ཡར་ལྷ་ཤམ་པོའི་དད་མོས་རིག་གནས་ཀྱི་བྱུང་བ་དང་དེའི་བྱེད་ནུས་སྐོར་གླེང་བ།

དང་པོ། ཡར་ལྷ་ཤམ་པོའི་འདུ་ཤེས་རིག་གནས་ཀྱི་ཐོག་མའི་བྱུང་བ།

ལྷ་ཆེན་དེ་ནི་ཡུལ་ཡར་སྟོད་ཀྱི་ས་ན་གནས་ཤིང་དེའི་བྱུང་བའི་སྐོར་ལ་ཆོས་འབྱུང་དང་མཁས་དབང་མང་པོའི་བཞེད་པ་མི་མཐུན་པ་མང་ཞིང་། དེའི་ནང་བཞེད་པ་གྲགས་ཆེ་བ་གཉིས་ལས། མཁས་པ་ཁ་ཅིག་གིས་འདི་ནི་འོ་དེ་གུང་རྒྱལ་གྱི་སྲས་ཡིན་ཚུལ་དང་། ཁ་ཅིག་གིས་འདི་ཉིད་ནི་སྔོན་གྱི་དུས་སུ་ཡུལ་ཡར་ཀླུང་དུ་གནས་བཅའ་བའི་མེས་པོ་ཞིག་གམ་ཚོ་དཔོན་ཞིག ཡང་ན་དམག་དཔོན་ཞིག་ནས་རིམ་བཞིན་གངས་ཅན་སྤྱིའི་འཇིག་རྟེན་པའི་ལྷ་སྐལ་དུ་བཀོད་པའི་གཞི་བདག་ཅིག་ཡིན་པར་འདོད། བཞེད་ཚུལ་དེ་གཉིས་ལས་བཞེད་ཚུལ་དང་པོ་ནི《ལྡེའུ་ཆོས་འབྱུང》ལས། “འོ་དེ་གུང་རྒྱལ་བྱ་བ་དེ་ནམ་མཁའ་འཕྲུལ་ཙམ་ན་བཞུགས་པའི་གནམ་གྱི་ཐང་ང་དགུ་དང་བཤོས་པའི་སྲས་དགུ་བརྒྱ་རྩ་གཅིག་འཁྲུངས་སོ། །ཆར་བབས་པའི་གྲངས་ལས་མང་བའི་ལྷ་བྲན་ཀུན་གྱི་ཡབ་མཛད་དོ། །བར་སྣང་ལ་བཞུགས་པའི་ཚེ་འོད་ལྷ་འབྲེང་འབྲེང་ངོ་། །བར་གྱི་ཐང་ང་དགུ་དང་བཤོས་པའི་སྲས་རི་རབ་ཀྱི་རྡུལ་ཕྲན་ལས་མང་བའི་ལྷ་བྲན་ཀུན་གྱི་ཡབ་མཛད། ས་དོག་ལ་གཤེགས་པའི་ཚེ། ལྷ་ཁུ་ཡུག་མང་སྐྱེས་ཞེས་ཀྱང་བྱ། ལྷ་དགུའི་ཡབ་ལགས་སོ”[1]ཞེས་འོ་དེ་གུང་རྒྱལ་གྱི་བྱུང་བ་དང་དེ་ཉིད་སྲིད་པ་ཆགས་པའི་ལྷ་དགུའི་ཡབ་ཡིན་པར་བཤད་ཡོད། དེ་དང་བཞེད་པ་གཅིག་མཐུན་ཡིན་པ་ནི་སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི《དམ་ཅན་བསྟན་སྲུང་གི་རྣམ་ཐར》ལས།“ཡར་ཀླུང་སོགས་ཁར་ཐང་ང་ཡར་མོ་དང་བཤོས་པའི་སྲས་ཡར་ལྷ་ཤམྦྷོ་འཁྲུངས”[2]ཞེས་གསུངས་པ་ལྟར་ཡར་ཀླུང་ཁུལ་གྱི་ལྷ་ཆེན་ཡར་ལྷ་ཤམ་པོ་འདི་ཉིད་ཀྱི་ཐོག་མའི་བྱུང་བ་ལྟར་ན་སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཡིན་ཟེར། དེ་ཡང་བོད་ལྗོངས་ལྷོ་ཁ་ཟངས་རིའི་འོལ་ཁ་རུ་བཞུགས་པའི་འོ་དེ་གུང་རྒྱལ་གྱི་སྲས་ཆེ་ཤོས་དེ་ཡིན་པར་གྲགས། ལྷ་ཆེན་འོ་དེ་གུང་རྒྱལ་ལ་སྲས་བརྒྱད་བྱུང་བ་ནི་ཡར་ཀླུང་ཁོག་གི་ཡར་ལྷ་ཤམ་པོ་དང་། བོད་བྱང་ཐང་གི་གཉན་ཆེན་ཐང་ལྷ། སྟོད་ཀྱི་སྒྱོགས་ཆེན་ལྡོང་ར། མདོ་སྨད་ཤར་ཕྱོགས་ཀྱི་རྨ་ཆེན་སྦོམ་ར། ཇོ་བོ་གཡུལ་རྒྱལ། སྐྱིད་ཤོད་ཞོགས་ལྷ་རྒྱུགས་པོ། ཤེའུ་ཁ་རག་དང་གནོད་སྦྱིན་གངས་བཟང་ཡིན་ཏེ།ལྷ་འདི་དག་མདོ་དབུས་ཁམས་གསུམ་ཚང་མར་ཁྱབ་ཡོད་པར་གྲགས། བཞེད་ཚུལ་གཉིས་པ་ནི་ཚོ་དཔོན་ནམ་དམག་དཔོན་ཞིག་ནས་རིམ་བཞིན་གཞི་བདག་ཏུ་གྱུར་པ་དེ་ཡིན། གནའ་གཏམ་དུ་ཡུལ་ཡར་ཀླུང་དུ་སྡོད་པར་ལྷ་ཡར་ལྷ་ཤམ་པོ་ཞེས་པ་དང་ཡང་ལྷ་དེའི་ཆས་གོས་ཐད་བྱམས་པ་བསྟན་འཛིན་ལགས་ཀྱིས་བསྡུ་སྒྲིག་བྱས་པའི《ཤམ་པོའི་ཁ་རླངས》ཞེས་པ་རུ།“སྐུ་མདོག་ཤེལ་གྱི་རི་བོ་ལ་ཉི་མ་ཤར་བ་ལྟར་གསལ་ཞིང་དྭངས་པ། ཞལ་གཅིག་ཕྱག་གཉིས་ཅན། ཁྲོས་པའི་རྣམ་པ་ཅན། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། སྨ་ར་དང་སྨིན་མ་དམར་སེར་འབར་བ། དབུ་སྐྲ་རལ་པ་ཁམ་ནག་རྒྱབ་ཏུ་བསྙིལ་བའི་གཙུག་ན་རྡོ་རྗེ་སེར་པོ་ཕྱེད་པས་མཚན་པ། ཕྱག་ལས་རལ་གྲི་ནམ་མཁའ་ལ་འཕྱར་ཞིང་། གཡོན་པ་མདུང་སྣོན་དར་དཀར་གྱི་བ་དན་ཤམ་བུ་དམར་པོ་ཅན་འཕྱར་བ། སྐུ་ལ་དར་དཀར་གྱི་རྩེ་གོས་ཟ་འོག་སྔོན་པོའི་མཐའ་ཅན་རིན་པོ་ཆེའི་ཐོད་དང་ཕྱག་ཞབས་གདུ་བུ་དང་སྙན་ཆ་དོ་ཤལ་སོགས་ཀྱིས་སྤྲས”[3]ཞེས་པ་ལྟར།ལྷ་དེའི་དྲག་པོའི་གཡུལ་གྱི་ཆ་ལུགས་སམ་རྣམ་པར་གཞིགས་ན།ཡར་ལྷ་ཤམ་པོ་ནི་ཡར་ཀླུང་ཁུལ་གྱི་སྡེ་དཔོན་ནམ་དམག་དཔོན་ཞིག་ཡིན་པའི་ཚོར་སྣང་ཞིག་བྱུང་། དེ་ཡང་མི་རིགས་གཞན་གྱིས་རང་གི་མེས་པོ་རྣམས་ལོ་རྒྱུས་རྡོ་རིང་སྟེང་དུ་ཡི་གེ་བརྐོས་པ་བཞིན། བོད་མི་རྣམས་ཀྱིས་མེས་པོ་བཀའ་དྲིན་ཅན་རྣམས་ཀྱི་བཀའ་དྲིན་ནམ་ཡང་མི་བརྗེད་པའི་ཆེད་དུ་རི་བོ་རྣམས་ལ་མེས་པོ་རྣམས་ཀྱི་མིང་བཏགས་ནས་བསྐལ་པའི་བར་དུ་མི་བརྗེད་པར་བྱེད་པ་ལྟར། ལྷ་ཆེན་ཡར་ལྷ་ཤམ་པོ་འདི་ཉིད་ཀྱང་ཡར་ཀླུང་ཁུལ་གྱི་དམག་དཔོན་ནམ་སྡེ་དཔོན་ཞིག་ཚེ་ལས་འདས་རྗེས་རྣམ་ཤེས་གངས་རི་ཡར་ལྷ་ཤམ་པོར་གནས་པར་འདོད་ནས་གསོལ་མཆོད་བྱེད་པ་རེད།

