གཡུང་དྲུང་བོན་ལས་འཕྲོས་པའི་རུས་བླ་བྱ་རྒྱལ་ཁྱུང་ཆེན་ལ་ཅུང་ཟད་དཔྱད་པ།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་ཆོས་ལུགས་རིག་པ་དང་མིའི་རིགས་རིག་པའི་དཔྱད་སྟངས་ལྟར། རུས་བླའི་དད་མོས་ཀྱི་བྱུང་འཕེལ་གླེང་བ་བརྒྱུད་དེ། རང་རིགས་ཞང་ཞུང་དམུ་རྒྱུད་དང་གཡུང་དྲུང་བོན་གྱི་རུས་བླ་བྱ་རྒྱལ་ཁྱུང་ཆེན་གྱི་འབྱུང་ཁུངས་དང་། ཁྱུང་ཆེན་རུས་བླར་བཀུར་པའི་སྤྱི་ཚོགས་གནས་བབ། འབྱུང་རྐྱེན། མཚོན་དོན་སོགས་ལ་ཅུང་ཟད་དཔྱད་ཡོད།

[གནད་ཚིག] གཡུང་དྲུང་བོན། བྱ་རྒྱལ་ཁྱུང་ཆེན། རུས་བླ། Totem

གླེང་གཞི།

སྤྱིར་མིའི་རིགས་རིག་པ་དང་ཆོས་ལུགས་རིག་པ་ལ་སོགས་པའི་དཔྱད་ཚུལ་ལྟར་ན། མི་རིགས་དང་ཆོས་ལུགས་ཤིག་ཡིན་ཕྱིར།དེའི་འབྱུང་ཁུངས་དང་འབྲེལ་བའི་རུས་བླ་ནི་ཡོད་ངེས་ཡིན་ནོ། །ལྷག་པར་དུ་གདོད་མའི་དུས་སུ་མི་རིགས་དང་ཆོས་ལུགས་ཐོག་མར་དར་བའི་ཚེ། ཡིག་རིགས་མེད་པའམ། ཡང་ན་ཡི་གེ་ཙམ་ཡོད་ཀྱང་འཐུས་ཚང་ཞིག་ཕལ་ཆེར་བྱུང་མེད་པ་ནི་གནའ་རྫས་བརྟག་དཔྱད་སོགས་ལས་བདེན་པར་མངོན། རང་རེ་བོད་ལ་མཚོན་ན་ཡང་།ནང་བསྟན་མ་དར་བའི་ཡར་སྔོན་ལ་གཡུང་དྲུང་བོན་ལ་དད་པ་བྱེད་པ་གཙོ་བོ་ཡིན་པ་དང་། ཡིག་རིགས་འཐུས་ཚང་ཞིང་དར་ཁྱབ་ཆེ་བ་ཞིག་བྱུང་མེད་པ་ཡང་ཤ་སྟག་གོ །གནའ་བོའི་ངག་རྒྱུན་ལྟར་ན། རང་རིགས་ནི་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ལས་མཆེད་པར་བཞེད་ལ།[1] གཞན་ཡང་བོན་གྱི་ལུགས་ལྟར་ན་བྱ་རྒྱལ་ཁྱུང་ལས་བྱུང་བའི་བཞེད་ཚུལ་མི་འདྲ་བ་འགའ་མཆིས་ཏེ། དེ་དག་གི་འབྱུང་ཁུངས་ཀྱང་གདོད་མའི་སྤྱི་ཚོགས་སྐབས་ལ་གཏུགས་དགོས་སོ། །ངེས་པར་དུ་རྟོགས་དགོས་པ་ནི་གཡུང་དྲུང་བོན་གྱི་འབྱུང་ཁུངས་ཞང་ཞུང་ཡུལ་ཡིན་ལ། གཉའ་ཁྲི་བཙན་པོའི་སྐབས་བོད་ཡུལ་དུ་རིམ་བཞིན་དར་བ་དང་།[2] སྐབས་དེའི་བོད་ཅེས་པ་ཡང་དབུས་གཙང་ཁོ་ན་ལ་གོ [3] དེ་བས། སྐབས་དེའི་བོད་ཅེས་པ་དང་ཞང་ཞུང་ཞེས་པའི་ཡུལ་གཉིས་ཀའི་གདོད་མའི་རིག་གནས་ཀྱང་ཅུང་ཟད་ཁྱད་ཆེ་ལ། རུས་བླ་མི་འདྲ་བ་ཞིག་སྔར་ནས་ཆགས་འདུག དེ་སྔོན་གྱི་གདོད་མའི་སྤྱི་ཚོགས་སྐབས་ཀྱི་སྤྱི་ཚོགས་གནས་ཚུལ་སོགས་ལ་ཞིབ་འཇུག་བྱེད་དགོས་ན། དེ་ལས་བརྒྱུད་པའི་གོམས་སྲོལ་དང་། ལྷག་པར་དུ་ཆེས་ཞིབ་འཇུག་གི་རིན་ཐང་ལྡན་པའི་གདོད་མའི་ཆོས་ལུགས་ཀྱི་དད་མོས་དེ་ཡིན། རུས་བླ་ནི་གདོད་མའི་ཆོས་ལུགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། དེང་རབས་ཀྱི་ཆོས་ལུགས་ཞིབ་འཇུག་བྱེད་ཐབས་ལ་བརྟེན་ནས་རུས་བླ་ལ་ཅུང་ཟད་དཔྱད་ན། རང་རེའི་གདོད་མའི་སྐབས་ཀྱི་སྤྱི་ཚོགས་གནས་ཚུལ་ཡང་ཅུང་ཟད་དཔོག་སླ། དེ་བས་ཞང་ཞུང་ཡུལ་གྱི་གདོད་མའི་སྤྱི་ཚོགས་ཞིབ་འཇུག་ལ་མཚོན་ན། དམུ་རྒྱུད་དང་གཡུང་དྲུང་བོན་གྱི་རུས་བླ་བྱ་རྒྱལ་ཁྱུང་ཆེན་ལ་བརྟག་དཔྱད་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་གོ །

