བོད་རྒྱ་གཏམ་དཔེའི་རིག་གནས་ཁྱད་པར་དང་དེའི་སྒྱུར་ཐབས་ལ་རགས་ཙམ་དཔྱད་པ།

དང་པོ། བོད་རྒྱ་གཏམ་དཔེའི་སྐོར་གྱི་རིག་གནས་རྒྱབ་ལྗོངས་བཤད་པ།

1.ཐོན་སྐྱེད་ངལ་རྩོལ་ལས་ཐོན་པའི་གཏམ་དཔེ།

གཏམ་དཔེ་མང་པོ་ཞིག་ངལ་རྩོལ་མི་དམངས་ཀྱི་ཐོན་སྐྱེད་ངལ་རྩོལ་ཁྲོད་དུ་བྱུང་སྟེ། རྒྱ་རིགས་ཀྱིས་ཞིང་ལས་གཙོ་བོ་གཉེར་བས། དཔྱིད་ཀ་ལོ་ཏོག་འདེབས་པ་དང་སྟོན་ཁ་འབྲུ་རིགས་བསྡུ་བ་སོགས་ཞིང་ལས་རིག་གནས་མཚོན་པའི་གཏམ་དཔེ་ཡང་ཧ་ཅང་མང་པོ་ཡོད་པ། དཔེར་ན།“春雨贵如油,点滴无白留”“不怕天旱,就怕锄头断”“一粒入土,万粒归仓”སོགས་ཞིང་ལས་གཙོར་ཡིན་པའི་ཐོན་སྐྱེད་བྱེད་སྟངས་སྐོར་གྱི་གཏམ་དཔེ་མང་པོ་ཡོད། བོད་རིགས་གཙོ་བོ་མཐོ་སྒང་དུ་ཆགས་ཡོད་པས་ཕྱུགས་ལས་ནི་ཁ་གསོ་རྒྱབ་འགེབས་བྱེད་པའི་ཐབས་ལམ་གཙོ་བོ་ཡིན། རི་དྭགས་རྔོན་པ་དང་ས་ཁམས་དང་བསྟུན་པའི་འདེབས་འཛུགས་ལས་རིགས་ཅུང་ཟད་སྤེལ་བའང་ཡོད། དེ་འབྲེལ་གྱི་སྒོ་ཕྱུགས་དང་རི་དྭགས་རྔོན་པ་སོགས་བོད་རིགས་ཀྱི་འཚོ་བ་མཚོན་པའི་གཏམ་དཔེ་མང་པོ་ཡོད། དཔེར་ན། མི་མང་མདུན་སར་ཁ་མ་སྔ། །མགར་བའི་ཁོལ་ཁར་ལག་མ་སྔ། །མདའ་གཅིག་གི་ཤ་ཕོ་གཉིས་མི་སོད། །ཁྱི་གཅིག་གིས་གླ་བ་གཉིས་མི་ཟིན། །སོགས་ལྟ་བུ།

2.ཡུལ་སྲོལ་གོམས་གཤིས་ལས་ཐོན་པའི་གཏམ་དཔེ།

ཡུལ་སྲོལ་གོམས་གཤིས་ཀྱིས་སྐད་རིགས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་དེ། བཟའ་བཏུང་རིག་གནས་ལ་མཚོན་ན། རྒྱ་རིགས་ནི་ཞིང་ལས་ཐོན་སྐྱེད་གཙོ་བོ་དང་ཞོར་དུ་ཁྱིམ་བྱ་སོགས་ཕལ་བའི་ཚུལ་བཟུང་བའི་ཐོན་སྐྱེད་བྱེད་སྟངས་སྣ་འཛོམས་ཡིན་པས། འཚོ་བ་ལས་བྱུང་བའི་གཏམ་དཔེ་ཡང་འབྲུ་རིགས་སྣ་ལྔ་གཙོར་བྱས་པའི་ཚལ་རིགས་དང་ཤ་རིགས་སོགས་བཟའ་བཏུང་ཡིན་པ་མཚོན་ཡོད། དཔེར་ན།“无酒不成席,无烟没话题”“午茶助精神,晚茶导不眠”“大蒜是个宝,常吃身体好”“酒逢知己千杯少”སོགས་ལྟ་བུ། བོད་མི་རིགས་ནི་ཕལ་ཆེར་མཐོ་སྒང་ནས་འཚོ་བ་རོལ་ཡོད་པས་རྟ་ནོར་ལུག་གསུམ་དང་རི་ཆུ་ནགས་གསུམ། ཤ་མར་རྩམ་གསུམ་སོགས་རྒྱུན་ལྡན་གྱི་འཚོ་བའི་རྟེན་གཞི་རུ་གྱུར་ཡོད། བཟའ་ཆས་མང་ཆེ་ཤོས་ཕྱུགས་ལས་ཐོན་རྫས་གཙོ་བོ་ཡིན། དཔེར་ན། སྐྱིད་ཀྱི་རྟ་ཕོ་མཉམ་ཞོན། །སྡུག་གི་ཁུར་པོ་མཉམ་འཁུར། །ཁ་ནས་མ་ཎི་འདོན། །ལག་ནས་ལུག་རྒྱུ་བླུག་སོགས་ལྟ་བུ།