གོང་གི་བཞེད་པ་གཉིས་ལས། ཁོ་བོའི་ལྟ་སྟངས་ལྟར་ན་བཞེད་པ་སྔ་མ་ལ་འདོད་པས་བཞེད་པ་སྔ་མ་ནི་སྤྱིར་བཞེད་ཚུལ་དེས་བོད་རིགས་དམངས་ཁྲོད་ཀྱི་རི་ལྷའི་དད་མོས་ཁྱད་ཆོས་མངོན་པར་གསལ་ལ། གནའ་བོའི་རི་ལྷའི་དད་མོས་ཀྱི་རྣམ་པ་མཚོན་ནུས་པའི་ལྟ་བ་ཞིག་ལགས་ནའང་། ལྟ་བ་དེར་ལྷ་སྒྲུང་གི་རྣམ་པ་ཤས་ཆེ་བ་དང་། དམངས་ཁྲོད་ངག་རྒྱུན་ཙམ་ལས་ལོ་རྒྱུས་དངོས་ལས་ཆེས་ཆེར་བརྒལ་པའི་བཞེད་ཚུལ་ཞིག་ཡིན་པར་འདོད། ཕྱི་མ་དེ་ནི་ལོ་རྒྱུས་དངོས་སམ་དོན་དངོས་དང་བར་ཐག་ཉེ་བའི་འགྲེལ་ཚུལ་ཞིག་རེད་སྙམ། རྒྱུ་མཚན་ནི་དེ་ལྟ་བུའི་འགྲེལ་ཚུལ་ལམ་བཞེད་ཚུལ་ནི་ཡུལ་དེའི་མི་རྣམས་ཀྱི་རང་གི་མེས་པོ་དམ་པ་རྣམས་ཀྱི་བཀའ་དྲིན་མི་བརྗེད་པའི་ནུས་པ་ལྡན་པར་མ་ཟད། ཡར་ལྷ་ཤམ་པོ་ཡང་གདོད་མ་ནས་ས་ཆ་དེར་ཡོད་པའི་གངས་རི་ཞིག་ཡིན་པ་ལ་ཕྱིས་སུ་ཡུལ་དེའི་མི་རྣམས་ཀྱིས་དད་མོས་ཀྱི་འདུ་ཤེས་ཞུགས་ནས་དེ་ལ་མཆོད་པ་དང་། བདག་སྐྱོང་སོགས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བྱེད་ནུས་ཁྱད་པར་བ་ཞིག་ཐོན་ནུས་པས་རེད་སྙམ།

གཉིས་པ། ཡར་ལྷ་ཤམ་པོའི་དད་མོས་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་གསུམ་གྱི་སྐོར།

《མདའ་དང་འཕང》ལས། “བོད་རིགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་གྲུབ་པའི་ནང་དོན་དུ་མའི་ནང་ནས་སྔ་དེང་གཉིས་ཀར་ཉམས་སྨད་དུ་མ་ཕྱིན་པར་གནས་ཡོད་པ་ནི་ཡུལ་ལྷར་དད་མོས་བྱེད་པའི་སྲོལ་དེ་ཡིན”[4]ཞེས་གསུངས་པ་ལྟར་ཡར་ལྷ་ཤམ་པོར་དད་མོས་བྱེད་པ་དང་། གསོལ་མཆོད་བྱེད་པ་སོགས་ལ་ཡང་གནའ་བོའི་དུས་ནས་ད་ལྟ་ལ་ཐུག་གི་བར་དུ་ཉམས་པ་མེད་པར་ཡུལ་དེའི་མི་ཙམ་མ་ཟད་མདོ་དབུས་ཁམས་གསུམ་ཀུན་ནས་ཡར་ཀླུང་གི་ཡར་ལྷ་ཤམ་པོ་ཞེས་རླུང་ལྟར་གྲགས་པའི་རི་ཆེན་དེའི་གཟི་རྔམ་དང་བརྗིད་ཉམས་ལ་བསྟོད་པ་བྱེད་ཅིང་། རང་གི་ངོས་འཛིན་དང་མགོན་སྐྱབས་སུ་འདོད་མཁན་ཡང་མང་པོ་ཡོད། དེ་ལྟ་ནའང་དད་མོས་རང་སྟེང་ནས་རི་ལྷར་གནའ་ནས་ད་ལྟའི་བར་དུ་མིའི་འདུ་ཤེས་འཛིན་སྟངས་ཀྱི་འགྱུར་བའི་ཁྲོད་ན། དུས་ཀྱི་འགྲོས་དང་བསྟུན་ནས་དད་མོས་ཀྱི་སྣང་ཚུལ་མི་འདྲ་བ་དང་དུས་སྐབས་སོ་སོའི་མིའི་བསམ་པའི་དགོས་དབང་ལ་འགྱུར་བ་སྣ་ཚོགས་བྱུང་སྟབས།ལྷ་ཆེན་དེའི་རང་ངོས་ཀྱི་རྣམ་པའམ་དད་ལྡན་མང་ཚོགས་རྣམས་ཀྱི་དད་པའི་སེམས་ཁམས་ཀྱང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་ངེས་ཅན་ཞིག་བྱུང་ཡོད། གཤམ་དུ་ལྷ་ཆེན་ཡར་ལྷ་ཤམ་པོའི་དུས་སྐབས་མི་འདྲ་བའི་དད་ལྡན་མང་ཚོགས་ཀྱི་བསམ་པའི་འགྱུར་བ་ཡི་འཕེལ་འགྱུར་ལ་བརྟེན་ནས་ཡར་ལྷ་ཤམ་པོའི་དད་མོས་རིག་གནས་ཀྱི་བྱུང་འཕེལ་ཙམ་ཞིག་གླེང་ན།

