདིར་བོད་ཀྱི་མནའ་སྐྱེལ་སྲོལ་དེ་དུས་ནམ་ཞིག་ནས་མགོ་ཚུགས་པར་གསལ་བོ་ཞིག་ཁ་ཚོན་གཅོད་མི་ནུས་ཀྱང་།  གྲི་གུམ་བཙན་པོ་སྐུ་རིང་དུ་རུ་ལས་སྐྱེས་ཀྱིས“མྱིག་བྱ་མྱིག་དང་མཚུངས་འོག་ནས་ཡར་དུ་འགེབས་པ་གཆིག་འདུག་ནས། དེ་བླུ་ན་ཇི་འདོད་ཅེས་མ་ལ་དྲིས་ན། མ་ན་རེ་གཞན་མྱྀ་འདོད། ནམ་ནམ་ཞར་ཞར། བཙན་པོ་རྗེ་དབྱལ་ཞིག་ནོངས་ན།  ཐོར་ཏོ་འཕྲེན་མོ་ནི་བཅིངས། ངོ་ལ་མཚལ་གྱིས་བྱུགས། ལུས་ལ་ནི་བཞགས་། བཙན་པོ་འི་སྤུར་ལ་ནྀ་འཚོག་མྱྀ་ལ་འཕྲོག་ཕོམ་།  ཟས་ལ་ནྀ་ཟ་འཐུང་།  དེ་ལྟར་བྱ་འམ་མྱི་བ་ཞེས་མཆི་ནས།  དེ་བཞིན་བགྱི་བར།  མནའ་མཆད་མཐོལ་བཆད།  དམ་བགྱྀས་ཚིག་བགྱིས་།། ཆོ་མྱྀ་བ་འི་བུ་མོ་ཁྲིད་དེ་སོང་ངོ་།།”㉘ཞེས་པ་ནི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་ཚང་ཁྲོད་འཁོད་པའི་མནའ་སྲོལ་དང་འབྲེལ་བའི་ཡིག་ཆ་ཐོག་མར་རྩིས་ཆོག་ལ།  གོང་གི་ནང་དོན་དག་ཇི་བཞིན་འགྲེལ་མི་ནུས་ཀྱང་།    བྱ་མིག་ཅན་གྱི་བུ་མོ་དེ་བསླུ་བའི་ཡོན་ནི་བཙན་པོ་རྗེ་དང་བཙུན་མོ་གང་རུང་ཞིག་སྐུ་གཤེགས་པའི་སྐབས།   ཐོར་ཅོ་ཕྲ་མོ་སྟེ་གཙུག་ཕུད་བཅིངས།  ངོ་ལ་མཚལ་དམར་པོ་བྱུག ལུས་ལ་རྒྱན་བཏགས། བཙན་པོའི་སྐུ་གདུང་སྲུང་བར་མི་འཕྲོག་པ། ཟས་ནི་བཟའ་རྒྱུ་ཡོད་པ་ཞིག་བའོ་ཞེས་མནའ་སྐྱེལ་ཐོ་བཙུགས་སོ།།  དེས་གྲི་གུམ་བཙན་པོའི་སྐུ་རིང་དུ་བོད་ལ་མནའ་སྲོལ་ཡོད་པ་རྟོགས་ཐུབ་ལ།  མནའ་སྲོལ་དེ་གོང་གི་དཔོན་དང་འོག་འབངས་དཀྱུས་མ་བར་དར་ཁྱབ་ཆེ་བ་ལ་གཞིག་ན་མནའ་སྲོལ་ནི་གྲི་གུམ་བཙན་པོ་དང་དེའི་ཡར་སྔོན་ཞིག་ནས་བོད་ཀྱི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ལྷག་ཏུ་ཤེས། “རྗེ་བློན་རྣམས་མནའ་མཆེད་བསྒྲིགས།  མི་ལྔ་དྲུག་ཙམ་གྱིས་ལྷན་ཅིག་དབུ་སྙུང་བོ་མནའ་འབོར། རྗེ་བོ་བཀྲོངས་ཚེ་དེ་རྣམས་ཀྱང་རང་སྲོག་བཅད་དེ་རྗེ་དང་དུར་ཁུང་གཅིག་ཏུ་སྦ།་”㉙ཞེས་པས་མནའ་སྲོལ་དེ་བོད་ཀྱི་སྤྱི་ཚོགས་སྟེང་དུ་མ་ཟད།    བོད་བཙན་པོའི་དུས་སྐབས་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་གལ་ཆེན་ཞིག་ཡིན་ལ་བྱེད་ནུས་ཀྱང་བླ་ལྷག་ཏུ་མཐོའོ།།   དེ་ཡང་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》 དང་ 《རྒྱ་བོད་ལོ་རྒྱུས་ཡིག་ཚང་ཆེན་མོ་》སོགས་སུ་བཙན་པོ་འབྲོ་གཉན་ལྡེ་རུ་ཀླུ་ནད་ཕོག་པར་མཆིམས་བཟའ་ཀླུ་རྒྱང་ངན་བུ་དང་བློན་གཉག་ཐང་སྤངས་གཉིས་བཙན་པོ་དང་མཉམ་དུ་གསོན་དུར་ལ་བཞུགས་དགོས་བྱུང་བ་དེ་གོང་གི་ཐང་ཡིག་ལས་འཁོད་པའི་ཚིག་དུམ་དང་སྦྱར་ཚེ་མནའ་བོར་བའི་སྲོལ་དང་འབྲེལ་བ་ཡོད་པ་ཞོར་དུ་ཤེས་སོ།། “རྗེ་བློན་རྣམས་ཀྱིས་ལོ་རེར་འདུན་མ་ཆུང་ཆུང་ངུ་རེ་བསྡུ།  དེ་དུས་ལུག་ཁྱི་སྤྲེལ་གསུམ་དམར་མཆོད་བྱེད།   ལོ་གསུམ་ན་འདུན་མ་ཆེ་རེ་བསྡུ།     མཚན་གུང་ལ་མཆོད་དངོས་རྣམས་སྟེགས་སུ་བཤམས་ཏེ།  མི་རྟ་གཡག་གསུམ་དང་བོང་བུ་སོགས་དམར་མཆོད་དུ་འབུལ།  སྲོག་ཆགས་དེ་དག་གི་རྐང་ལག་འབྲེག  དོན་སྣོད་མདུན་དུ་སྤུངས་ཏེ་བནྡ་ཞིག་གིས་གལ་ཏེ་འདུན་མ་དང་འགལ་ན་སྲོག་ཆགས་འདི་རྣམས་བཞིན་དུ་མི་བགྱིད་རི་ཞེས་མནའ་འདོར་རོ་།།”㉚ཞེས་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། ཁྲིམས་ལུགས། རིག་གནས་ལ་ཞིབ་གཤེར་དང་རྒྱལ་སྲིད་ཀྱི་ཁེ་ཕན་གྱི་གལ་ཆེའི་གནད་དོན་སྐོར་གྲོས་བསྡུར་དང་གཏན་འབེབས་གནང་བར་རྒྱལ་བློན་རྣམས་ལོ་རེ་ལ་འདུན་མ་ཆུང་བ་རེ་དང་ལོ་གསུམ་རེའི་མཚམས་སུ་འདུན་མ་ཆེན་པོ་རེ་འཚོགས་པ་དང་། འཚོགས་ཐོག་ཏུ་ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་གི་དཔེ་ལྟར་རྒྱལ་བློན་རྣམས་འདུན་མ་ཆེ་ཆུང་ལྟར་མནའ་སྐྱེལ་ཐོ་བཙུགས་ཀྱི་བ་རིམ་མི་འདྲ་བ་སྤེལ་བ་དང་།   སྐུ་བོན་ཞིག་གིས་མནའ་བོར་བའི་ཆོ་གའི་མདོ་འཛིན་བྱེད་སྲོལ་ཡོད་པ་འདུག   ཕྱིས་མང་སྲོང་མང་བཙན་གྱི་སྐུ་རིང་དུ་ཆབ་སྲིད་བྱ་བའི་སྒྲིག་གཞིའི་དགོས་དབང་གིས་སྔོན་གྱི་འདུན་པའི་རྨང་གཞིའི་ཐོག་དབར་འདུན་དང་དགུན་འདུན། དེ་ནས་རིམ་བཞིན་མདོ་སྨད་ཀྱི་འདུན་མ་སོགས་རྒྱ་ཆེར་འཕེལ་ཞིང་། འདུན་མ་དེ་དང་འབྲེལ་བའི་དབུ་སྙུང་བའི་རིག་གནས་ཀྱང་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད། དོན་ངོ་མ་བཤད་ན་འདུན་མ་ནི་ཆབ་སྲིད་བྱ་བའི་སྒྲིག་གཞིའམ་གནད་དོན་གལ་ཆེན་དག་གཏན་འབེབས་དང་ཐག་གཅོད་བྱ་བར་མེད་དུ་མི་རུང་ཞིང་།   འདུན་མ་དེ་ལེགས་འགྲུབ་བྱུང་མིན་མཐར་གཏུགས་ན་མནའ་དམ་ཐོ་བཙུགས་ཀྱི་བྱ་བ་ལ་རག་ལས་ཡོད་ཕྱིར།   མནའ་སྲོལ་ནི་བོད་བཙན་པོའི་རྒྱལ་རབས་རིམ་བྱུང་སྐབས་གོ་གནས་གལ་ཆེན་བཟུང་ཡོད་དེ།  བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ལས་ཅུང་ཞིག་སྨོས་ན།