3.ས་ཁམས་ཁོར་ཡུག་དང་འབྲེལ་བའི་གཏམ་དཔེ།

རྒྱ་རིགས་ཀྱི་ས་ཆ་མང་ཆེ་བར་རང་ཉིད་ཀྱི་ཁོར་ཡུག་དང་གནས་གཤིས་སོགས་ཞིང་ལས་དང་འཚམས་པས། ལོ་ངོ་སྟོང་ཕྲག་མང་པོའི་རིང་གཙོ་བོ་ཞིང་ལས་གཉེར་བར་གཏམ་དཔེ་མང་པོ་དུས་ཚིགས་དང་ས་ཞིང་། རྨོ་ལས་དང་འབྲོག་ལས་ལ་འབྲེལ་བ་ཟབ་མོ་ཡོད་པ་རེད། དཔེར་ན།“惊蛰一犁土,春分地气通”“土中生白玉,地内出黄金”“山村易养鸡,水乡易养鸭”སོགས་མང་པོ་ཡོད། བོད་རིགས་མི་དམངས་ནི་ཕལ་ཆེར་ས་བབ་མཐོ་ཞིང་གནམ་གཤིས་གྲང་བའི་མཐོ་སྒང་དུ་ཡོད་པས། གཏམ་དཔེ་ཡང་ཁ་བ་དང་གངས་རི། རྩྭ་ཐང་། ཆུ་ཕྲན། ནགས་ཚལ་སོགས་དང་འབྲེལ་བ་ཟབ་པའི་ཁྱད་ཆོས་ལྡན། དཔེར་ན། སྐད་ཆ་ཉུང་རུང་མགོ་རྔ་ཚང་། ལུང་བ་ཆུང་རུང་རྩྭ་ཆུ་འཛོམས། །ལྟ་བུ།

3.ཆོས་ལུགས་དད་མོས་མཚོན་པའི་གཏམ་དཔེ།

དེ་ཡང་རྒྱ་ནག་ལ་མཚོན་ན་གཙོ་བོ་རུའུ་ལུགས་ཀྱི་བསམ་བློ་དང་གཞུང་ལུགས་ཀྱིས་འཚོ་བར་ཤན་ཤུགས་ཆེན་པོ་ཐེབས་ཤིང་། རུའུ་ལུགས་ཀྱི་བསམ་བློ་ནི་རྒྱའི་བསམ་བློའི་རྟེན་ཁུངས་དང་ཚད་གཞི་ལྟ་བུར་གྱུར་ཡོད། དེར་བསྟུན་གྱིས་འཚོ་བའི་ཁྲོད་དུ་རུའུ་ལུགས་བསམ་བློ་མཚོན་པའི་གཏམ་དཔེ་མང་པོ་ཡོད་དེ། དཔེར་ན།“心地善良,强似烧香”“先义而后利者荣,先利而后义者辱” “君子坦荡荡,小人长戚戚”སོགས་རུའུ་ལུགས་དང་ཏའོ་ལུགས་བཅས་ཀྱི་བསམ་བློ་དང་དད་མོས་མཚོན་པའི་གཏམ་དཔེ། བོད་མི་རིགས་ལ་མཚོན་ན་དམངས་ཡོངས་ཕལ་ཆེར་སྟོན་པ་ཤཱཀྱའི་རྗེས་འཇུག་པ་ཡིན་པས། སངས་རྒྱས་ཆོས་ལུགས་ཀྱི་བསམ་བློ་དང་ཆོ་ག་སྒྲུབ་སྟངས། ཆོ་གའི་ཡོ་བྱད་སོགས་དང་འབྲེལ་བའི་གཏམ་དཔེ་མང་པོ་ཡོད། དཔེར་ན། སངས་རྒྱས་མདུན་ན་ཡོད་ཀྱང་དད་ཕྱག་རྒྱང་ལ་མ་འཚལ་བ། །མི་ལ་མར་མེད་པར། ལྷ་ལ་མཆོད་མེ་ག་ནས་ཡོང་། །བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །སོགས་ལྟ་བུ། །