1.གནོད་འཚེ་འགོག་པའི་སྐྱབས་མགོན་དུ་བཀུར་བ།

སྔོན་གྱི་གཏམ་དཔེར་མི་དང་ལྷ་གཉིས་སྐྱིད་སྡུག་གཅིག་ཅེས་པའི་དཔེ་ལྟར། སྔོན་གྱི་དུས་སུ་མི་རྣམས་རང་བྱུང་ཁམས་ལས་རྣམ་པར་རྒྱལ་མ་ཐུབ་པ་དང་རང་བྱུང་ཁམས་ཀྱི་འབྲེལ་ཡོད་ཤེས་བྱ་དབུལ་བའི་དབང་གིས་རང་ཡུལ་དུ་སེར་བ་ཆུ་ལོག་དང་གངས་སྐྱོན་སོགས་རང་བྱུང་གནོད་འཚེ་བྱུང་དུས་དེ་དག་ཡུལ་ལྷ་གཞི་བདག་ཁྲོས་ནས་གནོད་འཚེ་བྱེད་པར་ངོས་འཛིན་ལ། དེར་བརྟེན་ནས་ཡུལ་ལྷ་གཞི་བདག་རྣམས་རང་གི་སྐྱབས་མགོན་དུ་ངོས་བཟུང་བའི་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་དེ་དག་བྱུང་ཡོད། དེ་ཡང་ཡུལ་མི་རང་ཉིད་ཀྱི་ངོས་ནས་བཤད་ནའང་རང་ཉིད་ཀྱི་ལུས་ལ་ནད་དང་གནོད་འཚེ་སོགས་བྱུང་ཚེ་དེ་དག་ཐམས་ཅད་ལྷ་རྣམས་ཁྲོས་པའི་རྐྱེན་གྱིས་རེད་ཅེས་སྨྲ་བཞིན་ཡོད། དེ་ཡང་སྐབས་དེར་མི་རྣམས་ཀྱིས་གནོད་འཚེ་དེ་དག་འགོག་ཐབས་ལ་དཔེར་ན། སྡེ་བརྒྱད་གསེར་སྐྱེམས་དང་ལྷ་སྲུང་བརྒྱག་བརྔན་སོགས་འདོན་པར་མ་ཟད།རི་སྟེང་དུ་བསང་གསོལ་དང་རི་ལ་སྐོར་བ་རྒྱག་སྲོལ་ཡོད། ལྷག་པར་དུ་ལྷ་ཆེན་ཡར་ལྷ་ཤམ་པོར་ཆ་མཚོན་ན།ཆེས་དམིགས་བསལ་གྱི་གསོལ་མཆོད་འདི་ནི་སྐོར་བ་འདི་ཡིན་པས། མི་རྣམས་ལོ་རེའི་ཟླ་ལྔ་པར་ཡར་ལྷ་ཤམ་པོར་སྐོར་བ་བྱས་ནས་རང་ཉིད་ལ་ནད་དང་མུ་གེ། འཁྲུག་རྩོད་སོགས་ཞི་བ་དང་། ཚེ་དང་བསོད་ནམས་རྒྱས་པ། ཁམས་གསུམ་དབང་དུ་འདུ་བ་སོགས་སྒོ་གསུམ་གུས་པས་སྨོན་ལམ་འདེབས་པ་སོགས་ཀྱི་འདུ་ཤེས་ཀྱི་རིག་གནས་དག་ཐོག་མར་དར་བ་རེད།

2.ཡུལ་ལྷ་གཞི་བདག་ཡབ་མེས་སུ་བཀུར་བ།

རྗེས་སུ་ཡུལ་ལྷ་དེ་རྣམས་ནི་ཡུལ་མི་རྣམས་ཀྱི་གནོད་འཚེ་འགོག་པའི་གཉེན་པོ་ཞིག་ཏུ་ངོས་འཛིན་པའི་ལྟ་བར་འགྱུར་ལྡོག་བྱུང་ནས་རང་ཉིད་ཀྱི་ཡབ་མེས་ཀྱི་འབྱུང་ཁུངས་ལྟ་བུར་ངོས་འཛིན་བྱེད། དེ་ཡང《མདའ་དང་འཕང》ལས།“བོད་ཀྱི་བཙན་པོའི་ཐོག་མ་གཉའ་ཁྲི་དང་ལྷ་དགུ་པོ་རྣམས་ནི་སྤུན་མཆེད་ཡིན་ལ་ཁོང་ཚོའི་འབྱུང་ཁུངས་ནི་ལྷ་རྒྱུད་ཅིག་རང་ཡིན”[5]ཞེས་པ་ལྟར་རྒྱལ་པོའི་ཐོག་མ་དེ་ནི་ཕྱ་ལྷ་ཡབ་ལྷ་བདལ་ཕྲུག་གི་ཚ་བོ་ཡིན་ཚུལ་དང་། ལྷ་དགུ་པོ[6]ནི་ཕྱ་ལྷ་ཡབ་ལྷ་བདལ་ཕྲུག་གི་ཚ་བོ་ཡིན་ཚུལ་བརྗོད་སྲོལ་ཡོད་པ་སོགས། གནོད་འཚེ་འགོག་པའི་སྐྱབས་མགོན་དུ་བཀུར་བ། བོད་ཀྱི་ཆེས་གནའ་བོའི་རྒྱལ་པོ་རྣམས་དང་ཡུལ་ལྷའི་དབར་གྱི་འབྲེལ་བ་དེ་ཕ་རྒྱུད་ཀྱི་ཐོག་ནས་མཚོན་པར་བྱས་ཡོད་ཅིང་། དེ་ལྟར་ལྷ་ཆེན་ཡར་ལྷ་ཤམ་པོ་འདི་ཉིད་ཀྱང་དད་ལྡན་མང་ཚོགས་རྣམས་ཀྱིས་ཡབ་མེས་ཀྱི་འབྱུང་ཁུངས་ལྟ་བུར་བརྩིས་ནས་དད་པ་བྱེད་པའི་འདུ་ཤེས་རིག་གནས་ཤིག་ཏུ་འཕེལ་རྒྱས་ཕྱིན་ཡོད།