གཅིག “འུང་ནས། མྱང་དབའས་གཉྀས་ཟིང་བོ་རྗེ་ལས་འཁུས་ཏེ།།  བཙན་པོ་སྤུ་རྒྱལ་ལ་གློ་བ་ཉེ་བར་བྱས་ནས། མནའ་མཐོའ་ཡང་ཆེར་བཆད་དོ།། འུང་གྀ་འོག་དུ་དབའས་དབྱི་ཚབ་ཀྱིས།། ཞང་པོ་མནོན་བཟང་ཏོ་རེ་སྲོན།། བློ་ལ་བཏགས་ཏེ།། མནའ་མཐོ་བཆད་པ་ལས།། བཟང་ཏོ་རེ་ཤི་ནས།  བུ་པང་སུམ་འདྲོན་པོ།།  ཟྀང་པོ་རྗེ་འི་ནང་ཀོར་བྱེད་པ་བློ་ལ་བཏག སྟེ་མནའ་མཐོའ་བཆད་དོ།། མྱང་སྨོན་ཏོ་རེས་ཚེས་པོང་ནག་སེང་བློ་ལ་བཏགས་ཏེ། མནའ་མཐོ་བཆད་དོ།......མྱང་དབའས་མནོན་དང་གསུམ།། བྲོ་ལེན་ཆིང་མཁར་པྱིང་བར་མཆྀས་ནས།། ཉིན་ཞིང་ནྀ་ཕག་ཚལ་གྱི་ཤིང་ཁུང་ན་སྐུགསོ།། མཚན་ཞིང་ནྀ་པྱིང་བར་མཆིསྟེ།། དབུ་སྙུང་བྲོ་མནའ་གཅོད་པ་འི་ཚེ།།”㉛ ཞེས་མྱང་དབའས་མནོན་གྱིས་དགུ་གྲི་ཟིང་པོ་རྗེ་ལ་བློ་ལོག་སྟེ།  རྗེ་བདེན་གྱིས་ནི་བཀོལ་ན་འདོད་པ་དང་། སྒ་བདེན་གྱིས་ནི་བསྟད་ན་དགའ་བའི་ཁ་མཐུན་ཏེ། ཐོག་མ་མི་རེ་རེ་བཞིན་ཕན་ཚུན་བར་བྲོ་བོར་བ་དང་དེ་རྗེས་མཚན་མོ་ཕོ་བྲང་ཕྱིང་བ་སྟག་རྩེ་རུ་གསང་བས་སོང་སྟེ།  རྒྱལ་པོ་སྟག་བུ་སྙ་གཟིགས་ལ་གློ་བ་ཉེ་བ་དང་ཟིང་པོ་རྗེ་རྒྱབ་ཏུ་བོར་བའི་ཚུལ་བྲོ་མནའ་བོར།  འདིས་མནའ་སྲོལ་གྱི་རིག་གནས་དེ་སྤུར་རྒྱལ་གྱི་མངའ་ཁོངས་ཙམ་མ་ཡིན་པར་ལྷ་སའི་སྐྱིད་ཤོད་དང་མལ་གྲོ་གུང་དཀར་གྱི་ས་ཁུལ་དག་ལ་དེ་བཞིན་དར་ཞིང་། ཕལ་ཆེར་ཡར་ལུང་གཙང་བོའི་ཉེ་བའི་ཡུལ་གྱི་ཁྱོན་རྣམས་སུ་མནའ་སྐྱེལ་བའི་སྲོལ་ལུགས་ཡོད་པ་འདྲ།

གཉིས། “དེང་ཕན་ཆད། ཟིང་པོ་རྗེ་རྒྱབ་ཏུ་མྱྀ་དོར་རེ།  སྤུ་རྒྱལ་པང་དུ་མི་ལེན་རེ།  བཙན་པ་སྤུ་རྒྱལ་ལ་གློ་འདྲྀང་རེ། མཐང་གྲང་རེ། མན་ངག་ཐུབ་པར་མྱི་འཚལ་རེ།།  བཙན་པོ་སློན་བཙན་གྱིས།།  བཀའ་ཇྀ་སྩལ་ད་པ་བཞྀན་མྱི་ཉན་རེ། གཞན་སུས་བསླུས་ཀྱང་ཉན་རེ་བར་བྲོ་སྩལ་ཏོ།། མྱང་ཙེང་ཅུང་དང་། མྱང་མུ་གསེང་དང་། ཚེས་པོང་ན་གུ་དང་།   དབའས་མྱེས་སྣང་། དབའས་པུ་ཚབ་རྣམས་བྲོ་ལ་གཐོགསོ།།” ㉜ ཞེས་པའི་བྲོ་བོར་སྟངས་ཀྱི་ངོ་མཚར་བ་ཞིག་ནི་དགག་སྒྲའི་མཚམས་ཀྱི་བྱ་ཚིག་གི་མཇུག་ཏུ་ངེས་ཚིག་སྟོན་པའི་རེ་ཡིག་ཅིག་བསྣན་ཚེ་དགག་སྒྲ་མ་ཡིན་པར་འགྱུར་པ་དང་།  བྱ་ཚིག་དཀྱུས་མའི་ཚིག་གྲོགས་ལ་ངེས་ཚིག་སྟོན་པའི་རེ་ཡིག་དང་སྦྱར་ན་དགག་སྒྲ་རུ་འགྱུར་འགྲོ།   སྐད་ཆ་བཤད་སྟངས་འདི་ད་ལྟའང་ཁམས་ཡུལ་ཤུལ་ས་ཁུལ་དུ་བཀོལ་བཞིན་ཡོད།

གསུམ།  “ཁྱོད་ཀྱིས་ནྀ་ང་མ་གཏང་།།  ང་འིས་ནི་ཁྱོད་མྱྀ་གཏང་།།  ང་འྀས་ནི་ཁྱོད་གཏང་ན།།  དགུང་མཐའྀ་ནི་སྲུང་དུ་རང་།། ཁྱོད་ཀྱིས་ནྀ་ང་གཏང་ན།། ངས་པོ་ནྀ་སྨད་དུ་རུང་།།”㉝ འདི་ནི་སྲོང་བཙན་གྱིས་བློན་བྱས་རྗེས་ཅན་དབའས་དབྱི་ཚབ་ལ་བཞེངས་པའི་མགུར་གྱི་མཇུག་གི་གཏམ་ཡིན་ཞིང་།  མགུར་འདི་ནི་དབའས་དབྱི་ཚབ་ནི་བོད་བཙན་པོ་སྐུ་རིང་གསུམ་གྱི་རིང་བཙན་པོའི་ཆབ་སྲིད་ཀྱི་བཀའ་ཅི་ལྕོགས་བགྱིས་ཤིང་། མྱང་ཞང་སྣང་སོགས་དང་མི་འདྲ་བ་ཐོག་མཐའ་བར་གསུམ་དུ་བཙན་པོར་བློ་སེམས་རབ་ཏུ་དཀར་བས།  བཙན་པོ་སྲོང་བཙན་སྒམ་པོས་ཀྱང་ལོ་ན་བགྲེས་པའི་བློན་པོས་བཏོན་པའི་རེ་བ་ཇི་བཞིན་བསྐངས་ཏེ།  དབྱི་ཚབ་ཀྱི་བུ་ཚ་ལ་མ་ཉེས་མ་གཡོག་དང་ཕྲ་མ་མི་གསན་པ།  བུ་ཚ་གཅིག་ལ་གསེར་གྱི་ཡི་གེ་ལས་མི་སྨད་པ་བསྩོལ་བ་སོགས་རི་ཚིག་བཅུ་གཉིས་ཏེ་དོན་ཚན་བཅུ་གཉིས་བདག་ཉིད་ཅན་གྱི་གཟིགས་སྐྱོང་གནང་སྟེ་རྗེ་བློན་བདུན་གྱིས་དབུ་སྙུང་གནང་། དབྱི་ཚབ་ཀྱི་ཕ་སྤད་བདུན་གྱིས་ཀྱང་བཙན་པོ་ལ་གློ་བ་མི་རིངས་པའི་མནའ་གན་ཕུལ།  མགུར་འདི་བཙན་པོ་རྗེ་བློན་དང་དབའས་དབྱི་ཚབ་ཕ་སྤད་བར་མནའ་གན་ཕུལ་རྗེས་བླངས་པ་དང་། ནང་དོན་ལ་ཕན་ཚུན་གཅིག་གིས་གཅིག་ལ་བློས་མི་བཏང་བའི་དམ་བཅའ་བཙུགས་པ་དེ་རེད།

“རྗེ་འིས་ནྀ་འབངས་མ་གཏང་།།  རྗེ་འིས་ནྀ་འབངས་བཏང་ན།།  གནམ་མཐའྀ་ནི་སྲུང་དུ་རུང་།། འབངས་ཀྱྀས་ནི་རྗེ་བཏང་ན།། ངས་པོ་ནི་རྨད་དུ་རུང་།།”㉞ ནང་དོན་ཕལ་ཆེར་གོང་དང་འདྲ་ལ། འདིའི་སྐོར་གོང་ན་ཞུས་ཟིན་པས་འདིར་དམིགས་སུ་ཞུ་བའི་དགོས་པ་ཆུང་། དབའས་དབྱི་ཚབ་དང་མགར་སྟོང་བཙན་གྱི་མགུར་གཉིས་གང་ལ་བལྟས་ཀྱང་འདྲ་ས་ཞིག་ཡོད་པ་ནི་རྒྱལ་བློན་བར་མནའ་གན་བཞག་པ་དེ་རེད།  དེས་ན་སྲོང་བཙན་སྒམ་པོས་བློན་བྱས་རྗེས་ཅན་ལ་ཐོབ་དང་འབངས་འཁོར་སོགས་གང་ཅིའི་ཐད་དམིགས་བསལ་གྱི་གཟིགས་སྐྱོང་གནང་བ་དང་།  ལྷག་ཏུ་བློན་བྱས་རྗེས་ཅན་དེ་དག་ལ་དམིགས་སུ་མནའ་འབྲེལ་བཙུགས་ཏེ་ཆབ་སྲིད་སྲ་བརྟན་དུ་བཏང་། དེ་འདྲ་དབུ་སྙུང་བྲོ་བོར་བའི་དགོས་པ་གཞན་ཞིག་ནི། སྲོང་བཙན་གྱིས་བཙུགས་པའི་བཙན་པོའི་རྒྱལ་རབས་ནི་སྔོན་ཡབ་ཀྱི་རིང་དུ་བློ་ལོག་པའི་རྒྱལ་ཕྲན་ཁག་དང་ཡབ་རྒྱལ་པོ་བཀྲོངས་མཁན་གྱི་དུག་མཁན།  དེ་བཞིན་འ་ཞ་དང་བལ་པོ།  སུམ་པ།  ཞང་ཞུང་སོགས་གསར་དུ་བསྡུས་པའི་འབངས་རྣལ་མ་དང་བཅས་པའི་ཡུལ་གྲུའི་ཁྱོན་ཆེན་པོ་ཞིག་ཡིན་ཕྱིར། བློན་པོ་གསར་རྙིང་བར་དང་འབངས་གསར་རྙིང་བར།  དེ་བཞིན་རྒྱལ་བློན་གསར་རྙིང་བར་རང་ཆེ་རང་མཐོའི་ང་རྒྱལ་ཕྲག་དོག་ཅན་དང་།  དཔུང་ཆེ་ཆུང་ཁ་བཙན་ཞན།  བློ་རྣོ་ཞན་སོགས་འགལ་བ་མི་ཆུང་བས། གསར་དུ་བསྡུས་པའི་རྒྱལ་ཕྲན་ཚོ་ཁག་རྣམས་སྟབས་མ་ལེགས་ན་སླར་ངོ་ལོག་ཉེན་ཆེ་བ་དང་། བློན་ཆེན་ཁག་དང་རུས་རྒྱུད་ཆེ་ཁག་གིས་ཐོབ་དང་གོ་ས་ཁོ་ནར་དམིགས་ཏེ་བཙན་པོའི་སྐུ་སྲོག་ལ་ཉེན་ཁའང་འབྱུང་མི་སྲིད་པའི་ངེས་པ་མེད་པས།    བློན་པོ་གསར་རྙིང་གི་སྟོབས་ཤུགས་གཅིག་སྒྲིལ་དང་རུས་རྒྱུད་ཚོ་ཁག་གི་འབྲེལ་བ་སྙོམ་སྒྲིག    འབངས་མི་ཡོངས་ལ་ལྟ་སྟངས་གཟུ་གནས་བྱ་རྒྱུ་ནི་གསར་དུ་བཙུགས་པའི་བཙན་པོའི་རྒྱལ་རབས་ལ་མཚོན་ན་ཁ་ཚ་དགོས་གཏུགས་ཀྱི་དོན་བྱ་གལ་ཆེན་ཞིག་ཡིན་ཕྱིར།  སྲོང་བཙན་གྱིས་མཛད་རྗེས་བླ་ལྷག་ཅན་གྱི་ཕྱི་ནང་གི་བློན་པོ་དག་ལ་མནའ་འབྲེལ་དམ་བཙུགས་ཀྱི་ཐབས་ལམ་བརྟེན་ཏེ་ཕ་ཚ་བུ་རྒྱུད་དང་བཅས་པ་ལ་བློ་ཡིད་ཚིམ་པའི་གཟིགས་སྐྱོང་གནང་སྟེ། ཕྱི་ནང་གི་སྟོབས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་ཆེད་ཡིན་པ་རྟོགས་ནུས་སོ།།

