《སྤྲིན་གྱི་ཕོ་ཉ》དང《ཕོ་ཉ་གཞོན་ནུ་དོན་གྲུབ》གཉིས་ཀྱི་ལམ་གྱི་བཀོད་པའི་གཤིབ་བསྡུར།

སྙན་རྩོམ<<སྤྲིན་གྱི་ཕོ་ཉ>>ནི་སྤྱི་ལོ་ཚུགས་ཏེ་ཅང་མ་འགོར་བའི་དུས་སུ།རྒྱ་གར་གྱི་སློབ་དཔོན་ནག་མོ་ཁོལ་གྱིས་བརྩམས་པ་སྟེ།སྙན་རྩོམ་འདིས་སྐྱེས་བུ་གང་ཞིག་གནོད་སྦྱིན་གང་ཞིག་གི་ཆད་པས་རྒྱང་རིང་རྰ་མའི་རི་བོར་སྤྱགས་པར།དེས་དགའ་མ་དྲན་པའི་གདུང་བས་ཉིན་གྱི་ཟས་དང་མཚན་གྱི་གཉིད་ཆག་པ་དང་།ལྷག་པར་དུ་དབྱར་གྱི་དུས་སུ་སྤྲིན་དཀར་གྱི་ཕུང་པོ་རི་ལ་ཤོར་ཉིང་རིའི་སྟེང་ནས་ལང་ལོང་དལ་གྱིས་གཡོ་བའི་དུས་སུ་རང་ཉིད་ཀྱི་མགྲིན་པར་འཁྱུད་བྱའི་དགའ་མ་དེ་ཉིད་ཆེས་དྲན་པར་གྱུར་པས།སྤྱིན་དཀར་གྱི་ཕུང་པོ་དེ་ལ་དགའ་མའི་འཕྲིན་དང་།ལམ་ཁའི་རྣམ་པ།ཁོ་མོའི་སྡོད་ཤག་སོགས་གསལ་བར་བརྗོད་པ་ལ་བརྟེན་ནས།དགའ་མ་དང་གྱེས་པའི་གདུང་བ་དང་སྐྱོ་སྣང་སོགས་སྙན་ངག་གི་ལམ་ནས་མཚོན་པར་བྱས་པ་ཞིག་ཡིན།<<ཕོ་ཉ་གཞོན་ནུ་དོན་གྲུབ>>ནི་དུས་རབས་ཉི་ཤུ་པའི་སྟོད་ཀྱི་ཆར་སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་མཛད་པ་ཞིག་སྟེ།སྙན་རྩོམ་འདིས་ཀྱང་རང་གི་མདུན་གྱི་ནམ་མཁའ་སྤྲིན་དཀར་གྱི་ཕུང་པོ་ཞིག་དལ་བུར་གཡོ་བའི་དུས་རྩོམ་མཁན་གྱིས་སྤྲིན་དཀར་གྱི་ཕུང་པོ་དེ་ལས་རང་གི་ཕོ་ཉ་ལྷའི་བུ་ཕྲུག་ལྟ་བུ་ཞིག་བློ་བཟོའི་སྒོ་ནས་ཐོན་པར་བྱས་ཏེ།ཕོ་ཉ་དེ་ལ་སྐུ་གོང་མ་རང་གི་རྩ་བའི་བླ་མ་དང་ཚེ་འདིར་སློབ་མར་གྱུར་པའི་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ལགས་ལ་འཕྲིན་དུ་བྱས་པ་བརྒྱུད།ཁོང་གི་སྡོད་གནས་དང་དེར་བགྲོད་པའི་ལམ་ཁའི་རྣམ་པ་སོགས་གསལ་བར་བརྗོད་པ་ཞིག་གོ།

སྙན་རྩོམ་རིང་མོ་འདི་གཉིས་ཀྱི་ཐོག་མའི་མགོ་འཛིན་ཚུལ་དང་།རྩོམ་གྱི་སྒྲིག་གཞི་དང་རྩོམ་གྱི་གྲུབ་ཆ་སོགས་ལ་མཐུན་ས་མང་དུ་ཡོད་པ་ང་ཚོས་བལྟས་པ་ཙམ་གྱིས་མཐོང་ཐུབ།དཔེར་ན་གཉིས་ཀས་ཀྱང་ཐོག་མར་རང་ཉིད་ཀྱི་ཕོ་ཉ་གང་ནས་བྱུང་བ་སོགས་ཀྱི་ཕོ་ཉ་ངོ་སྤྲོད་དང་།དེ་ནས་ཕོ་ཉ་བགྲོད་སའི་ལམ་སྟོན་པ།དེ་ནས་འཕྲིན་བསྐུར་ཡུལ་གང་ཟག་གི་སྡོད་གནས་གསལ་བཤད།དེ་ནས་ཕོ་ཉ་ལ་དངོས་གཞིའི་འཕྲིན་དུ་བྱ་བའི་སྒོ་ནས་མཇུག་བསྡུ་བ་ལྟ་བུ་དང་།ཐ་ན་མཇུག་ཏུ་རྩེད་མཚར་གྱི་ཤོ་ལོ་ཀ་རེ་ཟུང་བཀོད་ཡོད་པའང་འདྲ་འདྲ་རེད།འདིའི་ཕྱོགས་ལ་དེང་གི་དཔྱོད་ལྡན་མང་རབ་ཅིག་གིས་ཀྱང་ཡིད་འཇོག་དང་དོ་སྣང་བྱས་ཟིན།བདག་གིས་འདིར་སྙན་རྩོམ་གཉིས་ཀྱི་གྲུབ་ཆ་གཙོ་བོ་བཞི་སྟེ།ཕོ་ཉའི་བྱུང་རིམ་དང་།ལམ་གྱི་བཀོད་པ།སྡོད་གནས་སྟོན་པ།འཕྲིན་དུ་བྱ་བ་འདི་བཞི་བོ་ལས་གཉིས་པ་ལས་གྱི་བཀོད་པའི་སྟེང་ནས་སྙན་རྩོམ་འདི་གཉིས་ལ་གཤིབ་བསྡུར་རགས་ཙམ་བྱེད་རྒྱུ་ཡིན།
སྙན་རྩོམ་གཉིས་ཀའི་གང་ཡིན་ཡང་ལམ་གྱི་བཀོད་པའི་འབྲི་བཞེངས་འདིས་སྙན་རྩོམ་ཡོངས་ལས་ཆ་ངེས་ཅན་ཞིག་ཟིན་ཡོད་དེ།<<སྤྲིན་གྱི་ཕོ་ཉ>>ལ་ཁྱོན་བསྡོམས་ཤོ་ལོ་ཀ་བརྒྱ་དང་བཅུ་བདུན(བྱང་ཆུབ་རྩེ་མོའི་འགྱུར་ལྟར་བྱས་པ་ཡིན)ཡོད་པ་ལས་ལམ་གྱི་བཀོད་པའི་འབྲི་བཞེངས་ལ་ཤོ་ལོ་ཀ་དྲུག་ཅུ་རེ་དྲུག་ཡོད།<<ཕོ་ཉ་གཞོན་ནུ་དོན་གྲུབ>>ལ་ཁྱོན་བསྡོམས་ཤོ་ལོ་ཀ་བརྒྱ་དང་ཉེར་བརྒྱད་ཡོད་པ་ལས་ཤོ་ལོ་ཀ་རེ་དགུས་ལམ་གྱི་བཀོད་པའི་འབྲི་བཞེངས་བྱས་འདུགདེ་ལྟར་སྙན་རྩོམ་གཉིས་ཀྱི་རྩོམ་ཕྱེད་ལྷག་ནི་ལམ་གྱི་བཀོད་པའི་འབྲི་བཞེངས་འདིས་ཟིན་ཡོད་པས།ལམ་ཁའི་བཀོད་པའི་འབྲི་བཞེངས་འདིས་སྙན་རྩོམ་ཡོངས་ལས་གོ་ས་ཆེས་ཆེན་པོ་ཞིག་བཟུང་ཡོད་པ་སྨོས་མ་དགོས་པ་ཞིག་རེད།ཡིན་ན་ཡང་།སྙན་རྩོམ་གཉིས་ལས་ལམ་གྱི་བཀོད་པ་འདི་ཇི་ལྟར་འབྲི་བ་དང་།དེ་ལྟར་བྲིས་པའི་དགོས་པ།བྲིས་པ་ལས་ཐོན་པའི་དགེ་མཚན་སོགས་ཀྱི་ཆ་ནས་མི་འདྲ་ས་ཅུང་ཆེན་པོ་ཡོད་པ་རེད།