3.ནང་བསྟན་སྲུང་མར་བཀུར་བ།

སྤྱི་ལོའི་དུས་རབས་བརྒྱད་པར། ཨོ་རྒྱན་གྱི་གྲུབ་ཐོབ་གྲགས་ཅན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་བལ་གྱི་གཞི་བདག་མང་པོ་ཞིག་དམ་འདོགས་མཛད་ཅིང་། བོད་དུ་ཕེབས་སྐབས་དང་ཕེབས་རྗེས་སུ་བོད་ཀྱི་ས་གནས་གཞི་བདག་དྲག་རྩལ་དང་གདུག་རྩུབ་གང་མང་ཞིག་དམ་འདོགས་བཀའ་བསྒོ་མཛད་ཡོད་པ་ལས་སློབ་དཔོན་གྱིས་ཡར་ལྷ་ཤམ་པོ་དམ་ལ་བཏགས་ཚུལ་ནི།《པདྨ་བཀའ་ཐང》ལས།“དེ་ནས་ཤམ་པོ་ལུང་དུ་བྱོན་ཙ་ན༔ ཤམ་པོས་གཡག་དཀར་རི་ལོགས་ཙམ་ཞིག་སྤྲུལ༔ ཁ་རླངས་སྣ་རླངས་ཁ་བ་བུ་ཡུག་འཚུབས༔ སློབ་དཔོན་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང་༔ ཞགས་པས་བཟུང་ནས་ལྕགས་སྒྲོག་དམ་པར་བཅུག༔ དྲིལ་བུའི་ཕྱག་རྒྱས་ལུས་སེམས་བཙོགས་པ་ཡིས༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཉེར་ཁ་གཏད༔ དེ་ནས་སྐུ་གཉན་ཐང་ལྷས་ཉམས་སད་ཕྱིར༔ མགོ་བོ་གྲུ་གུའི་ཡུལ་དུ་སླེབས་པ་ལ༔ གཞུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བརྐྱངས༔ སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པ་ལ༔ སློབ་དཔོན་སྦྲུལ་གྱི་རྐེད་པར་ཕྱག་འཁར་བཙུགས༔ ཀླུ་ཡི་རྒྱལ་པོ་ནེའུ་ལེ་ཐོད་དཀར་ཁྱོད༔ དྲི་ཟའི་རྒྱལ་པོ་ཟུར་པས་གངས་ཞུ་ནས༔ རྩེ་མོ་ནག་ཟང་གཡའ་སྔོན་ཉིལ་གྱིས་བྱུང་༔ མ་བཟོད་ཞལ་བཟང་སྣ་ཚོགས་ཚོགས་འཁོར་དྲངས༔ བྱིས་པ་གཡུ་ཡི་ཟུར་ཕུད་ཅན་དུ་འགྱུར༔ དར་དཀར་རས་གུ་ཞིག་གྱོན་ཕྱག་སྐོར་བྱས༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཉེར་ཁ་གཏད༔ གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་གསོལ”[7]ཞེས་པ་ལས་ལྷ་ཆེན་ཡར་ལྷ་ཤམ་པོ་དེ་ཉིད་སངས་རྒྱས་ཆོས་ལུགས་ཀྱི་ཆོ་ག་སྤེལ་ནས་དམ་ལ་བཏགས་པས། ལྷ་ཆེན་དེ་ཉིད་ཀྱིས་ཀྱང་ཕྱིན་ཆད་ཆོས་སྐྱོང་བྱ་རྒྱུའི་ཁས་ལེན་དམ་བཅའ་བཞག་སྐད། ལྷ་འདི་ཕྱིས་སུ་ཆོས་སྐྱོང་དུ་བསྟེན་པར་མ་ཟད། དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་གྲས་སུའང་སྒྲིག་པའི་སྲོལ་ཆགས་ཡོད་པ་ནི་གོང་མ་གཉིས་ཀྱི་སྟེང་དུ་དུས་རབས་དེ་དང་སྦྲགས་ནས་ངོས་འཛིན་གོང་དུ་འཕེལ་ནས་ལྷ་ཆེན་དེ་ནང་པའི་བསྟན་པ་སྲུང་བའི་སྲུང་མའི་ངོ་བོར་གྱུར་ནས་འགྲོ་དོན་བྱེད་པར་ངོས་འཛིན་པ་རེད།