གཉིས་པ། བོད་རྒྱ་གཏམ་དཔེའི་ཡིག་སྒྱུར་ཐབས་ལམ།

1.དོན་སྒྱུར།

སྒྲ་སྦྱོར་བམ་གཉིས་ལས“སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས”ཞེས་སྒྱུར་བྱེད་སྐད་ཆའི་སྦྱོར་ལུགས་དང་ཡུལ་སྲོལ་གོམས་གཤིས། འདུ་ཤེས་འཛིན་སྟངས་སོགས་ལ་བསྟུན་ནས་ཚིག་ལ་སྣོན་འཕྲི་དང་སྣོན་སྒྱུར་སོགས་ཅི་བདེར་བྱས་ཆོག་པ། དཔེར་ན། མ་ཡིག་ལ“将军额上跑下马,宰相肚里能撑船”ཞེས་པ་བོད་ཡིག་ཏུ་ཡ་ཆུང་ཁོག་ན་རྟ་རྒྱུག་ས། །མ་ཆུང་ཁོག་ན་མདའ་འཕེན་ས་ཡོད་ཅེས་བསྒྱུར་ཆོག་ལ། བསྒྱུར་བའི་མ་ཡིག་གི་བརྗོད་དོན་དང་མི་འགལ་ལ་སྒྱུར་བྱེད་བོད་རང་གི་གཏམ་དཔེའི་འགྲོ་ལུགས་དང་མཐུན་པ་ཞིག་གོ །དེ་བཞིན་“遇到老虎就烧香,见到兔子就开枪”ཞེས་པ་བཙན་ལ་ངོ་དགའ། །གཉོམ་ལ་ཐུབ་ཚོད་དང་། “秀才不出门,便知天下事”ཞེས་པ་དགེ་བཤེས་སེ་རར་བཞུགས་ཀྱང་། །ཨམ་ལྕོག་ལྷ་ས་ལ་ཡོད་ཅེས་རིགས་འགྲེལ་གྱིས་བསྒྱུར་བ་འོས་སྙམ་མོ། །