<<སྤྲིན་གྱི་ཕོ་ཉ>>ལམ་ཁའི་རང་བྱུང་གི་ཡུལ་ལྗོངས་འབྲི་བ་ཡིན་ནའང་འད༎ལམ་ཁའི་རྣམ་པའམ་འཚོ་བ་འབྲི་བ་ཡིན་ནའང་འདྲ།དེ་གཉིས་གསལ་བར་མཚོན་ཐབས་སུ་བཀོད་པའི་དཔེ་དག་ཡིན་ནའང་འདྲ།ཇི་ལྟར་ན་རྩ་ཐམས་ཅད་སྙིང་དང་འབྲེལ་ཆགས་པ་ཤ་སྟག་གིས་ལྕགས་ཀྱི་གོང་བུ་ལྟ་བུ་དང་།རྩོམ་གྱི་བརྗོད་སྙིང་ངམ་བསྟན་དོན་དེ་བླ་ལྷག་ཏུ་མཚོན་ཕྱིར་རྩོམ་པ་པོས་ལམ་ཁའི་ཡུལ་དང་གང་ཟག་ལ་གདམ་གསེས་དང་ལས་སྣོན་གྱིས་ཡུལ་ལྗོངས་དང་གནས་ཁྱིམ་དེ་དག་ཡུལ་ལྗོངས་རང་ག་བ་དང་གང་ཟག་གི་བྱ་སྤྱོད་རང་ག་བ་ཞིག་གི་ཚད་ལས་མ་བསྐྱུར་བར།དེའི་སྟེང་ལ་རྩོམ་པ་པོ་རང་གི་བསམ་པའི་བརྩེ་དུངས་ཀྱི་ཞེ་འདོད་ཟབ་མོ་ཐེབས་པར་བྱས་པས།རྩོམ་གྱི་བསྟན་དོན་དགའ་མ་དྲན་པའམ་དགའ་མ་དང་བྲལ་བའི་སྐྱོ་གདུང་མཚོན་པར་གསེར་གཞོང་མར་ཁུས་བརྒྱན་པ་ལྟ་བུའི་རམ་འདེགས་ཀྱི་ནུས་པ་ཐོན་འདུག
<<ཕོ་ཉ་གཞོན་ནུ་དོན་གྲུབ>>ཀྱིས་རང་བྱུང་གི་ཡུལ་ལྗོངས་དང་མིའི་རྣམ་པའམ་འཚོ་བ་སྟེ་ལམ་གྱི་བཀོད་པའི་གྲུབ་ཆ་གཙོ་བོ་འདི་གཉིས་འབྲི་དུས།རྩོམ་པ་པོ་རང་གིས་ལས་སྣོན་དང་གདམ་གསེས་ཆེན་པོ་མེད་པར་ཕྱི་རོལ་ཡུལ་གྱི་སྟེང་ལ་གཞོལ་བ་སྟེ།ཡུལ་གྱི་སྟེང་ན་ཇི་ལྟར་ཡོད་པ་དེ་ལྟར་དུ་མཐོ་བ་ལ་ཆེས་མཐོ་བར་དང་།རིང་བ་ལ་ཆེས་རིང་བར།སྐྱིད་པ་ལ་ཆེས་སྐྱིད་པར་དང་།སྡུག་པ་ལ་ཆེས་སྡུག་པར་སྟོན་པའི་སྙན་ངག་གི་འུད་བརྗོད་དང་འཁྱོག་བརྗོད་ཀྱི་ཐབས་རྩལ་དུ་བཏོན་ནས་བསྟན་པས།སྐབས་ཐོག་དེའི་ཡུལ་བྱེ་བྲག་པ་དེ་སྟོན་པར་ཐུན་མིན་གྱི་དགེ་མཚན་ཆེན་པོ་ཐོན་པར་བྱས་ཡོད་ཀྱང་།དེ་ལྟར་བྲིས་པས་ཡུལ་ལྗོངས་དང་གང་ཟག་གི་བྱ་སྤྱོད་དེ་དག་ཀྱང་རང་ག་བའམ་ཕལ་བའི་ངོས་ནས་ལུས་པ་དང་།ནང་ཕན་ཚུན་བར་གྱི་སྦྲེལ་བྱེད་ཀྱི་ཕྲེང་ཐག་ནང་བསམ་པའི་བརྩེ་དུངས་ཀྱི་ཆ་ནས་མ་ཐོན་པ།སྙན་རྩོམ་ཡོངས་ཀྱི་བརྗོད་སྙིང་འབུར་དུ་ཐོན་མེད་པ།སྙན་རྩོམ་ཡོངས་ཀྱི་ཁྱབ་ཁོངས་དེ་འདྲའི་ཆ་མཐུན་ཞིག་མ་ཡོང་བ།ད་དུང་ཀློག་པ་པོར་ཡང་སིལ་བུར་རམ་ཐོར་བུའི་ཚོར་སྣང་སྟེར་བ་བཅས་ཀྱིས་སྙན་ངག་ཡོངས་ཁྱབ་བམ་རིལ་བོའི་སྟེང་ནས<<སྤྲིན་གྱི་ཕོ་ཉ>>ལྟ་བུའི་དགེ་མཚན་མ་ཐོན་སྙམ།
གཅིག    ལམ་ཁའི་རང་བྱུང་ཡུལ་ལྗོངས་ཀྱི་འབྲི་ཚུལ།
སྤྱིར་རྩོམ་རིག་གི་རྣམ་པ་གང་དང་གང་ཡིན་ཡང་།དེ་ཁོར་ཡུག་འབྲི་བཞེངས་ལས་སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཁོར་ཡུག་གང་དང་ཡང་འབྲལ་ཐབས་མེད་པ་ཞིག་ཡིན།ཁོར་ཡུག་འདི་བརྩམས་སྒྲུང་ལ་མཚོན་ན་བརྩམས་སྒྲུང་གི་གྲུབ་ཆ་གཙོ་བོ་གསུམ་གྱི་ཡ་གྱལ་གཅིག་ཡིན་ལ།ལྷུག་རྩོམ་ལ་མཚོན་ན།གཙོ་བོ་ཡུལ་ལྗོངས་ཀྱི་བཀོད་པའི་འབྲི་བཞེངས་ལ་བརྟེན་ནས་རྩོམ་པ་པོ་རང་ཉིད་ཀྱི་ནང་བསམ་པའི་འགྱུར་བ་སྦས་པའི་ཚུལ་གྱིས་མཚོན་པར་བྱེད་པ་ཡིན་པས།སྲོག་ཤིང་ལྟ་བུར་གྱུར་ཡོད་པ་སྨོས་མི་དགོས།སྙན་ངག་ལ་མཚོན་ན་ཡང་སྤྱི་ཚོགས་ན་ཡང་སྤྱི་ཚོགས་ཁོར་ཡུག་དང་ཡང་འབྲལ་ཐབས་མེད་པར་མ་ཟད་རང་བྱུང་ཁོར་ཡུག་དང་འབྲལ་ཐབས་ཡོད་པ་མ་རེད།ཡིན་ན་ཡང་སྙན་ངག་རང་ཉིད་ནི་རྩོམ་རིག་གི་རྣམ་པ་གཞན་ཞིག་དང་མི་མཚུངས་པར་ཚད་མཐོན་པོའི་སྒོ་ནས་གཅིག་འདྲིལ་བྱེད་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་ཙ་ན།བརྩམས་སྒྲུང་དང་ལྷུག་རྩོམ་ལྟར་རང་ལ་མཁོ་བའི་ཡུལ་ལྗོངས་དེ་རྒྱས་འབྲི་བྱས་པས་རིགས་པ་མ་ཡིན།སྙན་ངག་གི་སྲོག་དབང་དུངས་ཞེན་ཟབ་མོའི་སྟེང་ན་ཡོད་པས།ཡུལ་ལྗོངས་“སྐམ་པོ་བ”ཞིག་གིས་གཏན་ནས་མི་རུང་།སྙན་ངག་ལ་མཚོན་ན་རྩོམ་དུ་འཁོད་པའི་ཡུལ་ལྗོངས་དེ་ཉིད་མིག་ངོར་གསལ་གྱི་ལེར་འཆར་ཐུབ་པ་ཞིག་དགོས་པ་མ་ཟད།ད་དུང་དེ་ཙམ་གྱིས་ཀྱང་མི་ཆོག་པར།ཡུལ་ལྗོངས་དེ་རྩོམ་པ་པོའི་ནང་སེམས་ཀྱི་འགྱུར་བ་དང་ཆུ་ལ་ཆུ་བཞག་པ་ལྟ་བུའི་རོ་གཅིག་ཏུ་གྱུར་པ་ཅན་ཞིག་དང་། བརྗོད་བྱའི་བསྟན་དོན་དང་མཐུན་པའི“ཁམས”ཤིག་ལྷན་སྐྱེས་ཀྱིས་འཐུལ་བཞིན་ཡོད་པ་ཞིག་ཡིན་དགོས།དེ་ལྟ་བུ་ཡིན་ན་ད་གཟོད་མྱོང་རོལ་གྱི་རིན་ཐང(欣赏价值)ཡོད་པ་རེད།