བཞི། “བཙན་ཕོ་ཁྲྀ་སྲོང་ལྡེ་བརྩན་གྱི་ཞ་སྔ་ནས་དབུ་སྙུང་གནང་སྟེ།   བློན་སྟག་སྒྲ་ཀླུ་ཁོང་གི་བུ་ཚ་རྒྱུད་འཕེལད་ལ་ནམ་ནམ་ཞ་ཞར་དངུལ་གྱྀ་ཡི་གེ་ཆེན་པོ་གཅིག་།  ན་མྱྀ་དབབ་པར་གཡུང་དྲུང་།  དུ་སྩལད་ཕར་གནང་ངོ་།།”㉟ དང་།  “སྲིད་བདེ་ཞྔ་བརྟན་བའྀ་གཙིགས་གནང་བ་འདྀ། ནཾ་ནཾ་ཞ་ཞར་གནང་ཞྔ་མྱི་བསྒྱུར་མྱྀ་བཅོས་པར།  ངའི་ཞ་སྔ་ནས་ཀྱང་དབུ་སྙུང་གནང་།།  གཅེན་མུ་རུག་བཙན་དྔ། ་ ཇོ་མོ་མཆེད་དང་རྒྱལ་ཕྲན་རྣམས་དང་། ཆབ་སྲིད་ཀྱི་བློན་པོ་མན་ཅད། ཞང་ལོན་ཆེ་ཕྲ་ཀུན་ཀྱང་མནས་བསྒག་སྟེ། ་ གཙྀགས་གཡུང་དྲུང་དུ་གནང་ངོ་།།” ㊱དང་། “བོད་ཀྱི་རྒྱལ་པོ་ཆེན་པོ་འཕྲུལ་གྱྀ་ལྷ་བཙན་པོ་དང་རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ།   དབོན་ཞང་གཉྀས།། ཆབ་སྲིད་གཅྀག་དུ་མོལ་ནས།། མཇལ་དུམ་ཆེན་པོ་མཛད་དེ་གཙྀགས་བཅས་པ། ནམ་ཞར་ཡང་མི་འགྱུར་བར། ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས་ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོད་པའི་ཕྱིར།  མཇལ་དུམ་གྱི་གཙྀགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ།།”㊲ དང་། “བོད་ཀྱི་རྒྱལ་པོ་ཆེན་པོ་འཕྲུལ་གྱྀ་ལྷ་བཙན་པོ་དང་རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ། ་ དབོན་ཞང་གཉྀས།། ཆབ་སྲིད་གཅྀག་དུ་མོལ་ནས།། མཇལ་དུམ་ཆེན་པོ་མཛད་དེ་གཙྀགས་བཅས་པ། ་ ནམ་ཞར་ཡང་མི་འགྱུར་བར།  ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས་ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོད་པའི་ཕྱིར།  མཇལ་དུམ་གྱི་གཙྀགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ།།”㊳ སོགས་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན། ཁྲི་གཙུག་ལྡེ་བཙན་སོགས་ཀྱི་སྐུ་རིང་ལ་ཆོས་སྲིད་གཉིས་ཀྱི་བསྟན་པ་ཡུན་རིང་བརྟན་ཕྱིར་བཀའ་གཙིགས་སམ་མནའ་འབྲེལ་རབ་དང་རིམ་པ་བྱས་པ་དག་ལས་མནའ་སྲོལ་རིག་གནས་ཀྱི་ཁྱད་ཆོས་དང་དགོས་དབང་།   བྱེད་ནུས་སོགས་གསལ་བོར་མཐོང་ཐུབ་ཅིང་།   དལ་གྱིས་གཞིགས་ཚེ་མནའ་བྲོ་བོར་སྲོལ་དེ་སྐབས་དེར་བོད་བཙན་པོའི་ཆབ་སྲིད་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན་པའང་ངེས་ཐུབ།   སྤྱིར་བཏང་དུ་མནའ་སྐྱེལ་སྟངས་ཀྱི་ནང་དོན་ཐད་ལ་བྱེ་བྲག་མི་འདྲ་བ་ཅུང་ཙམ་འདུག་སྟེ།  སེམས་ཅན་མང་པོ་རྐང་ལག་བྲེགས་ནས་བློ་ལོག་ན་དེའི་རྗེས་སུ་འཇུག་པའི་དམ་བཅའ་འཇོག་པའི་ཚུལ་དེ་མནའ་བོར་ཚུལ་གཞན་དག་ལས་ཅུང་སྔ་བ་དང་ནང་དོན་ལ་གཞིགས་ཚེ་བོན་ཆོས་དང་འབྲེལ་བ་ཡོད་པ་འདྲ།  མནའ་སྲོལ་དེ་དམ་ཆོས་མ་དར་བའི་ཡར་སྔོན་བོད་ཀྱི་སྤྱི་ཚོགས་སུ་རྒྱུག་ཆེའོ།།  ནང་ཆོས་དར་རྗེས་མནའ་བོར་ཚུལ་གྱི་ནང་དོན་ལ་འགྱུར་བ་བྱུང་སྟེ།  དཀོན་ཅོག་དཔང་དུ་འཛུགས་པ་དང་ཕྱི་རབས་པས་ཤེས་པར་བྱ་བ་ལ་མནའ་གཙིགས་རྡོ་རིང་དུ་བརྐོ་བའི་སྲོལ་དར།  ཁྱད་མཚར་བ་ཞིག་ནི་མནའ་བོར་མཁན་གྱི་ལག་ཏུ་རྡོ་དཀར་པོ་ཞིག་བཟུང་ནས་མནའ་བོར་ཚུལ་ཡོད་ལ། རྡོ་དེ་བཞིན་སྐད་ཆའི་ནང་དུ་རྫུན་དང་སྐྱོན་གྱིས་མ་གོས་པ་རང་བའིན་དཀར་བོ་དང་།  ཕན་ཚུན་བར་གྱི་དམ་བཅའ་དེ་གོར་མོ་རྡོ་བཞིན་འགྱུར་བ་མེད་པའི་དོན་བསྟན། དེ་རྗེས་རྡོ་དེ་བང་སོའི་རྨང་ལ་བརྩེགས་པའི་སྲོལ་ཡོད་ལ། སྲོལ་དེ་རིམ་བཞིན་ཆེ་རུ་སོང་སྟེ། རྡོ་དང་རྡེའུ་སྤུངས་པས་ད་ལྟའི་ལབ་རྩེ་འདི་དར་བ་ཨེ་ཡིན་སྙམ། གང་ལྟར་མནའ་བོར་བའི་སྲོལ་དེ་བོད་ཙམ་མ་ཡིན་པར་ཐང་གི་རྒྱལ་རབས་སོགས་ལ་ཡོད་པ་དབོན་ཞང་རྡོ་རིང་ལས་རྟོགས་ཐུབ་ལ། དེ་བཞིན་རྒྱལ་ཁབ་དང་རྒྱལ་ཁབ་བར་ཆབ་སྲིད་ཀྱི་མཇལ་དུམ་ཆེན་མོའི་སྐབས་དང་། རྒྱལ་བློན་བར།  རྒྱལ་འབངས་བར།  འབངས་ཕན་ཚུན་དུ་ཆེ་ཆེ་ཆབ་སྲིད་མཇལ་དུམ་དང་ཆུང་ཆུང་འཁོར་བའི་འགྲིག་མཐུན་བཅས་ལ་མནའ་བོར་ཐོ་འཛུགས་པའི་སྲོལ་ཡོད་པ་དང་། རྒྱུན་དུ་གྲགས་པའི་བོད་ཚིག་ཐོག་ཟེར་བའི་ཚིག་དེ་མནའ་ལ་གོ་བ་འདྲ་སྟེ། རྒྱུན་གྱི་འཚོ་བའི་ནང་དུ་ཁྱི་གདལ་ལུ་མི་ཟ་རྒྱུ་ལྕགས། སྐྱེས་ཕོ་ཡིས་མི་ཟ་རྒྱུ་མནའ་ཞེས་བཤད་སྲོལ་ད་ལྟའང་ཡོད།   དེས་མནའི་གལ་ཆེན་རང་བཞིན་མཚོན་པ་མ་ཟད།  བོད་མིའི་སེམས་སུ་མནའ་ལོག་ན་དོན་དག་ཆེས་ཐ་ཤལ་དུ་རྩིས་ཏེ།  རིན་ཆེན་སྲོག་ལ་དབབ་ཀྱང་མནའ་ལོག་གི་བྱ་བར་མི་འཇུག་ཅིང་།  དེ་ནི་རྒྱ་ཡིག་ཐོག་ལས་ཀྱང་གཙིགས་ཆེན་དུ་འཛིན་ནོ།།