གསུམ་པ། ཡར་ལྷ་ཤམ་པོའི་དད་མོས་རིག་གནས་ཀྱི་བྱེད་ནུས་སྐོར།

1.རིག་གནས་དེས་འདུ་ཤེས་ལ་ཐེབས་པའི་བྱེད་ནུས།

《མདའ་དང་འཕང》ལས། “ཡུལ་ལྷ་གསོལ་བ་ཞེས་པ་ནི་ཡིག་ཐོག་ཏུ་མ་འཁོད་པའི་ལྷ་གསོལ་བའི་སྲོལ་རྒྱུན་རིག་གནས་རྩ་ཆེན་ཞིག་ཡིན་པ་དང་ལྷག་པར་དུ་རིག་གནས་འདི་མི་སྐྱ་དང་འབྲེལ་བ་ཆེས་ཆེར་ལྡན་པའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན”[8]ཞེས་པ་ལྟར་མི་སྐྱ་དང་འབྲེལ་བ་ཆེས་ཆེར་ལྡན་པའི་རིག་གནས་ཀྱི་གྲུབ་ཆ་འདིས་བོད་མིའི་འདུ་ཤེས་ཐད་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་ཡོད། དེ་ཡང་ཡར་ལྷ་ཤམ་པོ་ལྟ་བུར་ཆ་མཚོན་ནས་བཤད་ན་ཡང་མི་རྣམས་ལྷ་འདིར་དད་མོས་བྱེད་དགོས་པའི་རྒྱུ་མཚན་ཡང་རང་ཉིད་བདེ་བ་འདོད་ཅིང་། སྡུག་བསྔལ་མི་ཡོང་བའི་ཆེད་ཡུལ་ལྷ་འདིར་གསོལ་མཆོད་བྱེད་ཅིང་། དེར་བརྟེན་ཡུལ་མིས་ཡུལ་ལྷ་འདི་རྣམས་རང་ཉིད་ཀྱི་མི་ཚེའི་ཁ་ལོ་བསྒྱུར་ཐུབ་པའི་དེད་དཔོན་ལྟ་བུ་ཞིག་ཏུ་འཛིན་པ། གལ་སྲིད་ཡུལ་ལྷར་གསོལ་མཆོད་ཡག་པོ་བྱས་ནས་ཚེ་འདི་སྐྱིད་པོ་ཞིག་བྱུང་ན་རང་ཉིད་ཀྱི་ཡུལ་ཙམ་མ་ཟད་འདིར་གནས་པའི་མི་ཚང་མར་བདེ་སྐྱིད་ཕུན་ཚོགས་ཡོང་རྒྱུ་ཡིན་པ་དང་། གལ་སྲིད་ཡུལ་ལྷ་ཁྲོས་པར་གྱུར་ན། སད་སེར་དང་མུ་གེ། ནད་ཡམས་སོགས་ཕབ་ནས་ལོ་ཏོག་སོགས་བཅོམ་ཞིང་གནོད་འཚེ་བྱེད་པར་འདོད། དེའི་རྐྱེན་པས་ཡུལ་ལྷ་དེ་རྣམས་ཁྲོས་པར་མི་འགྱུར་བ་ལ་ཚོ་པའམ་ཡུལ་གྲུ་ནང་ཁུལ་དུ་ཞི་འཇམ་འཁྲུག་རྩོད་མི་ཡོང་བ་དང་། འཆམ་མཐུན་ཁོར་ཡུག་ཅིག་དང་། ལས་རྒྱུ་འབྲས་དང་མཐུན་པའི་ལས་ཤ་སྟག་བྱེད་དགོས་པའི་རྐྱེན་གྱིས་ཡུལ་དེའི་མི་རྣམས་ཀྱིས་རང་ཉིད་ཀྱི་ལས་གང་བྱས་ཀྱང་ཡུལ་ལྷས་མཐོང་ཐུབ་པར་བསམས་ནས་ཡུལ་འདིར་གནས་བཅའ་བའི་ཡུལ་མི་རྣམས་ཀྱིས་དགེ་བའི་ལས་བྱེད་པ་ལས། ལས་རྒྱུ་འབྲས་དང་བྲལ་བའི་སྡིག་པའི་ལས་ནི་ཅི་ཡང་བྱ་མི་རུང་བའི་རིན་ཐང་ལྟ་བ་ཞིག་སེམས་ཀྱི་གཏིང་དུ་བརྟན་པོར་གནས་ཡོད་པ་དེས་སྤྱི་ཚོགས་བདེ་འཇགས་དང་ཞི་མཐུན། དགེ་སྡིག་བླང་དོར་ཁ་གསལ་ཡོང་བའི་རྒྱུ་རྐྱེན་དུ་གྱུར་ཡོད།