དེང་སྐབས་ལ་ལ་ཞིག་གིས་སྙན་རྩོམ་འདིས་ཀློག་པ་པོའི་མིག་སྔར་ཡུལ་ལྗོངས་འདི་དང་འདི་ལྟ་བུ་ཞིག་གསལ་པོར་བསྟན་ཏོ་ཞེས་སྙན་རྩོམ་འགའ་ཞིག་གི་དགེ་མཚན་བླ་ན་མེད་པར་སྒྲོག་གིན་འདུག་ཀྱང་།དེ་ལྟ་བུ་བརྩམས་སྒྲུང་དང་ལྷུག་རྩོམ་ལ་སྦྱར་ན་ཅུང་ཟད་འཕྲོད་པ་ཡིན་ཡང་།སྙན་ངག་ལ་དེ་ཙམ་ཁོ་ནས་ད་དུང་གཏན་ནས་མི་ཆོག་པ་གོང་དུ་བསྟན་པ་ལྟར་རོ།།ནང་སེམས་ཀྱི་འགྱུར་བའམ་བརྗོད་བྱའི་བསྟན་དོན་དང་མི་འབྲེལ་བའི་ཡུལ་ལྗོངས་མིག་ངོར་དངོས་སུ་བསྟན་པ་ལྟ་བུའི་ཞིབ་ཚགས་ཅན་དུ་འབྲི་བཞེངས་བྱས་ཐུབ་ཡོད་ཀྱང་།སྙན་ངག་ལ་མཚོན་ན་དེ་ནི་རྐང་པ་ཡ་གཅིག་ཞ་བའི་མཛེས་མ་དང་གཉིས་སུ་མེད།
སྙན་རྩོམ<<སྤྲིན་གྱི་ཕོ་ཉ>>དེའི་ཐད་ནས་དགེ་མཚན་ཆེན་པོ་ཐོན་པར་བྱས་ཡོད།རྩོམ་འདིས་ཡུལ་དེ་གའི་ཡུལ་ལྗོངས་ཐམས་ཅད་ཚད་མཐོ་གཅིག་འདྲིལ་གྱིས་གསལ་བར་བསྟན་ཡོད་པར་མ་ཟད།མི་སྣའི་ནང་སེམས་ཀྱི་འགྱུར་བ་སྟེ་དགའ་མར་འཕྲད་འདོད་དང་དགའ་མ་དང་བྲལ་བའི་གདུང་བ།དགའ་མ་དྲན་པའི་སེམས་འཚུབ་སོགས་ཀྱི་ཞེན་བློ་ཡུལ་ལྗོངས་ཀྱི་སྟེང་དུ་ཐེབས་པར་བྱས་ནས།ཡུལ་ལྗོངས་དང་བསམ་པའི་འགྱུར་བ་ངོ་བོ་རོ་གཅིག་ཏུ་གྱུར་ཏེ་ཡུལ་ལྗོངས་རྐྱང་བའམ་ཁེར་ཚུགས་ཅན་གྱི་ཚད་ནས་གཏན་ནས་བསྐྱུར་མེད་།དཔེར་ན།“ར་གྷུའི་བདག་པོའི་ཞབས་ཀྱིས་མཚན་པའི་རི་ངོས་རྣམས་ལ་སྐྱེ་བོ་ཀུན་གྱིས་ཕྱག་བྱེད་པའི།།ཆེ་བའི་རི་བོ་འདི་ནི་ཁྱོད་ཀྱི་དགའ་བའི་གྲོགས་བཟང་ཁྱོད་ལངས་འཁྱུད་པ་སྔོན་འགྲོ་བའི།།མཛའ་བ་གསལ་བྱས་ཡུན་རིང་འབྲལ་ལས་བྱུང་བའི་མཆི་མའི་དྲོ་བའང་འབྱུང་བ་ཡོངས་མཐོང་ལ།།ཁྱོད་དང་གང་དེ་དུས་སུ་དག་ཏུ་ཡང་དག་མཇལ་འགྱུར་ཞེས་ནས་ཁམས་བདེ་མཛོད།།”ཅེས་པ་ལྟ་བུ་ཕྱི་ཚུལ་ནས་བལྟས་ན་སེམས་མེད་ལ་སེམས་ལྡན་དུ་རྟོག་པའི་སྙན་ངག་གི་རྒྱན་མཆོག་གྱུར་སེམས་ལྡན་རབ་རྟོག་ལྟ་བུར་སྣང་ཡང་།སྤྲིན་གྱི་ཕུང་པོ་བགྲོད་པའི་ཚུལ་ལ་འབྲི་ཚུལ་ཤིན་ཏུ་སྣང་མང་པོ་ཡོད་བཞིན་དུ་སྙང་ངག་པས་བསམ་གཟས་ནས་སེམས་ལྡན་རབ་རྟོག་གི་ཚུལ་དང་།དེ་ལས་ཀྱང་སྤྲིན་གྱི་ཕུང་པོ་ཁྱོད་ཉིད་རྰ་མའི་རི་བོ་འདི་དང་ཁ་འབྲལ་དགོས་པས་ཁྱོད་ཀྱིས་ཐོག་མར་ཡར་ལངས་ཏེ་རང་གི་གྲོགས་རྰ་མའི་རི་བོ་འདིའི་མགྲིན་པར་དམ་དུ་འཁྱུད་ཅིག་ཅེས་པ་དང་།ཁྱོད་དང་རྰ་མའི་རི་བོ་གཉིས་ད་ནས་ཁ་འབྲལ་དགོས་པས་མཆི་མ་དྲོན་པོའང་ལྷུང་བར་འགྱུར་ངེས་ཞེས་པ་དང་།ཡུན་རིང་མི་འགྱངས་པར་སླར་ཡང་མཇལ་བར་འགྱུར་ངེས་ཞེས་ཁམས་བདེ་ཡང་མཛོད་ཅིག་ཅེས་མཛའ་གཅུགས་སེམས་ཀྱི་མདུད་པ་དམ་པའི་གཞོན་ནུ་ཕོ་མོ་གཉིས་ཀྱི་ཚུལ་དུ་བྲིས་པར་ཞིབ་ཏུ་བསམ་ན།འདི་ནི་སྤྲིན་དང་རི་བོའི་གནས་ཚུལ་རང་ག་བ་ཞིག་བྲིས་པ་མིན་པར།སྙན་ངག་པ་རང་གི་བསམ་པའི་འདུ་བྱེད་ཀྱི་ལས་ཆེས་ཆེར་གཡོས་ཏེ།དམིགས་ཡུལ་ཡོད་པ་དང་དགོས་པ་ཆེན་པོ་ཞིག་གི་དོན་དུ་དེ་ལྟར་དུ་བྲིས་པ་གདོན་མི་ཟ།དེ་ཡང“ལྟོ་འདུན་ཅན་ལ་ཅི་ཡང་ཟས།།འདོད་སྲེད་ཅན་ལ་ཅི་ཡང་ནོར”ཟེར་བ་ལྟར།རང་གི་དགའ་མ་དང་བྲལ་བའི་གདུང་བ་མི་ཟད་པ་ཡིད་ལ་བཅགས་པའི་བརྩེ་དུང་གིས་མནར་བའི་སྐྱེས་བུར་མཚོན་ནའང་།གང་སྣང་བ་ཐམས་ཅད་རང་གི་སྐབས་ཐོག་དང་འབྲེལ་བའི་ཕོ་མོའི་མཛའ་བ་དང་ཕོ་མོའི་འདུ་འབྲལ་ལས་མི་འདའ་བས་ན།སྙན་ངག་པས་ཀྱང་འདི་ལྟའི་སེམས་ཁམས་ཀྱི་ཆོས་ཉིད་དེ་གཞིར་བཟུང་ནས་ཐབས་མཁས་ཀྱིས་སྤྲིན་དང་རི་བོའི་རྣམ་པར་རབ་རྟོག་གི་རྒྱན་གྱིས་བྲིས་པ་ཤུགས་ནས། དོན་གྱིས་རྩོམ་གྱི་མི་སྣའི་ནང་སེམས་ཀྱི་གྱེས་གདུང་གི་མྱ་ངན་དྲག་པོ་དེ་མཚོན་པར་བྱས་པ་རེད། དེས་ན། ང་ཚོའི་མིག་ངོར་བསྟར་ཞིང་ཚིག་ཟིན་ན་བྲིས་ཡོད་པའི་སྤྲིན་དང་རི་བོའི་རྣམ་པ་དེ་ནི་ཐབས་ཙམ་དང་མཚོན་བྱེད་ཙམ་ཡིན་ལ།མཚོན་བྱའམ་དམིགས་ཡུལ་དངོས་ནི་ཕོ་མོའི་བར་གྱི་འབྲལ་དཀའི་སེམས་པ་དང་བྲལ་བའི་མྱ་ངན་དེ་ཡིན།དེ་ལྟ་བུའི་མཚོན་བྱའི་སེམས་པ་དེ་ཡང་བཙན་ཐབས་ཀྱིས་བཙིར་ནས་བཏོན་པ་ལྟ་བུའམ།རྩོམ་པ་པོས་གསལ་རྗེན་དུ་བརྗོད་པ་ལྟ་བུ་མ་ཡིན་པར།སྤྲིན་དང་རི་བོའི་ཡུལ་ལྗོངས་འབྲི་བཞེངས་ཀྱི་ཤུགས་ནས།ཕྱེད་མངོན་ཕྱེད་སྦས་ཀྱིས་རང་བྱུང་ལྷུག་ལྷུག་ཏུ་ཐོན་པ་ཡིན་པས།ཚིགས་བཅད་འདིས་དངོས་སུ་ཚད་མཐོན་པོའི་སྒོ་ནས་ཕྱིའི་ཡུལ་ལྗོངས་དང་ནང་གི་སེམས་པ་མཚོན་བྱེད་ཀྱི་རྟེན་དུ་འགྱུར་བར་བྱས་ཡོད།
ཚིགས་བཅད་ཉེར་བཞི་པས་ཀྱང་“ཀ་ཡེ་གྲོགས་པོ་ཁྱོད་ནི་བདག་གི་དགའ་མའི་དོན་ལ་མྱུར་དུ་འགྲོ་སྙམ་ཡོད་ན་ཡང་།།ཀ་ཀུ་བྷ་ཡི་དྲི་ལྡན་རི་བོ་རྣམས་ལ་ཡུན་རིང་ཐོགས་པར་བདག་ གིས་ཤེས།།གཙུག་ཕུད་ཅན་གྱི་འདྲེན་བྱེད་ཆུ་དང་བཅས་པས་ལེགས་པར་འོངས་སམ་བྱས་ནས་ཡུན་རིང་གནས་པར་འདོད།།དེ་སླད་ཁྱོད་ནི་ཤིན་ཏུ་མྱུར་བར་འགྲོ་བར་འགྱུར་བ་དག་ཀྱང་ཇི་ལྟར་ཡིན།།”ཞེས་པ་སྤྱིར་སྤྲིན་འཁྲིགས་ཏེ་འབྲུག་སྒྲ་གྲགས་པ་ལས་རྨ་བྱས་གུར་བྱེད་པ་ཟེར་སྒྲོས་ཡིན་ཡང་རྩོམ་པ་པོས་དགའ་མ་དང་བྲལ་བའི་གདུང་བ་དེ་ཉིད་རྨང་བྱས་པས།“བདག་གཞན་མཉམ་བརྗེའི”ཚུལ་དུ་རྨ་བྱས་ཡུན་རིང་བྲལ་བ་ཁྱོད་དང་མཇལ་བ་ལ་བརྟེན་ནས་མིག་ནས་དགའ་སྐྱོ་ཟུང་གི་མཆི་མ་འཁྲིགས་ཤིང་ཁྱོད་བདེ་བར་སླེབས་སམ་ཞེས་ངག་ནས་ཀྱང་བརྗོད་པར་འགྱུར།དེ་ལྟའི་གནས་སྐབས་སུ་ཁྱོད་ཉིད་ཡུན་རིང་བྲལ་བའི་རང་གི་གྲོགས་མོ་རྨ་བྱ་དང་ལན་ཙམ་འཕྲད་པ་ཡིན་པས་ཁྱོད་མྱུར་བར་འགྲོ་བ་དཀའ་བའི་གནས་ཡིན་ལ། ཁྱོད་མྱུར་དུ་མ་སོང་ན་བདག་དང་དགའ་མའི་འཕྲིན་བྱ་བའི་དུས་འགྱངས་པར་ངེས་དེ་ལྟའི་གནས་སྐབས་ནི་ངོ་མས་ཅི་བྱ་གཏོལ་མེད་པའོ།།ཞེས་ཕྱི་ཚུལ་ནས་སྤྲིན་དང་རྨ་བྱའི་བར་གྱི་གཅིག་སེམས་ལ་འཁྲི་བའི་ངང་ཚུལ་དེ་བརྗོད་པ་ཡིན་ཡང་།དོན་གྱིས་བཟའ་ཟླ་ཡིན་བཞིན་དུ་བཟའ་ཟླའི་ལས་ལ་འཇུག་མི་ཐུབ་པའི་ལས་ངན་ཁྱོ་ཤུག་ཟུང་གི་རེ་སྒུག་གི་སེམས་པ་དང་མཇལ་འདོད་ཀྱི་སེམས་པ་དེ་མཚོན་པ་ཡིན་ཏེ།རང་གི་དགའ་མ་དང་ཡུན་རིང་བྲལ་བའི་ཆགས་ལྡན་སྐྱེས་པ་དེ་ལ་མཚོན་ནའང་དེ་ཉིད་འབྲུག་གི་སྒྲ་དབྱངས་ཐོས་པས་དགའ་མགུའི་མཆི་མ་མིག་མཐར་འཁྲིགས་པའི་རྨ་བྱའི་སེམས་པ་ལས་དམན་པ་ཞིག་ག་ལ་ཡིན་སྲིད།ལྷག་པར་དུ་ཚིགས་བཅད་འདིའི་ནང་དུ་སྐྱེས་བུ་རང་ཉིད་ཀྱི་འདོད་པ་དང་བསྟུན་ན་སྤྲིན་ཕུང་དེ་ཉིད་མྱུར་དུ་རང་གི་དགའ་མའི་ཕྱོགས་སུ་འགྲོ་དགོས་པ་དང་།ཡང་རང་གི་གནས་སྐབས་སམ་དཔེ་རང་ཐོག་ལ་བསྐོར་ན་སྤྲིན་ཕུང་དེ་ཉིད་ཡུན་རིང་བསྒུགས་པའི་རྨ་བྱ་དང་གྱེས་ཏེ་མྱུར་དུ་མངགས་པ་མི་འོས་པའམ་མི་རིགས་པས།གནས་སྐབས་དེར་ཁྱོད་ལ“མྱུར་དུ་གཤེགས་དགོས”ཞེས་རང་གི་འདོད་པ་དང་བསྟུན་ནས་སྨྲས་ན་མི་རིགས་ལ།“ཡུན་རིང་གནས་པར་མཛོད”ཅེས་སྤྲིན་ཕུང་དང་བསྟུན་ནས་སྨྲས་ནའང་མི་རིགས་པར་བསྟན་པའི་གཞི་གཅིག་ལས་བྱུང་བའི་འགལ་བའི་སེམས་པ་དྲག་པོ་འདིས།དངོས་བརྒྱུད་གཉིས་ནས་སམ་ཡུལ་གྱི་ཆ་དང་ཡུལ་ཅན་གྱི་ཆ་ཕྱོགས་གཉིས་ཀ་ནས་ཅིག་ཅར་དུ་འབྲལ་མི་ཐུབ་བཞིན་དུ་བཙན་ཐབས་ཀྱིས་དབྲལ་བྱར་བྱས་པའི་འདོད་ལྡན་སྐྱེས་པའི་སེམས་ཀྱི་བརྣག་དཀའི་གདུང་བ་ཆེན་པོ་དེ་མཚོན་པར་བྱས་པས།སྐྱོ་གདུང་དང་སུན་སྣང་།འཁྲི་སེམས་ཀྱི་ཚད་ཀྱང་སྔར་བས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ།ཚད་ཇེ་མཐོར་བཏང་ཡོད་པ་རེད།