དང་པོ། ཆོས་ལུགས་རིག་པ་ལས་རུས་བླ་ཞེས་པའི་མིང་བརྡའི་འབྱུང་ཁུངས་དང་ཁྱད་ཆོས།

1. ཆོས་ལུགས་རིག་པ་ལས་རུས་བླ་ཞེས་པའི་མིང་བརྡའི་འབྱུང་ཁུངས།

རུས་བླ་ཞེས་པའི་མིང་བརྡ་འདི་ནི་གནའ་ནས་རང་རེའི་སྐད་དུ་ཡོད་པ་ཞིག་མ་ཡིན་པར། དེ་ཡང་ཐོག་མར་དུས་རབས་བཅོ་བརྒྱད་པའི་ནང་དུ་ནུབ་གླིང་ཆོས་ལུགས་རིག་པའི་ཞིབ་འཇུག་གི་མགོ་ཚུགས་ཤིང་། དེ་ལ་བརྟེན་ནས་གསར་དུ་བྱུང་བའི་ཐ་སྙད་ཅིག་ཡིན་ནོ། །དེང་རབས་ཀྱི་ཆོས་ལུགས་རིག་པའི་གཞུང་དག་ལས། མིང་བརྡ་འདི་ཡང་ཐོག་མར་ཆོས་ལུགས་རིག་པའི་ཞིབ་འཇུག་མཁནJohn•brown(约翰• 布朗) ཞེས་པས་ཁོང་གིས་ཨ་རིའི་བྱང་ཕྱོགས་ཀྱི་གདོད་མའི་མི་རིགས་ཞིག་ལ་ཞིབ་འཇུག་བྱས་པའི་བརྩམས་ཆོས་ལས་མི་རིགས་དེའི་ཡུལ་སྐད་དུ“ཁོའི་ཤ་ཉེ”ཞེས་པ་ཐད་སྒྱུར་བྱས་ནསTotem( 图腾) ཞེས་པའི་མིང་བརྡ་འདི་བྱུང་། དེང་དུས་ལོ་ཙཱ་པ་མང་ཆེ་བས་བོད་སྐད་དུ་རུས་བླ་ཞེས་བསྒྱུར་ཡོད། མིང་བརྡ་འདི་ཡང་རིམ་བཞིན་ཕྱིས་ཀྱི་ཆོས་ལུགས་རིག་པ་དང་མིའི་རིགས་རིག་པའི་ཆེད་མཁས་རྣམས་ཀྱིས་དོ་སྣང་བྱས་པ་དང་། འདི་དང་འབྲེལ་བའི་ཞིབ་འཇུག་མང་དུ་བྱས། ཉེ་རབས་ཞིབ་འཇུག་པJohn• Ferguson •Mclean(约翰• 费古森• 麦克林南)(1827-1881)གྱི་སྐབས་དེ་ནས་བཟུང་། རིམ་བཞིན་ཞིབ་འཇུག་ཁྲོད་དུ་མིའི་རིགས་རིག་པ་དང་ཆོས་ལུགས་རིག་པའི་དོན་དངོས་ཤིག་མངོན་པར་སྣང་། ཅིའི་ཕྱིར་ཞེ་ན། མི་རིགས་ཤིག་གམ་ཡང་ན་མི་ཁ་ཤས་ཀྱིས་རང་གི་མི་རིགས་དང་དེས་བཀུར་པའི་སྲོག་ཆགས་དང་འབྲེལ་ནས། རང་རིགས་ཀྱི་འབྱུང་ཁུངས་ཀྱང་སྲོག་ཆགས་དེ་ཡིན་པར་སྙམ་སྟེ། སྲོག་ཆགས་དེར་ནུས་པ་ཁྱད་པར་ཅན་ཞིག་ཡོད་པར་བསམས་ཏེ་དེར་དད་མོས་བྱེད་ཚུལ་བྱུང་བ་ཡིན། སྤྱི་ཚོགས་སྣང་བརྙན་འདི་འདྲ་ནི་ཕལ་ཆེར་མི་རིགས་མང་ཤོས་ཀྱི་སྲོལ་རྒྱུན་དང་དད་མོས་ཁྲོད་དུ་ཡོད་པར་མངོན། གོང་གི་ལྟ་བ་འདི་ཡང་རྗེས་མའི་ཆེད་མཁས་གང་མང་ཞིག་གིས་དཔྱད་པ་མང་དུ་བཏང་ནས། མཐར་འཛམ་གླིང་སྟེང་གི་མི་རིགས་དང་ཆོས་ལུགས་སོ་སོའི་འབྱུང་ཁུངས་ཀྱང་དེ་དག་གི་རུས་བླ་ཡིན་པར་བཞེད་ལ། ལྷག་པར་དུ་ནུབ་གླིང་མཚན་ཉིད་རིག་པ་དང་སེམས་ཁམས་རིག་པའི་མཁས་པ་ཆེན་པོSigmund Freud( 西格蒙德• 弗洛伊德)(1856~1939)ཞེས་པས་ཁོང་གི་བརྩམས་ཆོས《རུས་བླ་དང་འཛེམ་བྱ།》( 图腾与禁忌)ལས་རུས་བླ་ནི་ཆོས་ལུགས་མཐའ་དག་གི་འབྱུང་ཁུངས་ཡིན་པར་སྨྲ་བར་མ་ཟད། རུས་བླ་ཡང་རིག་གནས་མཐའ་དག་དང་སྤྱི་ཚོགས་སྒྲིག་གཞིའི་འབྱུང་ཁུངས་སུ་འདོད་དོ། །[4]

གོང་དུ་བཤད་ཟིན་པ་ལྟར། མཁས་པ་མང་པོ་ཞིག་གིས་མི་རིགས་དང་། ཡང་ན་རུས་རྒྱུད་དང་ཆོས་ལུགས་ཕལ་ཆེ་ཤོས་ནི་རུས་བླར་དད་མོས་བྱེད་པ་ལས་རིམ་བཞིན་བྱུང་བར་འདོད། ལྟ་ཚུལ་འདིའི་སྒྲུབ་བྱེད་ལ། མིའི་རིགས་རིག་པ་དང་ཆོས་ལུགས་རིག་པའི་མཁས་པJames George Frazer( 詹姆斯•G• 弗雷泽)(1854-1941)ཞེས་པ་འདིས་ཁོང་གི《རུས་བླ་དད་མོས་དང་རུས་གཞན་གཉེན་འབྲེལ》(Totemism andExogamy 《图腾信仰与族外通婚》1910 著)ཞེས་པ་ལས། རུས་བླ་དད་མོས་ཀྱི་སྤྱི་ཚོགས་སྣང་བརྙན་འདིར་སྡོམ་ཚིག་གཉིས་བཀོད་འདུག དང་པོ་མི་རིགས་སོ་སོས་རང་གི་རུས་བླ་རུ་བཀུར་པའི་སྲོག་ཆགས་དང་རྩི་ཤིང་གི་རིགས་དེ་ལ་གནོད་འཚེ་བྱེད་པར་འཛེམ་དོགས་བྱེད་པ། གཉིས་པ་རུས་བླ་གཅིག་འདྲ་ཡིན་པའི་མི་རིགས་དང་ཡང་ན་རུས་རྒྱུད་ནང་ཁུལ་དུ། ཕན་ཚུན་གཉེན་སྒྲིག་དང་ལོག་གཡེམ་བྱུང་བར་ཧ་ཅང་འཛེམ་དོགས་བྱེད་པ་དེ་ཡིན། ཁོང་གི་བཞེད་ཚུལ་ལྟར་ན། གདོད་མའི་མ་རྒྱུད་སྤྱི་ཚོགས་སྐབས་སུ་རུས་བླ་བྱུང་བར་འདོད་ལ། དེ་ཡང་རྐྱེན་གཙོ་བོ་ནི། མ་རྒྱུད་སྤྱི་ཚོགས་སྐབས་ཀྱི་གདོད་མའི་མི་རྣམས་ཀྱིས་རང་གི་ཕ་ངོ་མི་ཤེས་པའམ། ཡང་ན་ཕ་ནི་རང་གི་གེགས་སུ་འདོད་ནས་ཕ་གསོད་པ་དང་། རང་གི་མ་དང་བུ་མོ་ལ་སོགས་པའི་ཉེ་འབྲེལ་ལ་ལོག་གཡེམ་སྤྱོད་པ། དེ་ལས་རིམ་བཞིན་མཇུག་འབྲས་ངན་པ་བློ་ཡུལ་ལས་འདས་པ་བྱུང་ཞིང་། མི་རྣམས་ན་ཚས་མནར་བ་དང་། ཡང་ན་བྱིས་པ་སྐྱེས་མ་ཐག་ཏུ་དབང་པོ་སྐྱོན་ཅན་ལ་སོགས་བྱུང་། རྐྱེན་དེ་དག་གིས་སྐབས་དེར་རི་དྭགས་ལ་སོགས་རྔོན་པ་དང་། རང་བྱུང་ཁོར་ཡུག་ལ་འཐབ་རྩོད་བྱེད་པར་བརྟེན་ནས་འཚོ་བ་རོལ་པའི་མི་རྣམས་ལ་གེགས་ཆེན་པོ་བྱུང་། ཕ་གསོད་ཅིང་མ་ལ་ལོག་གཡེམ་བྱེད་པའི་བུ་རྣམས་ཀྱང་འགྱོད་པ་ལྷག་པར་སྐྱེས་ནས། རང་གིས་བསད་པའི་ཕ་ལ་དད་མོས་བྱེད་པ་དང་། བྱ་སྤྱོད་ཉེས་ཅན་དེ་འདྲ་ཡང་རང་རིགས་འཚོ་བའི་འཛེམ་བྱར་བཟུང་། དེ་ལས་རིམ་བཞིན་ཕའི་གཟུགས་བརྙན་ཡང་རང་གི་འཚོ་བ་དང་འབྲེལ་ཆེ་བའི་སྲོག་ཆགས་དང་། ཡང་ན་རྩི་ཤིང་དེ་ཡིན་པར་སྒྲོ་བཏགས། དེ་བས་སྐྱེ་དངོས་དེར་གནོད་འཚེ་བྱེད་པ་སྤོང་བར་བྱས། བུ་རྣམས་ཀྱི་འགྱོད་སེམས་ཀྱིས་ཕ་ནི་རུས་བླ་ལ་བཀུར། རང་ཡང་རྗེས་མའི་བུ་དང་འཐབ་རྩོད་བྱེད་པའི་སྒོ་བཀག དེར་བརྟེན་ཕ་བུའི་འབྲེལ་བ་དང་རང་རིགས་མི་རྣམས་ཀྱི་འཚོ་བ་འཆམ་མཐུན་དུ་གྱུར་ཅིང་། རུས་བླར་བཀུར་པ་དེ་རིམ་བཞིན་གཏམ་རྒྱུད་སོགས་ཀྱི་རྣམ་པར་བཅོས་ནས་མི་རབས་ནས་མི་རབས་ལ་བརྒྱུད་དེ། དེའི་བར་དུ་བསམ་བཟོས་ཡིན་མིན་གང་རུང་གི་དབང་གིས་ལྷ་འདྲེ་དང་འབྲེལ་བའི་སྒྲོ་འདོགས་ཀྱི་ཆ་ཇེ་ཆེར་གྱུར། འཕེལ་རིམ་འདི་ཡང་ཆོས་ཉིད་ཅིག་ཡིན་པ་སྨོས་མ་དགོས།[5] Sigmund Freud(西格蒙德• 弗洛伊德)ལགས་ནི James GeorgeFrazer(詹姆斯•G• 弗雷泽)ཡི་བཞེད་པ་འདིར་ཧ་ཅང་འཐད་ལ། རིམ་བཞིན་མཁས་པ་རྗེས་མ་རྣམས་ཀྱིས་ཁོང་གཉིས་ཀྱི་རུས་བླ་ནི་མི་རིགས་དང་ཆོས་ལུགས་ཀྱི་འབྱུང་ཁུངས་སུ་འདོད་པའི་ལྟ་བ་འདི་ལ ”弗氏图腾论”ཞེས་བྱའོ། །