ལྔ་པ། མགུར་ལས་“གློ་བ་”དང་“གད་ཀྱི་གསེར་པོ་ཆེ་”གཉིས་བསྡུར་ནས་དཔྱད་པ།

“རྗེ་འྀས་ནི་བཀའ་སྩལ་པ།   གཞའ་པྱྀ་ནི་ཡུན་ཀྱི་སྲིང་།།  བྱ་འྀས་ནི་ཞུ་པུབ་པ།  ལ་པྱ་ནྀ་གདངས་སུ་དྲོ།། གློ་བོ་ནི་མང་ཀུ་རྒྱ། ནམས་ཀྱང་ནི་ཡར་མྱི་པོ། གད་ཀྱྀ་ནི་གསེར་པོ་ཆེ།། ནམས་ཀྱང་ནྀ་པྱིང་བའྀ་བཅུད།”

སྤྱིར་ན་མགུར་འདི་ལས་བློན་པོ་མགར་གྱིས་དཔེ་དུ་མའི་སྒོ་ནས་རྒྱལ་པོའི་ཆེ་བ་དང་བཀའ་དྲིན་བརྗོད་པའི་ཞོར་ལ་རང་ཉིད་ཆུང་ཚུལ་དང་ཁེངས་སྐྱུང་བྱས་པ་རྟོགས་ཐུབ་མོད། དོན་གྱི་གནད་འབིགས་ནས་གཞིགས་ཚེ་མགུར་གཞན་དག་དང་མི་འདྲ་བར་གོ་བ་ཇི་བཞིན་ལེན་ཐབས་བྲལ། ཐོག་མའི་ཚིག་རྐང་བཞི་བོ་དེ་བློན་པོ་དབའས་དབྱི་ཚབ་ཀྱིས་བླངས་པའི་མགུར་གྱི་མཇུག་གི་ཚིགས་རྐང་བཞི་བོ་དང་ཡིག་འབྲུ་གཅིག་གཉིས་མ་གཏོགས་ཡོངས་སུ་མཚུངས་ལ།  ཅུང་གོ་བདེར་འགྲེལ་ན་རྗེ་རྒྱལ་པོ་སྐུ་ཉིད་ཀྱིས་བཀའ་སྩལ་བ་བཞིན། གཡུང་དྲུང་ནི་ཡུན་དུ་སྲིང་སྟེ། བྱ་མོས་སྒྲོ་གུར་ཕུབ་པས།  བྱེའུ་ཕྲུག་དྲོ་ཞིང་སྐྱིད་ལྟ་བུའོ།། འདིར་འཁོད་པའི་གཞའ་པྱི་ཞེས་པར་དམིགས་གསལ་གྱི་འགྲེལ་བ་ཞིག་མ་རྙེད་ཀྱང་།  དག་ཡིག་《མཁས་པའི་འབྱུང་གནས་》སུ་གཞལ་གསང་ཞེས་པར་གཡུང་དྲུང་དུ་འགྲེལ་འདུག  དེ་བཞིན་གོང་གི་གཞའ་པྱི་དེ་གཡུང་དྲུང་ངམ་མི་འགྱུར་བ་ཞེས་འགྲེལ་ན། རྒྱལ་པོས་བཀའ་སྩལ་བ་དེ་དུས་ནམ་ཡང་རྒྱུན་སྲིང་སྟེ་མི་འགྱུར་གཡུང་དྲུང་དུ་གནས་ཞེས་བློན་ཆེན་མགར་གྱིས་དམ་བཅའ་ཕུལ་བ་འདྲ། དེ་ལྟར་དམ་བཅའ་ཕུལ་དོན་ནི་ཁྱོད་ཀྱི་བཀའ་དྲིན་ནི་བྱ་མོས་སྒྲོ་འོག་གི་བྱེའུ་ཕྲུག་ལྟར་ང་ཚོ་ལ་དྲོ་ཞིང་སྐྱིད་པས་སོ།།  ཞེས་རིགས་པས་དེད་དེ་འགྲེལ་ན་ཅུང་གོ་རྒྱུ་ཡོད་པ་དང་གནས་ལུགས་ལའང་དེ་ཙམ་མི་འགལ་སྙམ།   འོན་ཀྱང་།   མགུར་ལས་ནང་དོན་རྟོགས་དཀའ་ཤོས་ནི་དོན་མཚོན་པར་བྱེད་པའི་དཔེ་དག་ཡིན་ཞིང་།  དཔེ་འགའ་ཞིག་ཇི་ལྟར་དཔྱད་ཀྱང་ཟུར་ཙམ་ཞིག་ལས་དོན་མི་རྟོགས་པར་མ་ཟད།   དཔྱད་ཅིང་བརྟག་ཆེ་ན་འགལ་འཛོལ་ཇེ་ཆེར་འགྲོ་བའི་སྣང་བ་སྟེར། དེ་ནི་སྐབས་དེར་འཁོད་པའི་དཔེ་དག་ད་ལྟའི་འཚོ་བའི་གོམས་སྲོལ་དང་རིང་དུ་བྲལ་བས་སེམས་སྟེང་དུ་འཆར་ཐབས་བྲལ། ཤོ་ལོ་ཀ་གཉིས་པ་ནི་ཤོ་ལོ་ཀ་དང་པོ་ལས་ཀྱང་འགྲེལ་དཀའ་སྟེ།  དཔེ་དོན་གཉིས་དང་ཚིག་རྐང་གོང་འོག་འབྲེལ་ཞིང་འཚམས་པ་ཞིག་བཤད་སྤོབས་བྲལ།    ཕྱི་ནང་ལོ་རྒྱུས་སྨྲ་བ་དག་གི་བཞེད་པའང་གཅིག་མཐུན་མིན་ཏེ།  ཧྥ་རན་སིའི་ལོ་རྒྱུས་ཞིབ་འཇུག་སྨྲ་བ་མའེ་ཁུ་ཐང་ནཱས“གློ་བ་དང་མང་ཀུ་རྒྱ། ནམ་དུ་ཡང་ཡར་ལུང་མི།”㊴ ཞེས་དང་།  དཔལ་དོན་གྲུབ་རྒྱལ་གྱིས་“འབངས་གློ་བ་ཁྱོད་ལ་ཕྱོགས་པ་དེ།། ནམ་ཡིན་ཡང་གྱེན་ལ་འཕྱ་མི་སྲིད།། རྟ་འདོ་བ་རིན་ཆེན་གསེར་སྒ་ཅན།། ནམ་ཡིན་ཀྱང་ཕྱིང་བ་མཁར་གྱི་རྒྱན།།”㊵ ཞེས་འབངས་གློ་བ་ནམ་ཡང་རྗེ་ལ་བློ་མི་ལོག་ཅེས་གོ་རྒྱུ་འདྲ་ཡོད་ཀྱང་། རྟ་གསེར་སྒ་ཅན་དེ་ཕོ་བྲང་ཕྱིང་པ་སྟག་རྩེའི་རྒྱན་ཆ་ཡིན་ཞེས་འགྲེལ་ཚེ་གོང་གི་དོན་དང་འབྲེལ་བ་མེད་པའི་སྣང་བ་སྟེར་བ་དང་། ང་ཚོས་མགུར་གྱི་ཤོ་ལོ་ཀ་ལ་བལྟས་ཚེ་ཚིག་རྐང་བཞི་བོ་ལས་སྔོན་མ་གཉིས་དང་ཕྱི་མ་གཉིས་སོ་སོས་དོན་རེ་བསྟན་པ་དང་། དོན་བསྟན་ཚུལ་དེ་གློ་བ་མང་ཀུ་རྒྱ་ནམ་ཡང་ཡར་ལུང་གི་མི་དང་གད་ཀྱི་གསེར་སྒ་དེ་ནམ་ཡང་ཕྱིང་བའི་རྒྱན་ཞེས་ཚིག་རྐང་གོང་འོག་བར་དོ་མཉམ་པོ་ཡོད་པ་ནི་མ་ཡིག་ལས་ཤེས་སླ་ཞིང་། འགྲེལ་རྒྱག་སྐབས་ཀྱང་དེ་འདྲ་ཞིག་ཡོང་ཐུབ་དགོས། འབྲི་གུང་སྐྱབས་མགོན་ཆེ་ཚང་གིས“གཡོ་སྒྱུ་ནི་བློ་མང་པོས།།  ནམ་ཡང་ནི་ཉེས་མི་བྱེད།།  གད་ཀྱི་ནི་གསེར་པོ་ཆེ།། ནམ་ཡང་ནི་ཕྱིང་པའི་བཅུད།།”㊶ ཅེས་དང་།  《རྒྱ་བོད་ཚིག་མཛོད་ཆེན་མོ་》ལས་གད་ཅེས་པ་དེ་བྱི་དོར་དང་གད་བདར་ལ་གོ་བ་བཞིན་གསེར་གད་ཅེས་པ་གསེར་བཙོ་མ་ལྟར་ལྷད་སྐྱོན་མ་འདྲེས་པར་འགྲེལ་ཞིང་། གསེར་གད་ཅེས་པའི་ཐ་སྙད་ཅིག་ད་བར་མ་མཐོང་ཡང་འགྲེལ་ཚུལ་དེ་འབྲེལ་ཆགས་པར་གསུངས་ཤིང་།  དེ་ལྟར་ལྷད་མེད་པའི་གསེར་དེ་རྒྱལ་པོ་སྲོང་བཙན་གྱི་གཟུགས་སུ་བཀོད་པ་ལྷག་ཏུ་བདེན་ཁ་ཆེ་སྙམ། མགུར་དེ་རྒྱལ་པོ་སྲོང་བཙན་སྒམ་པོར་བླངས་པས་རྒྱལ་པོ་དང་འབྲེལ་བ་ཡོད་པ་ཐག་གིས་ཆོད་ཅིང་།  ཕོ་བྲང་ཕྱིང་བའི་བཅུད་དམ་རྒྱན་དེ་རྒྱལ་པོ་སྲོང་བཙན་ཁྱོད་རེད་ཅེས་བཤད་ན་དོན་དངོས་དང་མཐུན་ནོ།།