ད་དུང་ཡང“ཁྱོད་ནི་ལེགས་པར་འོངས་ཚེ་སྙན་པའི་སྒྲ་བསྒྲགས་དུས་ན་གྲུབ་པ་རྣམས་ཀྱིས་མཆོད་བྱེད་ཅིང་།།ཙྰ་ཏ་ཀ་རྣམས་ཆུ་ཡི་ཐིགས་པ་བཟུང་ནས་དགའ་བས་འཐུང་ལ་ལྟ་བར་བྱེད་བཞིན་དང་།།ཆུ་སྒྲོགས་རྣམས་ནི་ཕྲེང་བར་བསྒྲིགས་ནས་ཡོངས་སུ་བསྒྲེང་ཞིང་ཅི་ཞེས་ངེས་པར་ལྟ་བཞིན་དང་།།མཆོག་ཏུ་འདར་བྱས་དགའ་བས་དགའ་མ་ལ་ནི་དམ་དུ་འཁྱུད་པ་རྣམས་ནི་བྱེད་པ་ཡིན།།”ཞེས་རང་ཉིད་ཆད་པས་སྤྱུགས་པའི་དབང་གིས་རྒྱང་རིང་རྰ་མའི་རི་བོར་བསྡད་དེ་དགའ་མ་དང་མཉམ་དུ་དགའ་མགུར་རོལ་བསི་སྐལ་བ་ནི་གཏན་ནས་མེད་པ་ཡིན་ལ།སོ་སོའི་གནས་སྐབས་ཀྱི་གཏམ་ཙམ་ཡང་གོ་རྒྱུ་མེད་པར།དེ་ལྟའི་བྱ་བ་དེ་ཉིད་སྤྲིན་ཕུང་དཀར་པོ་འདི་ཉིད་ཁོ་ནས་སྒྲུབ་ཐུབ་པས“གྲུབ་པ་རྣམས་ཀྱིས་མཆོད་པར་བྱེད”ཅེས་སེམས་ཡོད་རྣམས་ཀྱིས་སེམས་མེད་སྤྲིན་ཕུང་ལ་མཆོད་པར་བྱེད་པའང་སྙན་རྩོམ་འདིར་བཀོད་ཅིང་།དེ་ལྟར་དུ་སྤྲིན་གྱི་ཕུང་པོ་དེ་ལ་མཚོན་པ་དང་བཀུར་བསྟི་གཅེས་སྤྲས་མཛད་པའམ་ལུགས་མཐུན་དོན་མཐུན་ཞིག་ཡིན་པར་བསྟན་པའི་ཤུགས་ལ།འུ་ཐུག་ཐབས་ཟད་ཀྱི་སྐྱེས་བུ་ཞིག་གིས་རེ་བ་ཤུགས་དྲག་ཅིག་གི་དོན་དུ་སྡུག་གི་མཆི་མ་ཁོག་ཏུ་མིད་ཅིང་མགོ་བོ་སྨད་ནས“མགོན་སྐྱབས”ཀྱི་དཀོན་མཆོག་ཅིག་ལ་ཁོག་ནས་རེ་ལྟོས་ཀྱི་ཞུ་སྨོན་འབུལ་བཞིན་པའི་ཉམས་དང་ཉམས་ཚོར་ཞིག་ང་ཚོར་སྐྱེ་ཐུབ།དེ་ནས་ཡང་སྐོམ་པས་གདུང་བའི་ཙྰ་ཏ་ཀ་རྣམས་ཀྱིས་སྐོམ་སེལ་གྱི་ཆུ་ཐིགས་རྙེད་པས་དགའ་བས་འཐུང་བཞིན་ཡོད་ཅིང་།ཆུ་སྒྲོགས་རྣམས་ཀྱིས་ཆགས་པས་འདར་བ་དང་བཅས་ཏེ་རང་གི་དགའ་མར་དམ་དུ་འཁྱུད་དོ་ཞེས་འདི་དང་རང་གི་མགྲིན་པར་འཁྱུད་བྱའི་དགའ་མ་རིང་དུ་གནས་པ་དང་།རང་ཉིད་ཀྱི་སྐོམ་པའི་ཆུ་འདོད་ལྟར་གྱི་དགའ་མ་རིང་ཉིད་ཀྱིས་ཇི་ལྟར་དྲན་ཡང་དབང་ལྔའི་སྤྱོད་ཡུལ་དུ་གང་ལྟར་ཡང་མི་འགྱུར་བ་གཉིས་ཀྱི་རང་གི་འདོད་པ་གཞན་ལ་འཛོམས་པ་དང་།གཞན་ལ་ཡོད་ཅིང་རང་ལ་མཁོ་བ་རང་ལ་མེད་པའི་འགལ་བའི་གནས་བབ་གྲང་ཤུར་བ་འདིས་བཟློག་བསྡུར་གྱི་སྒོ་ནས་རང་ལ“ཅི་ཡང་མེད་པའི”ཁེར་ཧྲེང་གི་མྱ་ངན་དྲག་པོ་དེ་གཏིང་ཟབ་ས་ནས་མཚོན་པར་བྱས་པ་རེད།
“ཨ་ཝནྟའི་ཡུལ་ཐོག་ནས་ཨུ་ཏ་ཡ་ནའི་གཏམ་ནི་གྲོང་གི་རྒན་མོས་ཤེས་པ་ཡོད།།”ལྟ་བུ་ཡང་སྤྱིར་ལམ་བར་དག་ན་ཚངས་དབང་བརྒྱ་བྱིན་ལ་སོགས་པ་ལས་གྱུར་པའི་གཏམ་རྒྱུད་ཤེས་པ་མང་དུ་ཡོད་པ་གོར་མ་ཆག་ཀྱང་།རྩོམ་པ་པོས་འདིར་བསམ་གཟས་ནས་ཨུ་ཏ་ཡ་ནའི་གཏམ་སྟེ་རྒྱལ་ཁབ་ཅིག་གི་རྒྱལ་པོ་ཡིན་ཡང་མཛེས་མ་ཨ་ཝནྟའི་དོན་དུ་རང་གི་རྒྱལ་སྲིད་ཀྱང་ཤོར་ལ་ཁད་དུ་གྱུར་པའི་གཏམ་རྒྱུད་གྲོང་གི་རྒན་མོ་ཚུན་གྱིས་ཤེས་ཞེས་འདིར་བཀོད་པའམ་མཐར་གཏུགས་ན་མི་སྣའི་སྐབས་ཐོག་དེའི་མྱ་ངན་གྱི་མྱོང་བ་མཚོན་བྱེད་དུ་གྱུར་པ་ཞིག་ཡིན།འདི་ཡང་རྩོམ་པ་པོས་ལས་སྣོན་དང་གདམ་གསེས་མེད་པར་ཡུལ་དེའི་གནས་ཚུལ་རང་ག་བ་ཞིག་དམིགས་མེད་དུ་ཇི་བཞིན་བྲིས་པ་ཞིག་གཏན་ནས་མ་ཡིན།“བུད་མེད་མི་འདོད་སྐྱེས་པ་སུ་ཞིག་མཆིས།།སྐྱེས་པ་མི་འདོད་བུད་མེད་སུ་ཞིག་མཆིས།།ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ།།ཐམས་ཅད་ཀུན་ཀྱང་འདི་ལ་མོས་པར་ངེས།།”ཞེས་པ་ལྟར་འཇིག་རྟེན་སྣང་བའི་དགའ་བདེ་འདི་བདག་ཅག་འདོད་པའི་ས་པའི་སེམས་ཅན་སྤྱི་ཤས་ཐང་ཐང་དུ་དོན་དུ་གཉེར་བྱའི་གནས་ཤིག་དང་།སེམས་ཅན་སྤྱིས་ལ་ཡོད་ཆོག་ཆོག་གི་དོན་མཐུན་ལུགས་ཀྱི་གནས་ཚུལ་ཡོངས་ཁྱབ་པ་ཞིག་ཡིན་བཞིན་དུ།ད་ལྟ་ཁོ་རང་ལ་ཅི་ཡང་མེད་པའི་ལས་དབང་ངན་པ་དེ་ཚིགས་རྐང་འདིས་གབ་སྦེད་ཀྱི་ཚུལ་གྱིས་མངོན་པར་བྱས་འདུག