2.ཁོར་ཡུག་སྲུང་སྐྱོབ་ལ་ཐེབས་པའི་ཤུགས་རྐྱེན།

ཡུལ་གྲུ་སོ་སོར་རང་རང་གི་སྣོད་བཅུད་དམ་ཁོར་ཡུག་ལ་རང་རང་གི་ཁྱད་ཆོས་དང་དགེ་མཚན་རེ་ཡོད། ལྷག་པར་དུ་འཛམ་གླིང་ས་ཡི་རྩེ་མོ་ན་མངོན་པར་མཐོ་བའི་ཡར་ལྷ་ཤམ་པོའི་མཐའ་འཁོར་རི་བོ་དང་ལུང་གཤོངས་དག་ན།“གངས་ལྷ་མེ་ཏོག་དང་། གང་གཱའི་ཆུ། ཨ་བི་ཥ། སྲོ་ལོ་དམར་པོ། སྤང་རྒྱན་སྔོ་དཀར་ཁྲ་གསུམ། དབྱར་རྩྭ་དགུན་འབུ། བོང་ང་། ཨ་ཀྲོང་། སྤང་སྤོས། འཁན་པ། གསེར་སྐུད། རི་བཙོང་། སེར་ཤ དཀར་ཤ སྦ་མ། བ་ལུ། སུ་རུ། སྤེན་མ། མཚེ་ལྡུམ། སོ་མ། སེ་བ། ཚེར་མ། གླང་མ་སོགས་ཀྱི་སྔོ་སྨན་དང་རྩི་ཤིང་རིགས་སྣ་ཚོགས་དང་། རྐྱང་དང་། གཉན། དགོ་བ། གླ་བ། གནའ་གཡག་སོགས་རི་དྭགས་དང་གཅན་གཟན”[9]ལ་སོགས་དང་ལྡན་པའི་དགེ་མཚན་ཁྱད་དུ་འཕགས་པའི་རང་བྱུང་ཁོར་ཡུག་གི་སྲུང་སྐྱོབ་ཐད་ལ་ཡུལ་ཡར་ཀླུང་དུ་གནས་པའི་ཡུལ་མི་རྣམས་ཀྱི་གནའ་རབས་ཀྱི་ལུགས་སྲོལ་དང་མཐུན་པའི་སྒོ་ནས་མི་རབས་ནས་མི་རབས་བར་དུ་གནས་འདིར་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཆེད་དུ་རྩྭ་དང་རྩི་ཤིང་། ཆུ་དང་རི་རྣམས་ལ་ལྷ་ཀླུ་གཉན་གསུམ་སོགས་གང་རུང་གནས་པ་དང་བདག་པོ་ཡོད་ཟེར་ནས་དེ་དག་ལ་ཕོག་ཐུག་གམ་གནོད་པ་ཤོར་ན་མི་ལ་ན་ཚ་དང་ཕྱུགས་ལ་ཡང་གོད་ཁ་སོགས་མི་འདོད་པ་སྣ་ཚོགས་བྱུང་རབས་སོགས་རྒྱུན་དུ་དམངས་ཁྲོད་ཀྱི་ངག་རྒྱུན་དུ་གནས་ཤིང་། ལྷ་སྒྲུང་རང་བཞིན་གྱི་རྣམ་པ་དེ་བདེན་རྫུན་ཡིན་མིན་གང་ཡིན་ཡང་། དེ་དག་གིས་ཐོན་པའི་ནུས་པ་ལས་ལྷ་ཀླུ་གཉན་གསུམ་གང་གནས་པའི་སར་བོད་མི་རྒན་དར་གཞོན་གསུམ་ཚང་མས་དེ་ལ་བཀུར་བསྟི་བྱེད་པ་ལས་གནོད་པའི་ལས་ནི་ཅི་ཡང་མི་བྱ། ཡུལ་ལྷ་གཞི་བདག་རྣམས་གནས་པའི་མཚོ་དང་མཚེའུ། རི་དང་རྩྭ་ཐང་སོགས་ནས་གཏེར་ཁ་འདོན་པ་དང་རྩི་ཤིང་གཅོད་པ། སེམས་ཅན་རྣམས་ཀྱི་སྲོག་གཅོད་པ་སོགས་ཁོར་ཡུག་ལ་གཏོར་སྐྱོན་གྱི་ལས་ནི་རྩ་བ་ནས་མི་སྤེལ་ཅིང་། རྒྱུ་མཚན་ནི་སེམས་ཅན་དེ་དག་ནི་ཡུལ་ལྷ་གཞི་བདག་རྣམས་ཀྱི་སྒོ་ཕྱུགས་དང་། དེ་མིན་རྩྭ་དང་རྩི་ཤིང་། མཚོ་དང་མཚེའུ། ས་རྡོ་ཚང་མ་གཞི་བདག་ལ་དབང་བའི་རྒྱུ་ནོར་དུ་འདོད་ཀྱིན་ཡོད་པས་སོ། །དེ་ལྟར་ཡུལ་ལུང་སོ་སོའི་ལྷ་ཀླུ་གཞི་བདག་ལ་བསྙེན་ཅིང་བཀུར་བ་དེས་ཀྱང་ཡུལ་དེ་གའི་ཁོར་ཡུག་དོ་སྙོམས་པར་ཕན་པ་ཆེན་པོ་བྱུང་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་ཡིན་ཏེ། སྲོག་ཆགས་རྣམས་ལ་གནོད་འཚེ་མི་བྱེད་པ་དང་། མཚོ་མཚེའུ་སོགས་ལ་སྦགས་བཙོག་མི་བཟོ་བར་རང་ཉིད་དང་ཁོར་ཡུག་བར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཆ་སྙོམས་པར་འཇོག་པ་སོགས་ཀྱིས་འཛམ་གླིང་ཧྲིལ་པོའི་སྐྱེ་ཁམས་དོ་མཉམ་ཐད་མཛད་རྗེས་ཆེན་པོ་བཞག་ཡོད།