2. རུས་བླའི་དད་མོས་ལ་ཚང་དགོས་པའི་ཁྱད་ཆོས་འགའ།

ཐོག་མར་ངེས་པར་དུ་རྟོགས་དགོས་པ་ནི། སྲོག་ཆགས་ལ་དད་པ་དང་རུས་བླར་དད་པ་གཉིས་ལ་ཁྱད་པར་ཆེ་ལ། སྲོག་ཆགས་ལ་དད་པ་ནི་གདོད་མའི་མི་རྣམས་ཀྱི་འཚོ་བའི་ཁྲོད་དང་། ཡང་ན་རྟོག་བཟོ་ལས་བྱུང་བའི་སྲོག་ཆགས་དེ་དག་ལ་མཐུ་ནུས་ཁྱད་པར་ཅན་ཡོད་པར་འདོད་ཅིང་། དེར་བརྟེན་འཚོ་བའི་དཀའ་ངལ་སེལ་འདོད་པའི་རེ་སྨོན་ལས་དད་པ་བྱུང་བའི་རིགས་སུ་གྱུར་པ་དེ་དག་གོ རུས་བླ་ནི་སྲོག་ཆགས་ཤིག་ལ་དད་པ་ཁོ་ན་ཙམ་མ་ཡིན་པར། གོང་དུ་བཤད་ཟིན་པའི་རུས་བླ་ཞེས་པའི་མིང་བརྡའི་འབྱུང་ཁུངས་ལས་ཅུང་ཟད་རྟོགས་སླ། རུས་བླ་ནི་གཙོ་བོ་སྐྱེ་དངོས་དེ་རང་གི་རུས་རྒྱུད་ཀྱི་འབྱུང་ཁུངས་ཡིན་པར་འདོད་ལ། དེའི་རིགས་ལ་གནོད་འཚེ་བྱེད་མི་རུང་བར་མ་ཟད། ད་དུང་དེ་དང་འབྲེལ་བའི་ཆོས་ལུགས་ཆོ་ག་ཡང་བྱུང་འདུག 《ཆོས་ལུགས་རིག་པའི་སྤྱི་བཤད》ལས། རུས་བླ་ཞེས་པར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་དྲུག་ཡོད་དེ།

(1) སྲོག་ཆགས་སམ་རྩི་ཤིང་། ཡང་ན་རང་རྐྱ་པའི་གཟུགས་དངོས་ཤིག་རུས་བླར་བཀུར་པ་དང་། དེ་ཡང་རང་གི་རུས་རྒྱུད་ཀྱི་འབྱུང་ཁུངས་སུ་འདོད་པ་སྟེ། ཞང་ཞུང་དམུ་རྒྱུད་ཁྱུང་ལས་མཆེད་པར་བཤད་པ་བཞིན་ནོ། །

(2)རུས་བླ་ཡི་གཟུགས་དབྱིབས་དེ་ནི་རང་གི་རུས་རྒྱུད་དམ་ཆོས་ལུགས་དེའི་མཚོན་རྟགས་སུ་བྱེད་པ། ཡང་ན་རང་རིགས་ཀྱི་རུས་མིང་གི་གྲུབ་ཆ་རུ་འཇོག་པ་སྟེ། ཞང་ཞུང་དང་གཡུང་དྲུང་ཞེས་པ་ལ་སོགས་པའི་མིང་བརྡ་ལས་རྟོགས་སླ།

(3)རུས་བླ་མཚོན་བྱེད་ཀྱི་སྐུ་ལ་སོགས་ཡོད་པ་སྟེ། ཁྱུང་ཆེན་གྱི་སྐུ་ལྟ་བུ།

(4)རུས་བླ་དང་འབྲེལ་བའི་ཆོ་ག་བསྒྲུབ་པའི་ས་གནས་སམ་ཐབས་ཤེས་ཡོད་དེ། བན་བོན་ཆོས་ལུགས་ལས་ཁྱུང་གི་ཆོ་ག་སྒྲུབ་ཐབས་ལ་སོགས་པ་ལྟ་བུའོ། །