དེ་ལྟར་འགྲེལ་ཚུལ་སྣ་ཚོགས་བྱུང་དོན་ནི་“གློ་བོ་ནི་མང་ཀུ་རྒྱ་དང་གད་ཀྱྀ་ནི་གསེར་པོ་ཆེ།།”ཞེས་པའི་ཚིག་རྐང་གཉིས་ལ་ཐུག་ཡོད།  ནམས་ཀྱང་ནི་ཡར་མི་པོ་ཞེས་ཚིག་རྐང་གཞུག་མར་བལྟས་ཚེ་གློ་བ་མང་ཀུ་རྒྱ་ཞེས་པ་དེ་མི་ཞིག་ཡིན་དགོས་པ་འདྲ་ལ།  མི་དེའང་ཡར་ལུང་གི་མིའམ་བཙན་པོའི་མངའ་འོག་ཏུ་ཚུད་པ་ཞིག་ཡིན་དགོས།  དེ་ཡང་གློ་བོ་ཞེས་པའི་ཐ་སྙད་དེ་ལོ་རྒྱུས་ཡིག་ཚང་ནང་འགའ་རེ་མཐོང་རྒྱུ་ཡོད་ཅིང་།  ཀློ་པ།  ལྷོ་བ་།  གློ་བ་སོགས་འབྲི་ཚུལ་མི་མཐུན་པ་འགའ་སྣང་། སྤྱི་ལོ་652ལོར་བློན་ཆེན་པོ་མགར་སྟོང་བཙན་གྱིས་གློ་བོ་དང་རྩང་རྒྱ་བཀུག་ཅེས་《ཏུན་ཧོང་དོན་ཆེན་གནད་བསྡུས་》སུ་གསལ་ཞིང་།  རྗེས་འཇུག་ལོ་རྒྱུས་སྨྲ་བ་དག་གིས་གློ་བོ་དེ་ལྷོ་བ་སྟེ་དེང་སང་ཀོང་པོ་ཉིས་ཁྲི་ཉེ་བའི་ས་ཆ་རྣམས་ཡིན་པར་འདོད། གལ་སྲིད་གློ་དང་ལྷོ་གཉིས་དོན་གཅིག་ཏུ་བབས་ན། ཏུན་ཧོང་གཏེར་ཡིག་ལས་ལྷོ་བ་དེ་གཉའ་ཁྲི་བཙན་པོའི་ཡར་སྔོན་དུ་ཡུལ་ཡར་ལུང་གི་ཕྱོགས་སུ་རང་རྐྱ་འཕེར་བའི་རྒྱལ་ཕྲན་ཞིག་ཡིན་ལ། རྒྱལ་ཕྲན་དག་ལས་དབང་ཤེད་ཁ་བཙན་ཆེ་ཤོས་ཤིག་ཀྱང་ཡིན་པ་འདྲ། རྒྱལ་ཕྲན་ཕན་ཚུན་བར་ང་ཆེ་ང་བཙན་གྱི་ཁ་རྩོད་དང་འཐབ་འཁྲུག་རྒྱུན་མི་ཆད་པར་ཆེན་པོས་འབྲིང་བོ་མནོན། འབྲིང་པོས་ཆུང་ངུ་མནར་ཏེ།  གཅིག་གིས་གཅིག་དབང་དུ་བསྡུས་པའི་མཇུག་མཐར་གཉའ་ཁྲི་བཙན་པོའི་དབུ་རྨོག་སུས་ཀྱང་མ་ཐོབ་པས།  རྒྱལ་ཕྲན་མང་པོ་ཞིག་འོ་ལྡེ་སྤུ་རྒྱལ་གྱིས་འབངས་སུ་བཀུག་ཅིང་།  ལྷོ་བའི་རྒྱལ་ཕྲན་ཡང་དེའི་གྲས་སུ་འདུས་པ་མ་ཟད། གཉའ་ཁྲི་བཙན་པོ་“འགྲེང་མགོ་ནག་གི་རྗེ་དང་དུད་རྔོགས་ཆགས་ཀྱི་བླ་རུ་བྱེད་”སྐབས་ལྷོ་དང་རྔེགས་ཀྱིས་བློན་ཆེན་གྱི་འགན་བཞེས་ལ།  དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་འཁོད་པའི་བློན་པོ་ཐོག་མའང་ཡིན།  དེ་ནས་བཟུང་ལྷོ་རྔེགས་གཉིས་ཀྱིས་བླ་བཙན་པོ་ལྷན་དུ་ཡར་ལུང་ཡུལ་གྱི་སྐྱིད་སྡུག་གི་འགན་འཁྲི་ཕྲག་པར་བཏེགས་ཏེ་བོད་བཙན་པོའི་ལོ་རྒྱུས་ཀྱི་རྒྱུད་རིམ་ཐོག་མཐའ་བར་གསུམ་དུ་བྱས་རྗེས་བླ་ལྷག་བཞག་ཡོད།    གཞན་ཡང་ལོ་རྒྱུས་སྟེང་གྲགས་པའི་གཉའ་ཁྲི་བཙན་པོ་ཐོག་མར་བོད་དུ་གདན་དྲངས་མཁན་གྱི་བོན་ཤེས་པ་ཅན་བཅུ་གཉིས་ལས།  བཙན་པ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབས། གཉན་པ་སེ་དང་སྦོ་ཞེས་ཡབ་འབངས་རུས་དྲུག་ལས་བཙན་པའི་ཁོངས་གཏོགས་ལྷོ་ཡིན་པ་དང་།  ཡབ་རུས་འབངས་དྲུག་པོ་གང་ཡིན་ཡང་བོད་ཀྱི་རུས་ཆེན་བཞི་ལས་གྱེས་པ་དང་།  དེ་དག་ནི་བོད་ཀ་གཡག་དྲུག་གི་མེས་པོ་རུ་གྱུར་ཡོད། དེའི་ཕྱིར། མགུར་དུ་དྲངས་པའི་གློ་བ་ནི་མང་ཀུ་རྒྱ།  ནམས་ཀྱང་ནི་ཡར་མི་པོ་ཞེས་པས་གློ་བའམ་ལྷོ་བ་ནི་དུས་ནམ་ཡང་ཡར་ལུང་གི་མེས་པོ་དང་བཙན་པོ་དང་བློ་འགྱུར་བ་མེད་པའི་མངའ་ཁོངས་ཀྱི་དོན་ཡིན་པ་འདྲ།  ལྷོ་བ་དེ་བློན་ཆེན་པོ་མགར་སྟོང་བཙན་ལྟ་བུ་བཙན་པོར་བློ་བ་དཀར་ཞིང་ཆབ་སྲིད་འགན་ལེན་ཐུབ་མཁན་གྱི་བློན་འབངས་ལ་གོ་ཆོག་སྟེ། དེ་ལྟ་བུའི་བློན་འབངས་ནི་ནམ་ཡང་ཡར་ལུང་གི་མིའམ་བཙན་པོའི་མངའ་ཁོངས་ལས་འགྱུར་བ་མེད་ཅེས་དམ་བཅའ་ཕུལ་བ་དང་།  དཔའ་མཛངས་རྟུལ་ཕོད་ཆེ་ཞིང་། འབངས་མགོ་ནག་པོ་ཡང་མཐོ་དམན་ནི་བསྙམས།  དཔྱ་སྒྱུ་ནི་བསྐྱུངས། དལ་དུ་ནི་མཆིས། སྟོན་དཔྱིད་ནི་བསྐྱལ། འཁོར་བ་ནི་སྤྱད། འདོད་པ་ནི་བྱིན།  གནོད་པ་ནི་ཕྱེ། བཙན་པ་ནི་བཙུགས།  སྡོ་བ་ནི་སྨད།  འཇིགས་པ་ནི་མནན།  བདེན་པ་ནི་བསྙེན། འཛངས་པ་ནི་བསྟོད། དཔའ་བོ་ནི་བཀུར། སྨོན་པ་ནི་བཀོལ། ཆོས་བཟང་སྲིད་མཐོ།  མི་ཡོངས་ཀྱིས་སྐྱིད་བཀོད་མཁན་ནི་བཙན་པོ་སྲོང་བཙན་སྒམ་པོ་ཡིན་ཞིང་།    ཆོས་སྲིད་ལུགས་གཉིས་ཀྱི་འཕྲིན་ལས་ལ་ལྷད་སྐྱོན་དྲི་མ་མ་བགོས་པར་ཆེན་པོ་བོད་ཀྱི་རྒྱལ་རབས་དཔལ་དུ་བསྐྲུན་མཁན་ཁྱོད་ནི་ཕོ་བྲང་ཕྱིང་བ་སྟག་རྩེའི་རྒྱན་གཅིག་པུའོ་ཞེས་བཙན་པོར་བསྔགས་བརྗོད་བྱས་ཡོད།