དེ་ལྟར་རྩོམ་པ་པོས་སེམས་གཏིང་ནས་ཐོན་པའི་དུངས་ཞེན་ཕྱིའི་ཡུལ་ལྗོངས་ཀྱི་སྟེང་དུ་ཐེབས་པར་བྱས་ཏེ། བརྗོད་བྱ་གསལ་པོར་ངེས་ཡང་བརྗོད་བྱའི་དོན་གླེན་པས་རོ་མྱོང་བ་ཇི་བཞིན་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཀློག་པ་པོའི་ཡིད་དབང་གི་མཚོ་མོ་ཡང་ཡང་སྐྱོམ་པར་བྱེད་པ་རྩོམ་འདིར་རེ་ཟུང་ཙམ་མ་ཡིན་པར་མང་དུ་ཡོད། དེར་མ་ཟད་རྩོམ་གྱི་བརྗོད་སྙིང་དགའ་མ་དང་བྲལ་བའི་གདུང་བ་དང་དགའ་མ་དང་མཇལ་འདོད་ཀྱི་སེམས་པའི་སྲད་བུ་འདིས་མགོ་མཇུག་བར་གསུམ་གྱི་ཡུལ་ལྗོངས་སོ་སོ་བ་ཐམས་ཅད་ཕྱོགས་གཅིག་ཏུ་ལྷུན་གྱིས་སྦྲེལ་བར་གྱུར་པས་ཕན་ཚུན་བར་ལ་ཕྱིའི་ས་རྒྱུས་ཀྱི་ཆ་ནས་མ་ཟད།ནང་དོན་གྱི་སྟེང་ནས་ཀྱང་འབྲེལ་དམ་པར་གྱུར་པ་ལྕགས་གོང་རིལ་བུའི་ཚུལ་དུ་སླེབས་ཡོད།<<ཕོ་ཉ་གཞོན་ནུ་དོན་གྲུབ>>ཀྱིས་ཕྱི་རོལ་གྱི་ཡུལ་ལྗོངས་ཇི་བཞིན་པ་མཚོན་པ་གཙོ་བོར་བྱས་པས།ང་ཚོས་ཚིག་ཟིན་དངོས་ནས་རྩོམ་གྱི་བརྗོད་སྙིང་འཚོལ་བར་འགྱུར་བ་ལས།ཁོ་རང་གི་ཡུལ་ལྗོངས་ཀྱི་སྟེང་ནས་བརྗོད་བྱའི་སྙིང་པོ་གང་ཡིན་པ་གསལ་པོར་ཤེས་དཀའ།ཡུལ་ལྗོངས་ནང་ཕན་ཚུན་བར་ལའང་ཕྱིའི་ས་རྒྱུས་ཀྱི་འབྲེལ་བ་ལས།<<སྤྲིན་གྱི་ཕོ་ཉ>>བཞིན་དུ་རྒྱུན་གཅིག་པའི་དྲན་གདུང་གི་སེམས་པ་དྲག་པོས་ཐམས་ཅད་ལ་ཁྱབ་པ་ཞིག་མེད་ཙ་ན།ནང་དོན་གྱི་ཆ་ནས་དེ་འདྲའི་འབྲེལ་བ་དམ་པོ་ཞིག་ཀྱང་བྱུང་ཐུབ་མེད།
“གངས་དཀར་རལ་སྟུག་པོའི་ཐོར་ཅོག་གི།རྩེ་མོ་མཁར་བསྙེགས་ཉི་ཟླའི་རྣ་ཆ་ཟུང་།།མགུལ་བར་བཟུང་བའི་འབིགས་བྱེད་རི་བོའི་སྤུན།།སྨིག་རྒྱའི་ཀ་བ་དགུང་ལ་བཙུགས་པ་འདྲ།།”ལྟ་བུར་མཚོན་ན།ཤོ་ལོ་ཀ་འདིས་རི་ཤིན་ཏུ་མཐོ་བ་རྩེ་མོ་གངས་ཀྱི་བརྒྱན་ཅིང་།ཉི་ཟླ་གཉིས་རང་གི་རྣ་ཆའི་ཚུལ་དུ་མགུལ་བ་ན་གཡོ་བ་ལྟ་བུ་སྟེ་ཆེས་ཤིན་ཏུ་མཐོ་བའི་ཡུལ་ལྗོངས་རང་ག་བ་ཞིག་ང་ཚོར་བརྗོད་པ་ལས།རང་གི་བརྗོད་སྙིང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དྲན་པའམ་ཁོང་ལ་མཇལ་འདོད་ཀྱི་སེམས་པ་དང་ཅུང་ཙམ་ཡང་འབྲེལ་བ་མེད་པ་རེད།“ཤིང་སྐམ་མི་རོ་ལྟར་རེངས་ཤིང་།།ཁ་བ་བུ་ཡུག་སོག་ལེ་བཞིན།།འཐོར་རླུང་དྲག་པོའི་མུན་གཏིབས་པ།།ལུས་དང་སྲོག་གི་ཆོམ་པོར་རྒྱུ།།”ལྟ་བུར་མཚོན་ནའང་དེ་ལྟར་དུ་གདོད་མའི་ནགས་ཚལ་ཆེན་པོ་ཤིང་སྐམ་མི་རོ་ལྟར་རེངས་ཤིང་། འཐོར་རླུང་དྲག་པོས་མུན་པ་གཏིབས་པ།ད་དུང་ཁ་བ་བུ་ཡུག་སོག་ལེ་ཇི་བཞིན་རྩུབ་པའི་ཡུལ་ལྗོངས་མི་སྡུག་ཅིང་འཇིགས་སུ་རུང་བ་ཞིག་ང་ཚོར་བསྟན་པ་ལས།འདིའི་ནང་ན་རང་གི་བརྗོད་སྙིང་དང་རང་གི་སེམས་ཀྱི་འགྱུར་བ་དང་འབྲེལ་ཆགས་པར་གྱུར་པའམ།སྙན་ངག་གི་རྟོག་ཡུལ(诗的境界)མཐའ་གཅིག་པ་ཅན་ནམ་རོ་གཅིག་པ་ཅན་ཞིག་མེད།ཡུལ་ལྗོངས་གཞན་དག་ཀྱང་འདི་དང་འདྲ་བ་རེད།གཙོ་བོ་རང་གི་སྐབས་ཐོག་གི་ཡུལ་དང་ས་བྱེ་བྲག་པའི་སྟེང་དུ་གཞོལ་ཆེ་སྟེ་དེ་འུད་ཀྱིས་བརྗོད་དེ་གསལ་བར་བྱེད་པ་ཙམ་ལས།ཡུལ་རང་ག་བ་དེ་ལས་འདས་ཏེ<<སྤྲིན་གྱི་ཕོ་ཉ>>ལྟར་རང་གི་བརྗོད་སྙིང་དང་མི་སྣའི་ནང་སེམས་ཀྱི་འགྱུར་བ་དང་ཕྱིའི་ཡུལ་ལྗོངས་གསུམ་འབྲེལ་ཆགས་པའམ་རོ་གཅིག་ཏུ་གྱུར་པ།རྩོམ་པ་པོའི་སེམས་ཀྱི་འགྱུར་བ་ཡུལ་གྱི་སྟེང་དུ་རྣམ་པར་ཞུགས་པར་གྱུར་པ་ཞིག་གར་ཡང་མེད་དོ།།དེས་ན་འདིའི་ཡུལ་ལྗོངས་ནི་ཡུལ་ལྗོངས་རྐྱང་བ་ཁོ་ན་ཞིག་གི་ཚད་དུ་ལུས་པ་ལས།དེ་ལས་གོམ་གང་མདུན་དུ་སྤོས་ཏེ་ཡུལ་ལྗོངས་རང་ཉིད་བསམ་བློའི་མཚོན་བྱེད་དང་ཡུལ་ལྗོངས་རང་ཉིད་མྱོང་རོལ་གྱི་གནས་སུ་གྱུར་ངའམ་སྙན་ངག་ཡོངས་ཀྱི་ཆ་ཤས་སུ་གྱུར་པ་ཞིག་ཏུ་ཕྱིན་མི་འདུག་ཅེས་བརྗོད་ཆོག མའོ་ཏུན (矛盾评论文集)གྱིས“ཡུལ་ལྗོངས་འབྲི་བཞེངས་ཀྱི་ཚན་པ་གང་ཞིགདེ་ཇི་འདྲའི་ཡིད་སེམས་འཕྲོག་ཐུབ་པ་ཞིག་ཏུ་བྲིས་ཡོད་ཀྱང་།གལ་ཏེ་རྩོམ་པ་པོས་རང་ཆ་ནས་མྱོང་རོལ་བྱས་པ་ལས།རྩོམ་གྱི་མི་སྣའི་མིག་དབང་དང་མི་སྣའི་སྐབས་ཐོག་གི་བསམ་བློ།ད་དུང་སེམས་ཁམས་བརྒྱུད་པའི་མི་སྣའི་ཡུལ་ལྗོངས་ཀྱི་མྱོང་ཚོར་བྲིས་པ་ཞིག་མིན་ན།དེ་ནི་དོན་སྙིང་གང་ཡང་མེད་པའི་རྒྱན་ཆ་ཙམ་དུ་གྱུར་པའོ།།”ཞེས་གསུངས་པ་ལྟར།<<ཕོ་ཉ་གཞོན་ནུ་དོན་གྲུབ>>ཀྱིས་མཚོན་པའི་བོད་ཀྱི་སྲོལ་རྒྱུན་སྙང་ངག་ལ་སྙན་ངག་གི་ཁྲི་འཕངས་མཐོན་པོར་འཛེག་བྱེད་ཀྱི་གསེར་འགྱུར་གྱི་རྩི་ལྟ་བུའི་མན་ངག་གནང་ཡོད་པ་འདི། ང་ཚོས་མཉམ་འཇོག་གི་གནས་དམ་པའོ།།