གཉིས་པ། ཞང་ཞུང་དམུ་རྒྱུད་དང་གཡུང་དྲུང་བོན་གྱི་རུས་བླ་བྱུང་སྟངས།

1. རུས་བླ་བྱུང་བའི་སྤྱི་ཚོགས་གནས་བབ།

སྤྱིར་མིའི་རིགས་རིག་པ་དང་ཆོས་ལུགས་རིག་པའི་ངོས་ནས་རུས་བླའི་དད་མོས་ལ་དཔྱད་པ་ལྟར་ན། རུས་བླ་ནི་གདོད་མའི་མ་རྒྱུད་སྤྱི་ཚོགས་སྐབས་སུ་བྱུང་བར་འདོད། མཁས་དབང་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས།[6] ད་སྐབས་འཇིག་རྟེན་འདིར་རྒྱལ་ཁབ་ཐམས་ཅད་ཀྱི་མཁས་པ་རྣམས་ཀྱིས་མི་ཡི་འགྲོ་བ་བྱུང་ནས་ལོ་ངོ་ས་ཡ་གསུམ་ལ་ཉེ་བའི་ལོ་རྒྱུས་ཡོད་པའི་ངོས་འཛིན་གནང་གི་ཡོད། ཀྲུང་གོའི་ལོ་རྒྱུས་ལ་མཚོན་ནས་བཤད་ན་ཡུན་ནན་ཞིང་ཆེན་གྱི་ཡོན་མོའི་ས་ཁུལ་དུ་སྤྲ་མི་བྱུང་ནས་ལོ་ངོ་ས་ཡ་གཅིག་དང་བདུན་འབུམ་ལྔ་ཁྲི་ལྷག་ལ་ཉེ་བའི་ལོ་རྒྱུས་ཡོད་པའི་ངོས་འཛིན་གནང་གི་ཡོད། འོན་ཀྱང་སྤྱི་ལོ1999ལོའི་ཟླ6ཚེས2ཉིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་གསལ་བསྒྲགས་བྱས་པ་ལྟར་ན། ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་ཞིག་ན་མི་རུས་ཀྱི་འགྱུར་རྡོ་ཞིག་ཐོན་པ་དེ་ལ་ལོ་ངོ་ས་ཡ་གཉིས་ཀྱི་ལོ་རྒྱུས་ཡོད་པ་གཏན་འབེབས་བྱས་པས་སྔར་གྱི་བཤད་སྲོལ་ལས་ལོ་ངོ་འབུམ་གཉིས་ལྷག་གི་རིང་དུ་ཕྱིན་ཡོད་པ་དང༌། པེ་ཅིང་གི་སྤྲ་མི་བྱུང་ནས་ལོ་ངོ་ལྔ་འབུམ་ལྔ་ཁྲི་ལྷག་ཙམ་གྱི་ལོ་རྒྱུས་ངོས་འཛིན་གནང་བ་ལྟར། ང་ཚོ་བོད་ཀྱི་མི་རིགས་འདི་ཡང་དེ་དག་དང་དུས་མཚུངས་ཡིན་ཞེས་བཤད་ཆོག་སྟེ། སྤྱི་ལོ1978ལོར་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཤན་ཚ་རྫོང་དང་ནག་ཆུ་རྫོང་སོགས་སུ་སྲོག་ཆགས་རིགས་ཀྱི་འགྱུར་རྡོ་མང་པོ་ཐོན་པ་དེ་དག་ལ་བལྟས་ན་བོད་ཀྱི་ཡུལ་འདིར་སྲོག་ཆགས་གནས་པ་ནས་ལོ་ངོ་ས་ཡ་ལྷག་ཙམ་ཟིན་པའི་བདེན་དཔང་བྱུང་ཡོད་པ་ལྟར་ན། འགྲོ་བ་མི་ཡི་རིགས་ཀྱང་དེ་དག་དང་ཧ་ལམ་དུས་མཚུངས་ཙམ་དུ་བྱུང་ཡོད་པར་རྗེས་སུ་དཔག་ཐུབ། སྐབས་དེའི་མི་རྣམས་ལ་དཔོན་གཡོག་གི་གྲལ་རིམ་དང༌། ས་ཁོངས་དང་སྡེ་རིས་ཀྱི་ཁྱད་པར། ཕུ་ནུ་དང་གཉེན་ཉེའི་ཐ་སྙད། རང་སྡེ་དང་དགྲ་སྡེའི་ཆགས་སྡང༌། གྲོང་དང་ཁྱིམ་ཚང་གི་རྣམ་པ་གང་ཡང་མེད་པར་མི་ཐམས་ཅད་ཐོབ་ཐང་འདྲ་མཉམ་དང་། བཅུ་ཚོ་ཁ་ཤས་ཤོག་རེ་བྱས་ཏེ་རི་བོའི་ཞོལ་དང༌། རྒྱ་མཚོའི་འགྲམ། ནགས་ཀླུང་གི་ཁྲོད་སོགས་སུ་ཉུལ་ཏེ་དབྱུག་པ་དང་རྡོ་གྲི་ཙམ་གྱི་ལག་ཆ་ལ་བརྟེན་ནས་རི་དྭགས་རྔོན་པ་དང༌། ཤིང་འབྲས་ཟ་ཞིང་ཤིང་ལོ་གྱོན་པ་སོགས་ཀྱི་འཚོ་བ་རོལ་བཞིན་ཡོད་ལ། རྗེས་སུ་རྩི་ཤིང་གི་འབྲས་བུ་དང་ཉེ་འཁོར་གྱི་སྔོ་ཚོད་དག་གིས་ཁོ་ཚོའི་འཚོ་བའི་དགོས་མཁོ་སྐོང་མི་ཐུབ་པར་བརྟེན་ཡར་ཀླུང་གཙང་པོའི་བརྒྱུད་ཀྱི་ཟོ་དང་ས་ཁུལ་དུ་ས་ཞིང་རྐོ་འདེབས་ཀྱི་ལས་ཀའི་མགོ་ཚུགས་ཏེ་བུ་ཚ་ཕྱི་མ་རྣམས་ལ་སོ་ནམ་གྱི་ལས་ཀ་བསླབས་པ་ཡིན་ཏེ། མ་རྒྱུད་སྤྱི་ཚོགས་སུ་རང་རིགས་མི་རྣམས་ཀྱི་ཤེས་རིག་རྒྱས་པ་ན། རང་བྱུང་གི་གནོད་པ་ལས་བྱ་དངོས་མཐའ་དག་ལ་འདུ་ཤེས་ལྡན་པར་འདོད། ལྷག་པར་དུ་བློས་མི་དཔགས་པའི་ཡ་མཚར་བ། འཕུར་ནུས་པའི་བྱ་གླག་སོགས་ལས་རང་རེའི་ཐོག་མའི་འབྱུང་ཁུངས་ནི་ཆུ་ཞག་གི་སྒོ་ང་ལ་གཏདཡོད་དེ། 《བོན་གྱི་ལྷ་རབས་ལ་དཔྱད་པ》ལས། དེ་ནི་སྒོང་ཁྲ་བོ་རྡོལ་བ་ལ། སྨན་མོ་མི་ལམ་ལམ་ལུམ་ལུམ་སྲིད། དེ་ལ་ལྟ་བའི་མིག་མེད། ཉན་པའི་རྣ་བ་མེད། སྣོམ་པའི་སྣ་མེད། མྱོང་པའི་ལྕེ་མེད། རྙོབ་པའི་ལག་པ་མེད། འགྲོ་བའི་རྐང་པ་མེད། བསམ་པའི་ཡིད་རྒྱུ་བ་ཙམ་ཡོད་པ་ལ། ལྟ་བའི་མིག་དོད། རྙོབ་པའི་ལག་པ་དོད། འགྲོ་བའི་རྐང་པ་དོད། དེ་ལ་རང་མིང་རང་གི་བཏག་པ་ལ། སྲིད་པ་སངས་པོ་འབུམ་ཁྲི་བཏག སྲིད་པ་སངས་པོ་འབུམ་ཁྲི་ལ། ཡེ་སྨོན་རྒྱལ་པོ་ཞེས་ཀྱང་བྱ། ཞེས་བརྗོད་དེ་སངས་པོ་འབུམ་ཁྲིའི་བྱ་གླག་གི་སྒོ་ང་ཁྲ་བོ་ལ་གཏད་པ[7]དང་། ཡང་ན《མུ་ཡེ་ཕུད་ཕྱའི་མཐའ་ཐུག》ཏུ་ཕྱྭ་ལྷ་དང་གཡང་ལྷ་སྐོར་ཞིག་གི་འབྱུང་ཁུངས་གླེང་སྐབས། ལྷ་རྣམས་ཀྱི་འབྱུང་ཁུངས་སྒོ་ང་ལ་གཏད་དེ། ཡབ་གཅིག་སྲིད་བྲག་ཙེ་མཐོ་དང་། ཡུམ་ནི་སྲིད་མཚོ་འཕྲུལ་མོ་ཆེ། དེ་གཉིས་ཐུགས་ཀྱིས་སྤྲུལ་པ་ལས། སྲིད་པའི་སྒོ་ང་བརྒྱད་དུ་བྱུང་།[8] ཞེས་བརྗོད་པ་ལ་སོགས་ལས། གདོད་མའི་མི་རྣམས་ཐོག་མར་འདབ་ཆགས་ཀྱི་འཕུར་རྩལ་ལ་མཚར་ཏེ་བྱ་ལ་ཡིད་སྨོན་དང་གོང་བཀུར་བྱས་པ་ཡིན་ལ། དེའི་གོ་རིམ་ཁྲོད་དུ། བྱ་ནི་སྒོ་ང་ལས་སྲིད་པ་རྟོགས་ན། སྒོ་ངའི་བྱེད་ལས་ལ་ཧ་ལས་ཏེ་སྲིད་པའི་ཁྱོན་གྱི་དངོས་པོ་རྣམས་ཀྱང་སྒོ་ང་ལས་བྱུང་བར་འདོད། དེ་བས་དམུ་རྒྱུད་དང་བོན་ཆོས་ཀྱང་བྱ་རྒྱལ་ཁྱུང་དང་འབྲེལ་ནས་ངག་རྒྱུན་དུ་མང་པོ་བྱུང་། 《གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད》ལས། ཁྱུང་པོའི་གདུང་རབས་ཐོག་མར་ཀུན་ཏུ་བཟང་པོའི་སྤྲུལ་པ་རིག་སྣང་འོད་ཀྱི་རྒྱལ་པོ་ཞེས་བྱ་བས་འགྲོ་བའི་དོན་ལ་དགོངས་ནས་སྐུ་གསུང་ཐུགས་ལས་སྤྲུལ་པའི་བྱ་ཁྱུང་གསུམ་ཡར་མར་འཕུར་ནས་ཞང་ཞུང་གི་ཡུལ་ཁ་ཡུག་མེ་ཏོག་མཛེས་པའི་ཚལ་ལ་བབས། དེ་ལ་ཞུང་ཞུང་གི་མི་རྣམས་ངོ་མཚར་སྐྱེས་ནས་མཐོང་མ་མྱོང་བའི་འདབ་ཆགས་ཤིག་ཟེར་བ་ལ་རྭ་ཅོ་འདུག་པས་ཁྱུང་ཕོ་ཡིན་འདུག་ཟེར། དེར་ཁྱུང་གསུམ་དབྱིངས་སུ་འཕུར་ནས་སོང་བའི་ཤུལ་དུ་བལྟས་པས་པུས་མོ་ས་ལ་རེག་པའི་དྲོད་ལས་ཟིལ་པ་ཆགས། ཟིལ་པ་དེ་ལས་སྒོ་ང་གསུམ་བྱུང་། སྒོ་ང་བརྡོལ་བའི་ནང་ནས་མཚན་དང་ལྡན་པའི་ཁྱེའུ་རེ་རེ་བྱུང་བའི་མིང་ཡང་ཁྱུང་པོ་ཞེས་བཏགས། ཁྱུང་པོ་ཞེས་པའི་མིང་ཡང་དེ་ནས་བྱུང་། ཆེ་བ་ལྷ་ཁྱུང་རྒྱལ། དེ་འོག་ཁྱུང་ཐོག་ལ་འབར། ཆུང་བ་དམུ་ཁྱུང་རྒྱལ་ཞེས་གྲགས།ཁྱེའུ་དེ་གསུམ་གྱིས་ཞང་ཞུང་ཡུལ་དུ་སྐུ་མཁར་བཞེངས། ཁྱུང་ཐོག་ལ་འབར་གྱིས་འོད་ཟེར་འབར་བའི་གསས་མཁར་བཞེངས། དམུ་ཁྱུང་རྒྱལ་གྱི་དངུལ་མཁར་ལྷ་རྩེའི་གསས་མཁར་བཞེངས་སོ། །དེ་དག་གསུམ་ལ་བླ་རྡོ་རིན་ཆེན་ཕ་བོང་རེ་རེ་ཡོད་པར་གྲགས། ཁྱེའུ་དེ་ཚོས་ཞང་ཞུང་ཡུལ་དུ་ཞང་ཞུང་རྒྱལ་པོའི་བླ་ཡི་མཆོད་གནས་སུ་བཞུགས། [9]ཞེས་བསྟན་ཏོ། །