མཆར་འགྲེལ།   

① འབྲི་གུང་སྐྱབས་མརྐོན་ཆེ་ཚང་།《བོད་བཙན་པོའི་རྒྱལ་རབས》[M] སྲོང་བཙན་དཔེ་མཛོད་ཁང་། 2010ལོ། P.215    ②④⑫⑮⑰⑲㉑㉒㉓㉘㉛㉜㉝㉞㉟㊱㊲㊳ གཉའ་ཀོང་དཀོན་མཆོག་ཚེ་བརྟན།《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2010ལོར་བསྐྲུན། P.58  P.58  P.49  P.205  P.118  P.3 P.39  P .39  P. 59  P.18  P.26  P .37   P.369  P.373   P .119  P.189   P.208   P.208

③⑤⑦㉙㉚ དོན་གྲུབ་རྒྱལ།   《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པའི་སྲིད་ལུགས》[M]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།   1983ལོར་བསྐྲུན།   P.11  P.11  P.398  P.8   P.8

⑥ རྒན་ཚེ་རིང་གིས་བྲིས་པའི་《བོད་ཀྱི་ལོ་རྒྱུས་ཟིན་བྲིས་》སུ་མཚོ་སྔོན་གྱི་མཚོ་ཞིག་ཡིན་པར་བརྗོད་ཀྱང་།   ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆ་རུ་བཙུན་མོ་རྒྱལ་པོ་དང་ལོ་གསུམ་བཤོས་ཞེས་བརྗོད་པ་དང་།  དུས་སྐབས་དེར་བཙན་པོ་སྐུ་དངོས་སུ་ཞང་ཞུང་ལ་དམག་འཁྲུག་བྱེད་པའི་སྒང་ཡིན་ཕྱིར་མཚོ་སྔོན་དུ་བསུ་བར་པེབས་པར་བྲེལ་བ་ཆེ་བ་མ་ཟད། བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེར་སྲོང་བཙན་མདོ་སྨད་དུ་ཆིབས་ཁ་བསྒྱུར་བའི་བཤད་ཚུལ་མི་མངོན་པས།  ཚོད་དཔག་བྱས་ན་ད་ལྟའི་ནག་ཆུ་ས་ཁུལ་ཉེ་སར་མཚོ་ནག་གམ་ཆུ་ནག་ཅེས་པའི་མཚེའུ་མཚོ་ཞིག་ཡོད་པ་དེར་ཟེར་བ་ཨེ་ཡིན་སྙམ། ལྷ་སའི་འོ་ཤོད་ནས་ནག་ཆུར་བསུ་བར་ཕེབས་ཟེར་ན་དོན་དངོས་ཀྱི་ཐོག་བདེན་པ་ཅུང་རེ་ཡོད་པ་དང་། ཡང་ན་དེ་ལས་ཉེ་བའི་ལྷ་སའི་མཁྲིས་མཚམས་ཀྱི་མཚོ་ཞིག་ལ་ཟེར་བ་ཡིན་ཡང་སྲིད་ཀྱང་ཡིག་ཆའི་ཁུངས་དང་རྒྱུ་མཚན་ཡང་དག་ཅི་ཡང་མ་རྙེད་པས་བཤད་མི་སྤོབས། མཚོ་ནག་གི་རྒྱུད་དུ་དབྱར་གཞུང་ཡང་གངས་མི་བཞུ་ཞེས་ས་ཆ་དེ་རྒྱ་མཚོ་ངོགས་ནས་རྨིས་ཧ་ཅང་མཐོ་བའི་ཡུལ་ཞིག་ཡིན་པ་གསལ་ལོ།།   མ་གཞི་བོད་རྒྱལ་སྲོང་བཙན་སྒམ་པོ་ཞེས་ཐང་རྒྱལ་རབས་དང་བཅས་པའི་ཁྱིམ་མཚེས་རྒྱལ་རབས་དག་ལ་འབྲུག་ལྟར་གྲགས་པའི་བཙན་པོ་དེ་བཙུན་མོ་ཞིག་གི་ཆེད་དུ་སྐུ་དངོས་སུ་ཞབས་ཀྱིས་བཅགས་ནས་བསུ་བར་སོང་ཟེར་བ་དེ་ཐང་གིས་རང་གི་བུ་མོ་དང་འཁོར་ལ་ཆེ་བ་བརྗོད་པ་ལས་དོན་དངོས་དེ་ལྟར་བསུ་རུ་སོང་མེད་པར་སྙམ།

⑧ དབང་རྒྱལ་དང་བསོད་ནམས་སྐྱིད། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡི་ཆ》[M] མི་རིགས་དཔེ་སྐྲུན་ཁང་། 1980ལོར་བསྐྲུན།  P.148

⑨《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་། [M] 2009ལོའི་ཟླ་བཞི་པའི་པར་ཐེངས་བཅུ་པ། P.1381     ⑩⑪⑬㉔ དགེ་འདུན་ཆོས་འཕེལ། 《དེབ་ཐེར་དཀར་པོ》[M] 2005ལོའི་ཟླ་བ་དྲུག་པ་དཔར་ཐེངས་གསུམ་པ།   P.10    P.83   P.10   P.9

⑭ མཁས་པ་ལྡེའུ། 《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》[M] 2010ལོའི་ཟླ་6པ། དཔར་ཐེངས་གཉིས་པ།  P.243   