2.ཐད་བསྒྱུར།

ཐད་སྒྱུར་གྱི་ཐབས་ལམ་འདི་ནི་མིང་བརྡ་ཐད་སྒྱུར་བྱ་བ་དང་ཚིག་ཐད་སྒྱུར་བྱ་བ་གཉིས་ཀར་སྤྱོད་རུང་སྟེ། མིང་བརྡ་ཐད་སྒྱུར་བྱེད་དུས་གཙོ་བོ་བསྒྱུར་བྱ་གང་དེའི་ཡིག་འབྲུ་རེ་རེའི་བསྟན་དོན་ལ་གདོང་སྤྲད་ནས་རང་སྐད་ཀྱིས་མཚོན་པར་བྱེད་པ། ཚིག་གི་སྦྱོར་བ་གང་ཞིག་ཐད་སྒྱུར་བྱ་བ་ནི་གཙོ་བོ་ཚིག་རིས་ཇི་བཞིན་དྲང་ཐད་དུ་བསྒྱུར་བ་སྟེ། ཚིག་སྔ་ཕྱིའི་གོ་རིམ་ནོར་བའམ་སྣོན་འཕྲི་སོགས་ཆེར་མེད་པར་མ་ཡིག་ལ་ཇི་ལྟ་བ་བཞིན་བསྟུན་ནས་བསྒྱུར་བ་ལ་བྱའོ། །དཔེར་ན། མ་ཡིག་ལ“公说公有理 ,婆说婆有理”ཞེས་པ་བོད་ཡིག་ཏུ་སྤོ་བོས་བཤད་ན་སྤོ་བོ་བདེན། །རྨོ་མོས་བཤད་ན་རྨོ་མོ་བདེན། །“快人一言,快马一鞭”བོད་ཡིག་ཏུ་མི་གོ་བ་ཅན་ལ་ཚིག་གཅིག །རྟ་གོམ་པ་ཅན་ལ་ལྕག་གཅིག“不入虎穴 ,焉得虎子”ཞེས་པ་བོད་ཡིག་ཏུ་སྟག་ཚང་ནང་དུ་མ་འཛུལ་ན། །སྟག་ཕྲུག་ལག་ཏུ་ཅི་ལ་སོན། སོགས་ཐད་སྒྱུར་བྱས་ན་བརྗོད་དོན་དང་མི་འགལ་ལ་རང་མི་རིགས་ཀྱི་གཏམ་དཔེའི་འགྲོ་ལུགས་དང་མཐུན་པ་ལྟ་བུའོ། །

གསུམ་པ། དོན་སྒྱུར་དང་ཐད་སྒྱུར་སྤེལ་མའི་ཐབས།

སྐབས་འགར་གཏམ་དཔེ་ལོ་ཙཱ་བྱེད་དུས་དོན་སྒྱུར་དང་ཐད་བསྒྱུར་མཉམ་བསྲེས་ཀྱི་སྒྱུར་ཐབས་སྤྱད་དེ། སྐབས་བབ་དང་བསྟུན་ནས་གང་ལ་གང་འཚམ་དང་དེ་ལ་དེ་བསྟུན་གྱིས་བསྒྱུར་བའི་ནང་དོན་ཡང་དག་པར་སྟོན་པར་གཞོལ་རྒྱུ་ནི་གལ་ཆེ། དཔེར་ན། མ་ཡིག་ལ“酒肉朋友千个有,落难之时无一人”ཞེས་པ་བོད་ཡིག་ཏུ་མི་ངན་ངོ་ཤེས་མང་རུང་། །དཀའ་བ་འཕྲད་དུས་གཅིག་ཀྱང་མེད། །མ་ཡིག་ལ“会水水下死,会拳拳下死”ཞེས་པ་ཆུ་རྩལ་ཅན་དེ་ཆུ་ཐོག་དང་། །རྟ་རྩལ་ཅན་དེ་རྟ་ཐོག་ཤི། གཞན་ཡང“洪水未到先筑堤,豺狼未来先磨刀”ཞེས་པ་ཆུ་མ་ཡོང་གོང་ལ་རགས། །དགྲ་མ་ཐུག་སྔོན་ལ་དོགས། །ཞེས་མ་ཡིག་གི་གཏམ་དཔེའི་དོན་དང་མི་འགལ་ལ་བོད་རང་གི་གཏམ་དཔེ་དང་མཐུན་པ་ཞིག་ཡོང་ཐུབ་པ་ལྟ་བུའོ། །