 2. རུས་བླ་བྱུང་བའི་བསམ་བློའི་རྒྱུ་རྐྱེན།

མི་རིགས་དང་ཆོས་ལུགས་སོ་སོའི་རུས་བླ་ཆགས་སྟངས་དཔྱད་ཚུལ་ལ་ཁྱད་ཆེ་ལ། དེ་ཡང་སྤྱི་ཚོགས་གནས་བབ་མི་འདྲ་བ་ལས་གདོད་མའི་མི་རྣམས་ཀྱི་འཚོ་བའི་དམིགས་པ་གཏད་སའི་ཡུལ་མི་འདྲ་བ་བྱུང་བ་ཡིན་ནོ། །ཅི་ཕྱིར་དམིགས་ཡུལ་མི་མཚུངས་ཤེ་ན། སྐབས་དེའི་མི་རིགས་སོ་སོའི་འཚོ་བའི་ཁོར་ཡུག་དང་རང་བྱུང་གི་གནོད་པ་ལ་སོགས་པའི་རྐྱེན་མི་འདྲ་བས། མི་རྣམས་ཀྱིས་དཀའ་སྡུག་སེལ་ཐབས་དང་སེལ་འདོད་པའི་རེ་འདུན་དང་སྐྱབས་མི་འདྲ་བ། དེ་ལས་དད་མོས་བྱེད་ས་དང་དམིགས་པ་གཏད་སའི་ཡུལ་ཡང་མི་འདྲ་བ་བྱུང་ངོ་། ། དཔེར་ན། རང་རྒྱལ་གྱི་གྲངས་ཉུང་མི་རིགས་པོ་ཡེ་རིགས(布依族)ཞེས་པས་གདོད་མའི་དུས་ནས་ཉ་རྔོན་པར་བརྟེན་ནས་འཚོ་བ་རོལ་པས། སྲོག་ཆགས་ཉ་མོ་དེ་དག་རང་རིགས་ཀྱི་དད་པའི་ཡུལ་ལམ་རང་རིགས་འབྱུང་ཁུངས་སུ་བསྟེན། དེ་ལས་རིམ་བཞིན་ཉ་མོའི་གཟུགས་བརྙན་དེར་སྒྲོ་བཏགས་ཀྱི་ཆ་གང་མང་སྦྱར་ནས། ཉ་མོ་མི་ཡི་གདོང་ཅན་གྱི་རུས་བླ་མཚོན་རྟགས་གང་མང་བྱུང་། དེ་དང་འབྲེལ་བའི་ངག་རྒྱུན་ཡང་དམངས་ཁྲོད་དུ་དར་ཁྱབ་བྱུང་། [10]གཞན་ཡང་དཔེར་ན། རང་རྒྱལ་རྒྱ་མི་རིགས་ཀྱི་རུས་མིང་ལས་ཀྱང་རྟོགས་སླ་སྟེ། རུས་རྒྱུད་རེ་རེར་གཞན་དང་མི་འདྲ་བའི་རུས་མིང་ཡོད་ལ། རུས་མིང་དེ་དག་ཀྱང་ངེས་པར་དུ་སྲོག་ཆགས་དང་། ཡང་ན་རྩི་ཤིང་གི་རིགས་དང་འབྲེལ་ཆགས་འདུག དེ་ཡང་རྒྱ་ཡིག་གི་བརྩམས་ཆོས་གྲགས་ཅན《རྒྱ་ཡིག་གི་མིང་བརྡ་གསལ་བཤད》(《说文解字》)ཞེས་པ་ལས་རུས་མིང་གི་སྐོར་གྱི་འཆད་མཚམས་སུ་གསལ་ལོ། ། དེ་བས།《弗氏图腾论》དང་འབྲེལ་ནས་དཔྱད་པ་ཅུང་ཟད་བཏང་ན། མི་རིགས་དང་ཆོས་ལུགས་ཕལ་ཆེ་ཤོས་ཀྱི་འབྱུང་རྐྱེན་ནི་མ་རྒྱུད་སྤྱི་ཚོགས་སྐབས་སུ་མི་རྣམས་ཀྱི་བསམ་པར། འཚོ་བའི་ཁོར་ཡུག་གི་གནོད་འཚེ་མང་པོ་ཞིག་ལ་འགྲེལ་རྒྱག་དཀའ་ལ། མ་རྒྱུད་གདོད་མའི་སྐབས་ཀྱི་ཞང་ཞུང་ཡུལ་མིའི་ནང་ཁུལ་གྱི་འཆམ་མཐུན་གལ་ཆེ་བར་བསམས་ནས། རིམ་བཞིན་རུས་བླ་བཀུར་སྟངས་བྱུང་ཞིང་། དེ་ཡང་དུས་ཀྱི་འགྲོས་རིམ་དང་བསྟུན་ནས་ཕྱིས་ཀྱི་མི་རྣམས་ཀྱིས་སྒྲོ་འདོགས་ལས་རིམ་གྱིས་འཕེལ་བ་ཡིན་ནོ། །