གཉིས། ལམ་ཁའི་གང་ཟག་གི་རྣམ་པ་དང་འཚོ་བའི་འབྲི་ཚུལ།
<<སྤྲིན་གྱི་ཕོ་ཉ>>ནང་དུ་ལམ་ཁའི་རྣམ་པ་འབྲི་དུས་རང་བྱུང་ཡུལ་ལྗོངས་མང་དུ་བྲིས་ཡོད་པར་མ་ཟད། ད་དུང་གང་ཟག་དང་འབྲེལ་བའི་བྱ་སྤྱོད་ཀྱང་མང་དག་ཅིག་བྲིས་ཡོད་པ་རེད།རྩོམ་འདིར་འཁོད་པའི་གང་ཟག་གི་བྱ་སྤྱོད་དེ་དག་ཀྱང་གོང་གསལ་ཡུལ་ལྗོངས་འབྲི་བའི་ཆ་དང་མཚུངས་པར་རང་གི་ཡིད་ཀྱི་འགྱུར་བའམ་བསམ་པའི་བརྩེ་དུངས་དང་རོ་གཅིག་ཏུ་གྱུར་པ་ཤ་སྟག་ལས།ཁེར་ཚུགས་ཅན་དང་འབྲེལ་མེད་དོན་གཞན་ཅན། གང་ཟག་གི་བྱ་སྤྱོད་རང་ག་བ་འབའ་ཞིག་གི་དོན་དུ་གདམ་གསེས་མེད་པར་བྲིས་པ་ཞིག་གཏན་ནས་མེད།དེ་ཡང་རྩོམ་གྱི་ཐོག་མར“ཁྱོད་ནི་དྲི་ཡི་བཞིན་པ་དང་ལྡན་མཁའ་ལམ་གཤེགས་པའི་དབང་གིས་ལམ་བགྲོད་མཛེས་མ་རྣམས།།བསམ་པ་དག་པར་གྱུར་ཏེ་ལན་བུའི་རྩེ་མོ་རྒྱབ་ཏུ་བྱས་ནས་བལྟ་ཞིང་གུས་པར་བྱེད།།ཁྱོད་འོངས་ཚེ་ན་བྲེལ་བས་མཆོག་ཏུ་ཉེན་ཅིང་གཡོག་བཞིན་གཞན་དབང་གྱུར་པ་བདག་འདྲ་དང་།།གང་ཞིག་གཞན་ཡང་མཛེས་མའི་སྐྱེ་བོ་ཞིག་གུས་ཤིང་དགའ་བ་རྒྱ་ཆེར་བྱེད་མི་འགྱུར”ཞེས་སྤྱིར་ང་ཚོའི་མིག་ངོར་ལམ་བགྲོད་མཛེས་མ་ཞིག་གིས་མགོ་བོ་ཡར་བཏེགས་ཏེ་སྤྲིན་ལ་ལྟ་བ་དང་།སྤྲིན་ལ་ལྟ་དུས་མགོ་ཡར་བཏེགས་པའི་དབང་གིས་ལན་བུའི་རྩེ་མོ་རྒྱབ་ཏུ་དཔྱངས་ཡོད་པ་ཞིག་གསལ་གྱི་ལེར་བསྟན་ཡོད།འདི་ལྟར་བྲིས་པ་ཙམ་གྱིས་ཀྱང་ཆེས་ཞིབ་ཚགས་ཅན་དང་ཐུན་མིན་གྱི་ཁྱད་ཆོས་ལྡན་པ།སྣང་བརྙན་གྱི་རང་བཞིན་ཆེས་ཆེ་བ་བཅས་ཀྱིས་མཛེས་ཉམས་གཞན་ལས་ཁྱད་པར་དུ་འཕགས་པ་ཐོན་ཡོད་པ་ཡིན་ཡང་།རྩོམ་པ་པོས་གཞན་གང་ཡང་མི་འབྲི་བར་དེ་ལྟའི་མཛེས་མ་ཞིག་བདམས་ནས་འདིར་བྲིས་པར་དགོས་པ་ཆེས་ལྷག་པ་ཅན་ཞིག་ཡོད་པ་ནི།རྩོམ་གྱི་མི་སྣ་འདོད་ལྡན་གྱི་སྐྱེས་བུས་ཉིན་མཚན་གྱི་དབྱེ་བ་མི་ཤེས་པར་དྲན་པའི་དྲན་བྱ་དེ་ཡང་དེ་ལྟའི་རེ་སྒུག་གི་མིག་འབྲས་གཏད་ཡོད་པའི་བུད་མེད་ཅིག་ཡིན་པས།ལན་བུ་རྒྱབ་ཏུ་དཔྱངས་པའི་འཛེས་མ་འདིས་དངོས་སུ་ནས་མདའ་གཅིག་གིས་ཤ་བོ་གཉིས་སོད་པར་བྱས་ཡདོ་།འདི་ནི<<ཕོ་ཉ་གཞོན་ནུ་དོན་གྲུབ>>ནང་དུ“ངུར་བའི་འགྲོས་ལྡན་ནུ་ཁུར་དུད་པ་ཅན།།”ཞེས་བྲིས་པ་དང་གཏན་ནས་མི་མཚུངས།ཚིགས་བཅད་བཅུ་དྲུགཔའི“ཁྱོད་འོངས་ཚེ་ན་གྲོང་ཆུང་ན་ཆུང་དགའ་ཞིང་ཆགས་པའི་མིག་རྣམས་ཀྱིས་ནི་སྨིན་མ་ཡི།།རྣམ་འགྱུར་མངོན་པར་མི་ཤེས་བཞིན་དུ་བལྟ་ཞིང…..”ཞེས་པའང་དེ་ལྟར་དང་།“དེས་ན་བདག་པོའི་གནས་སུ་མཆོག་གི་བཙུན་མོ་རྣམས་ནི་རབ་དགའ་སྙེག་པར་བྱེད་པ་ན།།མཚན་མོའི་མུན་པ་སྟུག་པོ་རྣམས་ཀྱིས་མི་ཡི་བདག་པོའི་ལམ་གྱི་སྣང་བ་འགོག་བྱེད་པས།།ཁྱོད་ཀྱི་གློག་འོད་གསེར་མདོག་འོད་ཀྱི་སྣང་བས་ས་གཞིའི་ལས་ནི་ཀུན་ནས་བསྟན་པར་མཛོད།།ཆུ་ཆར་འབྲུག་དབྱངས་སྒྲ་ཆེན་མང་པོ་མ་བྱེད་མཛེས་མ་དེ་རྣམས་སྐྲག་ཅིང་འཆི་བར་འགྱུར།།”ཞེས་པའམ།ཡང་ན་ཚིགས་བཅད་རེ་དགུ་པའི“གང་དུ་རབ་བགྲོད་ཆེས་ཆེར་འདར་བས་ལན་བུ་ལྷུང་ཞིང་མནྡ་ར་བའི་མེ་ཏོག་དེ།།མཚན་པར་གྱུར་ཅིང་རྣ་བའི་རྒྱན་གྱུར་རབ་མཛེས་གསེར་གྱི་མེ་ཏོག་ལྷུང་བར་གྱུར་པ་དང་།།ནུ་རྒྱས་མུ་ཏིག་དྲ་བས་མཚན་པར་གྱུར་ཅིང་དོ་ཤལ་སྲད་བུ་ཆད་པར་གྱུར་པ་ཡིས།།འདོད་ལྡན་མ་རྣམས་མཚན་མོ་ལམ་དུ་འགྲོ་ལ་བྱུང་བ་འོད་ལྡན་ཤར་ཚེ་གསལ་བར་བྱེད།།”ཅེས་པ་ལྟ་བུས་ཀྱང་སྤྱིར་ང་ཚོའི་སྣང་ངོར་སྤྲིན་ཕུང་དེ་ཉིད་བགྲོད་དུ་བསྐྱོད་པའི་ལམ་བར་དག་ན་མཚན་མོར་རང་གི་བདགཔོའི་སར་བགྲོད་དུ་བསྐྱོད་པའི་བུ་མོ་དག་ཡོད་པ་དང་།དེར་བགྲོད་དུ་ཕྱིན་པའི་ཤུལ་རྗེས་སོགས་ཡོད་པ་བསྟན་པ་ཡིན་ཡང་།དོན་གྱིས་མི་སྣ་རང་ཉིད་དགའ་མ་དང་འགྲོགས་པའི་དགའ་མགུར་ཡུན་རིང་པོའི་བར་ལ་ལོངས་སུ་སྤྱོད་མ་ཐུབ་པའི་སེམས་ཀྱི་གདུང་བ་ཆེན་པོའི་གཅོང་ནད་དེ་མཚོན་བྱེད་དུ་གྱུར་ཡོད།དེ་ལས་གཞན་ཚིགས་བཅད་དེ་བརྒྱད་པར “གང་གི་དཀར་པོའི་ནོར་བུ…….