⑯“ཡིག་གྲུ་”ཞེས་པ་ནི་ཨ་ཁུ་གོ་རེས་དེ་ལ་ཡིག་འབྲུ་ཞེས་འགྲེལ་འདུག་ཀྱང་མ་ཡིག་ནོར་ཡོད་པ་འདྲ།  དོན་དུ་རྒན་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་ཡྀ་གྲ་ཞེས་བཅོས་ཏེ། ཁོང་གིས་བརྩམས་པའི་《སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེ་ཚིག་འགྲེལ་དྭངས་སང་གངས་ཆུ་》ཞེས་པའི་ནང་དུ་གཤམ་བཀོད་མ་ཕྱི་འདི་ཁོ་བོས་སྤྱི་ལོ་2008ལོར་དཔར་ལེན་བྱས་པའི་པར་རིས་སུ་གསལ་བའི་ཡི་གེ་དང་རི་ཆའ་སན་གྱི་དཔྱད་རྩོམ་ནང་ཕབ་བཀོད་བྱས་པའི་མ་ཡིག་ཕན་ཚུན་དཔྱད་བསྡུར་ཐོག་ཞུ་དག་ཞིབ་ཚགས་ཞུས་ཏེ་བཀོད་ཅིང་།  ཡི་གེ་མི་མངོན་པ་དེ་དག་ཕུད་པས་དེ་མིན་རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་ལ་འཁྲུལ་བ་མེད་སྙམ་ཞེས་ཁ་ཚོན་ཆོད་པོས་བྲིས་འདུག་པས་ཡིག་གྲུ་ཞེས་པ་དེ་ཡྀ་གྲ་ཞེས་བསྒྱུར་བ་དེ་འགྲིག་པར་སྣང་། ག་ཡིག་འོག་གི་ར་ཡིག་དེ་སྐུང་ཡིག་མ་ཡིན་པར་རྡོ་རིང་སྣེར་མ་ཤོང་བར་འོག་ཏུ་བྲིས་པར་སྣང་།  དེ་ལྟར་བྱས་ཚེ་རྔོ་རིང་ལ་ཡི་གེ་བྲིས་ཟེར་ན་དོན་དུའང་འགྲོ་ལ་རྡོ་རིང་ལ་ཡིག་འབྲུ་བྲིས་འེས་པ་ཁ་ནས་བརྗོད་བདེ་བ་ཞིག་མ་ཡིན་ནོ།།

⑱ ཚེ་རིང་།  《བོད་ཀྱི་ལོ་རྒྱུས་ཟིན་ཐོ》 [M]  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ།  P.62   

⑳ རྒན་མིག་དམར་ཚེ་རིང་གིས་ 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང་》ཞེས་པའི་ནང་དུ་ཡུལ་དེ་མྱང་རོ་ཤམ་པོ་དང་འདྲ་བར་བོད་བཙན་པོའི་སྐབས་སུ་མྱང་རོ་སྟོང་སྡེའི་མངའ་ཁོངས་ཀྱི་ཡུལ་ཆུང་ཞིག་ཡིན་པས།  དེང་སང་རྒྱལ་རྩེ་རྫོང་དང་པ་སྣམ་རྫོང་གང་རུང་ཞིག་གི་ཁོངས་སུ་ཡོད་པར་ཐེ་ཚོམ་མེད།  ཅེས་གཏན་དུ་འཁེལ་བར་གསུངས་འདུག

㉕《བོད་ལྗོངས་ཞིབ་འཇུག》2001ལོའི་བོད་ཡིག་དུས་དེབ་བཞི་པ།  P.11

㉖ དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》[M] 1986ལོའི་ཟླ་6པ། མི་རིགས་དཔེ་སྐུན་ཁང་།   ㉗ མིག་དམར་ཚེ་རིང་།《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་བྱུང་བའི་བོད་ལྗོངས་ས་མིང་》 [M] 2005ལོའི་ཟླ་8པ།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  P.14

㊴ མའེ་ཁུ་ཐང་ནཱས་པཱ་ཁུ་སོགས་ཀྱིས་བྲིས་པའི་ 《ཏུན་ཧོང་སྤུ་རྒྱལ་བོད་ཀྱི་ལོ་རྒྱུས་ཡིག་ཆའི་དཔྱད་འགྲེལ》 [M] ཀིང་ཧྲིང་གིས་བསྒྱུར། པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་ཐེངས་གཉིས་པ། 2010ལོ།  P.134

㊵ དོན་གྲུབ་རྒྱལ།  《དཔལ་གྲུབ་རྒྱལ་གྱི་གསུང་འབུམ་པོད་གསུམ་པ》[M] མི་རིགས་དཔེ་སྐྲུན་ཁང་།  1997ལོ།  P.402   ㊶ འབྲུ་གུང་སྐྱབས་མགོན་ཆེ་ཚང་།《བོད་བཙན་པོའི་རྒྱལ་རབས》[M] སྲོང་བཙན་དཔེ་མཛོད་ཁང་། 2010ལོ། P.212

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།