ཞང་ཞུང་དམུ་རྒྱུད་དང་གཡུང་དྲུང་བོན་ཡང་དེ་བཞིན་ཡིན་ལ། ཞང་ཞུང་བོན་པོ་རྣམས་ཀྱི་གདོད་མའི་སྐབས་ནས་བཟུང་ནམ་མཁའ་ལ་དད་མོས་བྱེད་པའི་སྤྱི་ཚོགས་སྣང་བརྙན་ནི་ལོ་རྒྱུས་ཡིག་ཆ་དང་བྲག་རྐོས་རི་མོ[11]དག་ལས་བདེན་པར་བསྟན་འདུག དེ་བས། འདབ་ཆགས་མཁའ་ལ་ལྡིང་བ་དང་། དེས་དུག་སྦྲུལ་ལ་སོགས་པའི་རིགས་ཟ་བའི་སྣང་ཚུལ་དེ་འདྲར་མཉམ་བཞག་ནས། སྦྲུལ་ནི་ཀླུར་འདོད་པ་དང་། མི་ལ་གནོད་འཚེ་བྱེད་ལ། དེའི་གཉེན་པོར་བྱ་རྒོད་ལ་སོགས་ཡིན་པས། མི་ལ་ཡང་དེ་དང་མཚུངས་པའི་ཀླུའི་གནོད་པ་ཚར་དུ་གཅོད་པ་དང་མཁའ་དབྱིངས་སུ་འཕུར་བའི་ནུས་རྩལ་ལྡན་ན་ཅི་མ་རུང་སྙམ་པའི་བློ་བསྐྱེད་བྱུང་། དེ་བས་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་སེལ་བ་དང་། རང་རིགས་ཀྱི་ཁུངས་བཙུན་པར་སྟོན་ཕྱིར། རུས་རྒྱུད་དང་ཆོས་ཁུངས་ཀྱང་ཀླུའི་གཉེན་པོའམ་མཐུ་རྩལ་ཆེ་བར་སྒྲོ་བཏགས་པའི་བྱ་རྒྱལ་ཁྱུང་ཆེན་ལ་གཏུགས་པ་དང་། དེ་དང་འབྲེལ་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་ཀྱང་མང་དུ་བྱུང་ངོ་། ། དུས་ཡུན་རིང་པོར་བྱ་ལ་ཡིད་སྨོན་དང་གོང་བཀུར་བྱས་པ་ན། འདབ་ཆགས་བྱ་ལ་དད་པ་བྱེད་པའི་སྲོལ་བྱུང་བ་དང་། བྱ་ལ་དད་པ་བྱས་པ་དང་བསྟུན་ནས། ཁྱུང་ཟེར་བ་ཞིག་ཀྱང་གསར་བཏོད་བྱས། དེ་ཉིད་འདབ་ཆགས་ཡོངས་ཀྱི་དོད་ལ་བཀོད་དེ་དད་པ་བྱས་པ་དང་། རྟོག་བཏགས་ཁྲོད་ཀྱི་འདབ་ཆགས་དེའི་གཟུགས་ནི་ཆུ་བུར་གྱི་མིག་གིས་མཐོང་མ་ཐུབ་པ་ན། གཡུང་དྲུང་ཟེར་བའི་རི་མོ་དེ་གསར་གཏོད་བྱས་ཏེ་ཁྱུང་གི་དོད་ལ་བཀོད་པ་འདྲའོ། །[12]

གསུམ་པ། གཡུང་དྲུང་བོན་གྱི་རུས་བླ་བྱ་རྒྱལ་ཁྱུང་གི་འབྱུང་ཁུངས་དང་མཚོན་དོན།

1. གཡུང་དྲུང་བོན་ལས་བྱ་རྒྱལ་ཁྱུང་གི་འབྱུང་ཁུངས།ཆོས་ཀྱི་ཕྱོགས་ནས་བྱ་རྒྱལ་ཁྱུང་ཆེན་གྱི་འབྱུང་ཁུངས་ལ།《རྒྱལ་བུ་གཞོན་ནུ་རོལ་རྩེད་ཀྱི་མདོ》ལས། ཀླུའི་རྒྱལ་པོས་རྒྱལ་བུ་ལ་རང་རིགས་ཀྱི་ཁུངས་རྟེན་འབྲེལ་ཅི་ལས་བྱུང་བ་གསོལ་པ་ན།དེ་ནས་རྒྱལ་བུས་བཀའ་སྩལ་པ། ཉོན་ཅིག་ཀླུའི་རྒྱལ་པོ་དེ་ནི་འདི་ལྟ་སྟེ། སྔོན་ཀླུའི་ནེ་ར་ནེ་ཏིང་བྱ་བ་ན། ཀླུའི་རྒྱལ་པོ་འབྱུང་གནས་དཔལ་དང་། བྲམ་ཟེ་མོ་ཨ་མ་ཏྲ་ཏི་གཉིས་ལ། སྲས་གསུམ་ལྟམས་པས། ཀླུ་སྲས་འོད་འབར་དང་། འོད་སྐྱོང་དང་། འོད་བཟང་དཔལ་དང་གསུམ་མོ། །དེ་གསུམ་གྱིས་རང་རེ་གསུམ་ཡང་། ཀླུའི་རྒྱལ་སར་ནི་སྐྱེས། བསོད་ནམས་དང་ལོངས་སྤྱོད་ཆེ་ཡང་། མཐོ་རིས་གོ་འཕང་མ་ཐོབ་པར། བྱོལ་སོང་གི་གཙོ་བོར་སྐྱེས་པ། ད་ནི་ངེད་རང་གསུམ་མཆོད་པའི་རྟེན་ཅིག་བཞེངས་ནས་སྨོན་ལམ་བཏབ་པས། འཇིག་རྟེན་ཁམས་བདེ་བ་ལ་བཀོད་པ་ཞིག་ཨེ་འགྲུབ་ལྟོས་ཞེས་སྨྲས་ནས། རིན་ཆེན་གྲངས་མའི་གླིང་རྣམ་རྒྱལ་ཡོངས་འདུལ་གྱི་མཆོད་རྟེན་ཅིག་བཞེངས་ཏེ། ཀླུ་ལས་གྲུབ་པའི་གཤེན་པོ་སྣང་བ་འོད་ལྡན་སྤྱན་དྲངས་ནས། སྨོན་ལམ་བཏབ་སྟེ། གསུངས་པ། ཁྱེའུ་སྤུན་གསུམ་ནི་དགེ་བའི་རྩ་བ་དང་། སྟོབས་འདི་ལྟ་བུ་ལ་བཞུགས་ནས། གཡུང་དྲུང་གི་བོན་ལ་སྤྱད་པས། ནམ་ཞིག་སྲིད་གསུམ་ཁ་ལོ་བསྒྱུར་བའི་བདག་པོར་གྱུར་ནས། འགྲོ་བ་སེམས་ཅན་འདྲེན་པའི་སྟོན་པར་གྱུར་ཅིགཅེས་གསུངས་པ། གཅེན་པོས་ནི་བདག་ནི་དེ་དུས་སྲིད་གསུམ་ཟིལ་གྱིས་གནོན་པའི་རྗེ་བོ་ཞིག་ཏུ་གྱུར་ནས། སྣང་སྲིད་ཀྱི་བདག་པོར་གྱུར་ཅིག་ཅེས་ཟེར་རོ། །གཅུང་པོས་ང་ནི་དེ་དུས་སྐྱེ་འགྲོས་བརྟེན་པའི་གཞི་མར་འདེག་ཅིང་། སྣང་སྲིད་དགའ་བདེ་སྐྱིད་པའི་བདག་པོ་ཞིག་ཏུ་སྐྱེ་བར་གྱུར་ཅིག འབྲིང་བོས་ནི་བདག་ནི་དེ་དུས་སྲིད་གསུམ་འགྲོ་བ་འདྲེན་པའི་སྟོན་པ་ཆེན་པོ་ཞིག་ཏུ་གྱུར་ནས། ཁྱེད་གཉིས་ཀྱི་མཚམས་སུ་འདུག་སྟེ། སེམས་ཅན་ལ་ཕན་ཐོག་པར་གྱུར་ཅིག བདག་ཅག་གསུམ་གྱི་ཡབ་ཡུམ་ཀྱང་། དེ་དུས་འཁོར་ལོས་བསྒྱུར་བའི་ཡབ་ཡུམ་གཉིས་སུ་གྱུར་ནས། དུས་གསུམ་སངས་རྒྱས་བསྐྱེད་པའི་ཡབ་དང་ཡུམ་དུ་གྱུར་ཅིག ཅེས་སྨོན་ལམ་བཏབ་པས།དེས་མཐའ་བཙན་ནས། རྒྱལ་པོ་འབྱུང་གནས་དཔལ་ནི་ད་ལྟའི་རྒྱལ་བོན་ཉིད་དོ། བྲམ་ཟེ་མོ་ནི་ཡུམ་རྒྱལ་བཞད་མ་ཉིད་དོ། གཅེན་པོ་འོད་བཟང་དཔལ་ནི་ད་ལྟའི་ཀླུ་རྒྱལ་ཉིད་དོ། འབྲིང་པོ་འོད་སྐྱོང་ནི་ད་ལྟའི་རྒྱལ་བུ་བདག་ཉིད་དོ།[13] ཞེས་གསུངས་པ་ལས་བྱ་རྒྱལ་ཁྱུང་ཆེན་སྐྱེ་བ་སྔ་མའི་དགེ་བའི་ལས་དང་སྨོན་ལམ་སོགས་ལ་བརྟེན་ནས་ཁྱུང་ཆེན་གྱི་ལུས་ཐོབ་པ་གོང་གི་མདོ་ལས་གསལ་བར་བསྟན་འདུག དོན་དངོས་སུ། བྱ་ལ་དད་མོས་དང་ཁྱུང་ནི་རུས་བླར་བརྟེན་པ་གཡུང་དྲུང་བོན་གྱི་ཡར་སྔོན་ལ་ཁུངས་གཏུགས་ཆོག་སྟེ། གཉའ་ཁྲི་གནམ་ལས་འོང་བ་དང་། ཞང་ཞུང་རྒྱལ་རབས་རྣམས་གནམ་ལ་གཤེགས་པ། གཞན་ཡང་། ཞང་ཞུང་ཡུལ་གྱི་བྲག་ཁུང་ལ་སོགས་པའི་རྡོ་བརྐོས་རི་མོ[14]དག་ལས་བདེན་པར་མངོན།