ཟབ་པའི་དབྱངས་སྙན་བཞིན།།”ལྟ་བུ་འམ། ཡང་ན་རེ་གསུམ་པར“རིགས་གནས་དེར་ནི་ཁྱོད་ཀྱིས……”ལྟ་བུས་ཀྱང་།ཕྱོགས་གཅིག་ནས་གནོད་སྦྱིན་རྣམས་ཀྱིས་ཆང་དང་བཅས་དགའ་མགུར་རོལ་བའམ་ཡང་ན་སྤྲིན་གྱི་ཕུང་པོ་དང་ལྷའི་ན་ཆུང་ཚོགས་ཀྱིས་རྩེ་དགའ་རོལ་བ་བྲིས་པ་ཡིན་ཡང་།ཕྱོགས་གཞན་ཞིག་ནས་རང་ཉིད་དེ་འདྲའི་དགའ་མ་དང་མཉམ་དུ་དགའ་མགུར་རོལ་བའི་སྐལ་བ་མེད་ལ།དེ་ལྟའི་དགའ་མགུའི་རོལ་བ་དྲན་པའི་ཡུལ་ཙམ་ཁོ་ན་ཡིན་པས།རང་ཉིད་ཀྱི་དགོས་མཁོ་དང་རང་ཉིད་ཀྱི་དྲན་བྱ་ལས་བརྩམས་ཏེ།གཞན་གྱི་ཕུན་ཚོགས་བརྗོད་པ་འདིས་རང་ཉིད་ཀྱི་དྲན་གདུང་དང་སྐྱོ་སྣང་ཇེ་དྲག་དང་ཇེ་ཟབ་ཏུ་ཕྱིན་པའི་སྒོ་ནས་མཚོན་པར་བྱས་ཡོད།<<ཕོ་ཉ་གཞོན་ནུ་དོན་གྲུབ>>ཀྱིས་གང་ཟག་ཀྱི་རྣམ་པ་དང་འཚོ་བ་བྲིས་པ་ཡང་རང་གི་ཡུལ་ལྗོངས་འབྲི་ཚུལ་དང་མཚུངས་པར།“ངུར་སྨྲིག་གསར་པའི་བླ་གོས་ཀྱིས”ཞེས་པ་ནས“ལངས་པའི་རྫ་རྔ་ཁྱོད་ཀྱིས་རྡུངས”ཞེས་པའི་བར་གྱི་ཤོ་ལོ་ཀ་དགུ་བགོ་འདི་སྤྱིར་དམ་ཆོས་དང་འབྲེལ་ལ།སྒོས་སུ་རང་གི་སློབ་མ་ཤར་སྐལ་ལྡན་རྒྱ་མཚོ་དང་འབྲེལ་ཏེ་བྲིས་པ་ཡིན་པས།རང་གི་བརྗོད་སྙིང་དང་ཆ་མཐུན་ཙམ་བྱུང་ཡོད་ཀྱང་། གཞུག་གི་བརྗོད་སྙིང་མཚོན་བྱེད་ཀྱི་ཚིག “གང་ཞིག་ཁྱོད་ཞལ་མཐོང་བ་ལ།། བྲེལ་བའི་ཡིད་ཀྱིས་བརྣངས་བྱས་པ།།རིན་ཆེན་གླིང་ཕྱེན་དེད་དཔོན་ནི།།རང་སྲས་མཐོང་ལ་དེ་ལྟ་མིན།།”ཞེས་སོགས་ཀྱི་དོན་དང་བསྡུར་ནས་དཔྱད་ན་འདི་ཡང་རོང་བོའི་ཤར་སྐལ་ལྡན་རྒྱ་མཚོ“སྟོན་འཁོར”གྱི་གནས་བབ་གསལ་བྱེད་ཙམ་ལས་སྙན་ངག་གི་སྤྱི་ཁོག་དང་འབྲེལ་བ་དེ་འདྲ་མེད།དེ་ལས་གཞན་པའི“ངུར་བའི་འགྲོས་ལྡན་ནུ་ཁུར་དུད་པ་ཅན།།པདྨའི་གཞོན་ལུས་ཨུཏྤལ་མིག་ཅན་མ།།ཟླ་བཞིན་མཛེས་པའི་བིམྦུའི་མཆུ་སྒྲོས་ཀྱིས།།གཅིག་ལས་གཅིག་ལྷག་ཡིད་སྲུབས་མཚམས་སྦྱོར་མང་།།”ཞེས་པའམ།མ་ཇག་གི་ཚ་གཅུན་དྲག་པོས་འགྲོ་ཀུན་མནར་བ་དང་།བཀར་བཏགས་ལོག་པའི་གཉའ་ཤིང་གི་ཁུར་ལྕི་བར་སྟོན་པའི་ཤོ་ལོ་ཀ་དེ་དག་དང་།“འཛམ་གླིང་སྟག་ཤར་དཔའ་བོའི་གྲྭ་གྱེས་པ།།”ལྟ་བུདང་།“དགའ་མགུ་འདོད་ལྷའི་མེ་ལོང་ལ་ཆགས་ནས……”དང་།“སྐབས་རེར་རང་དང་མུ་སྟེགས་ཀུ་ཅོའི་སྒྲས……”ལྟ་བུ་དག་ཀྱང་དེ་ལྟར་དུ་རང་གི་སྨྱུག་ཁ་ཡུལ་བྱེ་བྲག་པ་གང་དུ་སླེབས་ཙ་ན། ཡུལ་དེའི་རྣམ་པ་ཇི་བཞིན་ཤོག་ངོར་ཕབ་པ་ལས།དེ་ལྟར་དུ་བྲིས་པའི་དགོས་པ་ལས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དྲན་པའམ་འཕྲལ་དུ་མཇལ་འདོད་ཀྱི་ཡིད་འགྱུར་མཚོན་ཐབས་ལ་རྐྱེན་དུ་མི་འགྱུར་བས།དེ་ལྟར་བྲི་བའི་དགོས་པའང་ཆེས་ཆུང་བར་སེམས་སོ།།ལ་ལས་མ་ཇག་གི་གནའ་གནོན་དང་ཚ་གཅུན་དྲག་པོ་འདིར་བྲིས་པར་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་ངོས་ནས་གཟིངས་སུ་བསྟོད་པར་གྱུར་པ་ལ།སྤྱིར་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ཆ་ནས་བཤད་ན་དངོས་སུ་ནས་དེ་ལྟ་བུའི་དངོས་ཡོད་འདུ་ཤེས་ཅན་ནི་ཆེས་དཀོན་པས་མཆོག་ཏུ་གྱུར་པ་ཡིན་ཡང་།འོན་ཀྱང་སྙན་རྩོམ་རང་སྟེང་ནས་བཤད་ན་དོ་མི་མཉམ་པ་གླིང་བུའི་ཁྲོད་ནས་རྫ་རྔ་རྡུང་བའི་ཚུལ་ལས་མ་འདས།རྒྱུ་མཚན་ནི།སྙན་རྩོམ་རང་ཉིད་ཀྱི་རྨང་གཞིའི་གདངས་དབྱངས(基调)དང་བསམ་བློའི་བསྟན་དོན་གང་ཡིན་ཡང་དེར་དགག་པ་དང་སུན་འབྱིན་གྱི་དྲི་ཙམ་ཡང་མེད་པས་སོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།