བཞི། སྔོག་བསྒྱུར་དང་བརྗེ་བསྒྱུར་གྱི་ཐབས་བཤད་པ།

སྔོག་བསྒྱུར་དང་བརྗེ་བསྒྱུར་གྱི་སྒྱུར་ཐབས་ནི་རྒྱ་ཡིག་གི་ཐ་སྙད་དམ་ཚིག་རྐང་དོ་སྙོམས་མིན་མི་འདྲ་བ་དག་བོད་སྐད་དུ་སྒྱུར་སྐབས་དེ་དང་མཐུན་ཕྱོགས་ཀྱི་མིང་བརྡ་ཡོད་མེད་ལེགས་པར་བརྟག་པར་བྱ་རྒྱུ་དེ་ཡིན། དཔེར་ན། མ་ཡིག་ལ“口是心非”ཞེས་པ་བོད་ཡིག་ཏུ་ཁ་ནས་བཀའ་འགྱུར་མ་ཎི་དྲངས། །ལག་ནས་སྡིག་གཅོད་སྲོག་ལེན་བྱས། །ཞེས་པ་ལྟ་བུ། མ་ཡིག་ལ“说的比山大,做的比蛋小”ཞེས་པ་ཁ་ནས་བཤད་ན་ལྷ་བཞེངས། ལག་ཏུ་བཞག་ན་སྣབས་ལུག“不听大人言,吃亏在眼前”ཞེས་པ་ངང་བའི་ངག་བཞིན་མ་ཉན་པས། །རུས་སྦལ་མཁའ་ནས་ལྷུང་ཞེས་གྲགས་ཞེས་པ་སོགས་བོད་རང་གི་གཏམ་དཔེ་བསྔོག་ནས་བསྒྱུར་ན་བརྗོད་དོན་དང་མི་འགལ་ལ་སྔར་སྲོལ་བཟང་པོ་རྒྱུན་འཛིན་བྱེད་པའི་ཕན་ནུས་གང་ལེགས་ཐོན་ཐུབ་པ་ལྟ་བུ་སྔོག་བསྒྱུར་དང་། མ་ཡིག་ལ“狗嘴里吐不出象牙”ཞེས་པ་བོད་ཡིག་ཏུ་བོང་བུའི་ཁ་ནས་གསེར་བསྐྱུག་མི་ཡོང་། ཞེས་བསྒྱུར་ནས་བསྒྱུར་བྱའི་མ་ཡིག་གི་དཔེ་ཁྱི་དེ་བོང་བུ་ལ་བརྗེ་བ་དང་མ་ཡིག་གི་དཔེ་མཆེ་བ་སྒྱུར་བྱེད་བུ་ཡིག་གི་གསེར་ལ་བརྗེ་བའི་སྒྱུར་ཐབས་སྤྱད་པ་ལྟ་བུ་བརྗེ་བསྒྱུར་རོ། །

ལྔ། གསར་གཏོད་ཀྱི་བསྒྱུར་ཐབས།

སྐབས་འགར་རྒྱའི་གཏམ་དཔེ་ཁག་གཅིག་དོན་སྒྱུར་གྱི་ཐབས་ལ་བརྟེན་པ་ཡིན་ན་བོད་རང་གི་གཏམ་དཔེ་ལེགས་པར་མཚོན་ཐུབ་པ་ཞིག་མིན་པས། སྐབས་རེར་རྒྱའི་གཏམ་དཔེའི་འགྲོ་ལུགས་ཇི་བཞིན་དུ་ཐད་སྒྱུར་གྱི་ཐབས་སྤྱད་ནས་གཏམ་དཔེ་གསར་པ་གཏོད་པའི་ཐབས་ལ་བརྟེན་ཏེ། བོད་ཀྱི་གཏམ་དཔེ་གསར་པ་ཞིག་ཏུ་གྲུབ་ཐོག་བོད་ཀྱི་གཏམ་དཔེ་སྔར་བས་འཐུས་སྒོ་ཇེ་ཚང་དུ་འགྲོ་རྒྱུར་ནུས་པ་གང་ལེགས་ཐོན་ཐུབ་པ་བྱ་དགོས། དཔེར་ན།“山中无老虎,猴子称霸王”ཞེས་པ་བོད་ཡིག་ཏུ་སྡེར་ཆགས་རྒྱལ་པོ་མེད་ས་ན། སྤྲེའུ་རྒན་གྱིས་ཀྱང་ང་རོ་སྒྲོགས། “红花虽好,也得绿叶相扶”ཞེས་པ་བོད་ཡིག་ཏུ་མེ་ཏོག་དམར་པོ་མཛེས་ན་ཡང་། ལོ་མ་སྔོན་པོའི་རྒྱན་སྤྲོས་དགོས། ཞེས་གཏམ་དཔེ་གསར་བ་ཞིག་གཏོད་པ་ཡིན་ན་མ་ཡིག་གི་བརྗོད་དོན་གང་ཡིན་པ་དེ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཐུབ་པ་ལྟ་བུའོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།