དེང་རབས་ཆོས་ལུགས་རིག་པ་དང་མིའི་རིགས་རིག་པའི་དཔྱད་པ་ལྟར་ན། བྱ་རྒྱལ་ཁྱུང་ཆེན་ཞེས་པ། དེ་འདྲའི་མཐུ་སྟོབས་ལྡན་ཞིང་གཟུགས་ཕུང་ཆེ་བ་ནི་སྒྲོ་འདོགས་བྱས་པ་ཡིན་ལ། སྒྲུབ་བྱེད་ནི། ལུང་ཁུངས་བཙུན་གང་ཡང་མེད་ལ་ཚན་རིག་གིས་ཀྱང་བདེན་དཔང་བྱེད་མི་ནུས་སོ། ། ཆོས་ལུགས་རིག་པའི་བཤད་ཚུལ་ནི། གོང་དུ་བཤད་ཟིན་པ་བཞིན། གདོད་མའི་མ་རྒྱུད་སྤྱི་ཚོགས་ཀྱི་སྐབས་སུ་བོན་པོ་རྣམས་ནམ་གཤིས་ལ་སོགས་པའི་རང་བྱུང་གི་གནོད་འཚེ་ལ་འཇིགས་སྐྲག་ཆེ་བས། ནམ་མཁའ་ལ་དད་མོས་བྱེད་པ་དང་། བྱ་རྒོད་ནི་མཁའ་ལ་འཕུར་ནུས་པ་ཞིབ་ཏུ་བརྟགས་ནས་ཡ་མཚན་པར་འདོད་དེ། མི་ལ་ཡང་དེ་དང་མཚུངས་པའི་ནུས་རྩལ་ལྡན་ན་ཅི་མ་རུང་སྙམ་ནས་བྱ་ཡི་ལུས་ཕུང་དང་མི་ཡི་མགོ་ཅན་གྱི་ཁྱུང་དེ་ཉིད་རྟོག་བཟོ་བྱས་ནས་རང་གི་མེས་པོའམ་འབྱུང་ཁུངས་སུ་བཀུར། རིམ་བཞིན་ཕྱིས་སུ་བྱ་རྒྱལ་ཁྱུང་ཆེན་ཞེས་པའི་གཟུགས་བརྙན་འདི་གྲུབ་བར་འདོད་དོ། །

2.གཡུང་དྲུང་བོན་ལས་བྱ་རྒྱལ་ཁྱུང་གི་མཚོན་དོན་དང་མཚོན་རྟགས་སྐོར།

བྱ་རྒྱལ་ཁྱུང་ཆེན་ནི་གཡུང་དྲུང་བོན་ལས་བསྟན་པ་ལྟར་ན། ཕུང་པོ་ཆེན་པོ་གཤོག་པ་ནམ་མཁའི་མཐའ་དང་མཉམ་པ། སྐུ་དྲག་པོ་ཀླུའི་གཉེན་པོ་སྲིད་གསུམ་ཟིལ་གྱིས་གནོན་པ། གཟུགས་གནས་ས་འཇིག་རྟེན་རི་རབ་མི་འགྱེལ་སྲོག་ཤིང་དཔག་བསམ་ལྗོན་ཤིང་བྱ་བའི་རྩེ་ན་བཞུགས་པ། ཁ་ཟས་ལ་ཀླུ་དང་སྲིན་པོའི་རིགས་སུ་བྱེད་པ་ཅན་ཞིག་ཡིན་པར་བརྗོད་དོ། ། གཞན་ཡང་། མི་ལ་ཀླུས་གནོད་པ་ན། ཁྱུང་ཆེན་སྒྲུབ་མཁན་གྱི་གང་ཟག་གི་སྔགས་ལ་བརྟེན་པ། ཀླུའི་རྒྱལ་པོ་ལས་རྒྱལ་བ། ཀླུ་མཐའ་དག་ཁྱུང་གི་འུར་སྒྲ་ཐོས་པ་ཙམ་གྱིས་བརྒྱལ་བར་འགྱུར་རོ། །[15]དེ་ལས་རྟོགས་སླ་བ་ནི། བོན་ལས་བྱ་རྒྱལ་ཁྱུང་ཆེན་ཞེས་པ་འདི་གཙོ་བོ་ཀླུའི་གཉེན་པོ་མཚོན་ནོ། །

 བྱ་རྒྱལ་ཁྱུང་ཆེན་དང་འབྲེལ་བའི་མཚོན་རྟགས་ཀྱང་བོན་ལས་མཐོང་རྒྱུ་ཧ་ཅང་མང་སྟེ། དཔེར་ན། གཡུང་དྲུང་དང་། སྔགས་མཁན་གྱི་དབུ་ཞྭའི་གྲུབ་སྟངས་ཡང་བོན་རྣམས་ཀྱི་བཤད་པ་ལྟར་ན་ཁྱུང་གི་རྭ་མཚོན་བྱེད་དུ་འདོད། གཞན་ཡང་། སངས་རྒྱས་ཀྱི་སྐུ་ལ་སོགས་བཞེངས་པའི་སྐབས་སུ། སེང་གེ་བརྒྱད་ཁྲིའི་སྟེང་དུ་སངས་རྒྱས་ཀྱི་སྐུ་དང་། སྐུའི་གོང་ལ་ཁྱུང་ཆེན་གྱི་ཕྱག་ན་ཀླུའི་མཚོན་བྱེད་དུག་སྦྲུལ་བསྣམས་པ་ཅན་ངེས་པར་དུ་བཞེངས་དགོས། 《བོན་གྱི་ལྷ་རབས་ལ་དཔྱད་པ》ལས། གཡུང་དྲུང་ནི་ཁྱུང་གི་མཚོན་བྱེད་ཡིན་པར་ར་སྤྲོད་བྱ་དགོས་ན། ཐོག་མར་གདོད་མའི་དུས་སུ་རི་མོ་སྟབས་བདེ་རེ་དངོས་པོ་དང་སེམས་ཅན་གྱི་དོད་ལ་འདྲེན་པའི་སྲོལ་ཡོད་མེད་ལ་བརྟག་དགོས་མོད། ད་ལྟའི་འཚོ་བའི་ཁྲོད་ན་དངོས་པོ་དང་སེམས་ཅན་གྱི་རི་མོ་སྟབས་བདེ་རེ་འགོད་པའི་སྲོལ་ནི་མཐོང་དཀའ།འོན་ཏེ་བོད་ཀྱི་གསལ་བྱེད་སུམ་ཅུའི་གཟུགས་ཀྱི་གྲུབ་ལུགས་ལ་ཞིབ་ཏུ་བརྟགས་ན། བོད་ལ་གདོད་མའི་དུས་སུ་མཚོན་བྱེད་རི་མོ་ཧ་ཅང་མང་པོ་དར་མྱོང་བ་རྟོགས་ཐུབ། མཚོན་བྱེད་རི་མོ་བྱུང་བ་དེ་གཞིར་བཟུང་ནས་བསམ་གཞིག་གི་ལས་ལ་རོལ་ན། འདབ་ཆགས་ལ་ཡིད་སྨོན་དང་གོང་བཀུར་བྱེད་པའི་འདབ་ཆགས་མཚོན་བྱེད་ཀྱི་རི་མོ་བྱུང་བ་དང་། སྒོ་ངའི་བྱེད་ལས་ལ་ཧ་ལས་པའི་སྐབས་སུ་སྒོ་ངའི་མཚོན་བྱེད་ཀྱི་རི་མོ་བྱུང་བ་དང་། རྗེས་སུ་ཁྱུང་ལ་དད་པ་བྱེད་པའི་སྐབས་སུ་ཁྱུང་མཚོན་བྱེད་ཀྱི་རི་མོ་བྱུང་བ་ནི་ལུགས་དང་མཐུན་པ་ཞིག་ཡིན་པའི་ངོས་ཟིན་འབྱུང་བ་ཡིན་ནོ། །[16]

བཞི་པ། གཡུང་དྲུང་བོན་ལས་བྱ་རྒྱལ་ཁྱུང་དང་འབྲེལ་ཡོད་ཀྱི་ཆོ་ག

གཡུང་དྲུང་བོན་གྱི་ཆོ་ག་དང་རིམ་འགྲོའི་རིགས་ཤིན་ཏུ་ཕུན་སུམ་ཚོགས་པ་ཡིན་ལ། སྤྱིར་བསྡུས་ན་གཙོ་བོ་སྒྲུབ་པ་ཉམས་ལེན་དང་རིམ་གྲོ་ཞབས་བརྟན་གྱི་རིགས་གཉིས་སོ། །དེ་ལས་རིམ་གྲོ་ཞབས་བརྟན་ནི་གཡང་སྒྲུབ་འདས་འཆོད་ལྷ་གསོལ་བསྐང་གསོ་ལ་སོགས་དང་། སྒྲུབ་པ་ཉམས་ལེན་ནི་གཙོ་བོ་ཡི་དམ་གྱི་སྒྲུབ་པ་དང་བླ་མའི་སྒྲུབ་པ་རྣམས་ཀྱི་ཆོ་གའི་རིགས་ལ་གོ དེ་བས་བྱ་རྒྱལ་ཁྱུང་ཆེན་གྱི་སྒྲུབ་ཐབས་ནི་ཡི་དམ་གྱི་སྒྲུབ་པའི་རིགས་སུ་གཏོགས། ཆོ་གའི་སྒྲུབ་ཐབས་ལ་གང་ཟག་ཅིག་ཁྱུང་ཁྲ་ལ་སོགས་གང་རུང་ཞིག་གི་དབང་ལུང་ཞུས་ན་ངེས་པར་དུ་མཚམས་བསྙེན་སྒྲུབ་དུས་ཚོད་ངེས་ཅན་བཞུགས་དགོས། སྒྲུབ་པའི་རིམ་གྲོ་རྣམས་ངེས་པར་དུ་ཁྱུང་ཁྲ་ལ་སོགས་པའི་སྒྲུབ་གཞུང་ལྟར་བྱེད་དགོས།[17] ཁྱུང་གི་སྒྲུབ་གཞུང་ཡང་གསང་བའི་རང་བཞིན་གྱིས་དར་རོ། །

དེ་བསྒྲུབས་ཟིན་པའི་སྔགས་མཁན་ཕལ་ཆེ་ཤོས། ཀླུའི་གནོད་པ་ཞི་བའི་ནུས་པ་དང་ལྡན་ལ། ལོ་རྒྱུས་སྟེང་དུ་ཡང་ཁྱུང་སྒྲུབ་མཁན་གྱི་གང་ཟག་ཁྱུང་པོ་ཤེས་རབ་རྒྱལ་མཚན། ཁྱུང་པོ་ཨ་བརླ། ནང་ཆེན་གྲགས་པ། དེ་རྗེས་ཁྱུང་པོ་དཀར་ནག་སེར་གསུམ་གྱི་རྒྱུད་འཛིན་མཁན་མང་དུ་བྱུང་ངོ་། །

མཇུག་སྡུད་པ།

རུས་བླའི་དད་མོས་ནི་རང་རྒྱལ་དང་། འཛམ་གླིང་གི་མི་རིགས་སོ་སོའི་ཁྲོད་དར་ནས་ལོ་རྒྱུས་རིང་མོ་ཞིག་འགོར་ཡོད། དེའི་མཚོན་བྱེད་ཀྱི་རྣམ་པ་ཡང་ཕུན་སུམ་ཚོགས་པ་ཡོད་ལ། ཐོག་མའི་སྐྱབས་དང་སྐྱོབ་པ། རུས་རྒྱུད་ནང་ཁུལ་གྱི་འཆམ་མཐུན་ལ་སོགས་པའི་གདོད་མའི་དགོས་མཁོ་ནས་རྗེས་སུ་རིམ་བཞིན་འཕེལ་རྒྱས་བྱུང་ནས་སྤྱི་ཚོགས་སྣང་བརྙན་ཞིག་ཏུ་གྱུར་ལ། སྣང་བརྙན་དེ་ལས། མི་རིགས་གཉིས་བར་ཀྱི་སྲོལ་རྒྱུན་འགལ་འབྲེལ་ལམ། ཡང་ན་ཁྱད་པར། འབྱུང་ཁུངས། ཕན་ཚུན་ཤན་ཤུགས་ཐེབས་ཚད་ལ་སོགས་མི་རིགས་ཤིག་དང་ཆོས་ལུགས་ཤིིག་ལ་ཞིབ་འཇུག་བྱེད་པར་མཚོན་ན། རིན་ཐང་ཤིན་ཏུ་ཆེ་བའི་ཞིབ་འཇུག་རྒྱུ་ཆ་ཞིག་ཡིན་ནོ། །

ཟུར་བལྟའི་དཔྱད་གཞི། 

        [1] རྒྱལ་མོ་འབྲུག་པ། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། [M] མི་རིགས་དཔེ་སྐྲུན་ཁང་། 2006:19、76.

        [2] [8] ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེ་མཛོད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001:21-30.

        [3] 才让太,顿珠拉杰.《苯教史纲要》[M].北京:中国藏学出版社,2012: 1-49.[4] 吕大吉. 宗教学通论新编[M]. 北京:中国社会科学出版社,2010: 381-390.

        [5] 詹姆斯•G• 弗雷泽 . Totemism andExogamy [M].Kessinger Publishing 2006: 15.

        [6] ཐུབ་བསྟན་ཕུན་ཚོགས། བོད་ཀྱི་གདོད་མའི་སྤྱི་ཚོགས། [Z]. རྗེ་ཙོང་ཁ་པའི་དྲ་ངོས་གློག་རྡུལ་ཡིག་ཆ། 2012: 2.

        [7] [12] [16] བཀྲ་བྷ། བོན་གྱི་ལྷ་རབས་ལ་དཔྱད་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012: 104-116.

        [9][17] དོན་གྲུབ་ལྷ་རྒྱལ། གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013:63.

        [10] 谷因. 布依族鱼图腾崇拜溯源[J]. 北京:民族研究,1999(1)

        [11] [14] 张亚莎. 西藏的岩画[M]. 西宁:青海人民出版社,2006:139-160.

        [13] [15] འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་རྒྱུད་ལས་རྒྱལ་བུ་གཞོན་ནུ་རོལ་རྩེད་ཀྱི་མདོ། 65.

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།