དེ་ཡང་ཡར་ལྷ་ཤམ་པོའི་དད་པ་ནི་ཡུལ་ཡར་ཀླུང་དུ་གནས་པའི་ཆུང་བྱིས་པ་ཡན་ཆད་ནས་རྒན་མགོ་དཀར་མན་ཆད་བར་དུ་ཞེ་ལ་སིམ་ཞིང་བློ་ལ་བྱང་བ་ཞིག་ཡིན། དེས་ན་ལྷ་ཆེན་ཡར་ལྷ་ཤམ་པོ་བསྟེན་པའི་ལུགས་སྲོལ་འདིས་ཡུལ་ཡར་ཀླུང་ཙམ་མ་ཟད་མཐའ་འཁོར་དུ་གནས་པའི་ཡུལ་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་གྲུབ་ཆ་གལ་ཆེན་ཞིག་ཟིན་ཡོད། ཆོས་དད་འདུ་ཤེས་ལྡན་ཞིང་འཚོ་བར་སྤྲོ་སྣང་ལྡན་པའི་ཡུལ་ཡར་ཀླུང་གི་ཡུལ་མི་གཙོས་མཐའ་འཁོར་དུ་གནས་པའི་ཡུལ་མི་རྣམས་ཀྱིས་ལོ་རེའི་དུས་ཚིགས་ག་གེ་མོ་དང་ཉིན་སྐར་ག་གེ་མོ་ལ་རླུང་རྟ་སྤུར་བ་དང་། ལྷ་བསང་གཏོང་བ། གངས་སྐོར་དུ་འགྲོ་བ། དར་ཚོན་སྣ་ལྔའི་དར་མདུང་སློང་བ། དེ་དང་འབྲེལ་བའི་འདོན་པ་སྐྱོར་བ་དང་བཅས་ཏེ་དག་སྣང་གི་སྦྱོར་བ་བརྟན་པོ་ཞིག་གི་སྒོ་ནས་ལྷ་ཆེན་ཡར་ལྷ་ཤམ་པོར་མཆོད་པ་བགྱི་བའི་རྒྱུན་སྲོལ་འདི་མུ་ནས་མུ་རུ་སྐྱོང་བཞིན་ཡོད་ལ། གདོད་མའི་དུས་ནས་བོད་ལ་གནས་བཅའ་བའི་རིག་གནས་སྣང་ཚུལ་འདི་བོད་ཀྱི་གནའ་རབས་ཤེས་རིག་ཙམ་མ་ཟད་དེང་གི་ཤེས་རིག་ལ་ཡང་རྒྱུས་མངའ་ཡོང་ཆེད་ཀྱི་འགྱུར་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད་དོ། །

[1] མཁས་པ་ལྡེའུ། ལྡེའུ་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ229

[2] སླེ་ལུང་བཤད་པའི་རྡོ་རྗེ། དམ་ཅན་བསྟན་སྲུང་གི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ཤ56

[3] བྱམས་པ་བསྟན་འཛིན། ཤམ་པོའི་ཁ་རླངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ42

[4] མཁར་རྨེའུ་བསམ་གཏན། མདའ་དང་འཕང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ359

[5] མཁར་རྨེའུ་བསམ་གཏན། མདའ་དང་འཕང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ359

[6] འོ་དེ་གུང་རྒྱལ། ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། སྒྱོགས་ཆེན་ལྡོང་ར། རྨ་ཆེན་སྦོམ་ར། ཇོ་བོ་གཡུལ་རྒྱལ། ཞོགས་ལྷ་རྒྱུག་པོ། ཤེའུ་ཁ་རག གནོད་སྦྱིན་གངས་བཟང་།

[7] པདྨ་བཀའ་ཐང་། ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ཞིང་དམ་ལ་བཏགས་པའི་སྐོར། སི་ཁྲོན་པར་མ། ཤ367

[8] མཁར་རྨེའུ་བསམ་གཏན། མདའ་དང་འཕང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ323

[9] བྱམས་པ་བསྟན་འཛིན། ཡར་ལྷ་ཤམ་པོའི་གནས་ཡིག་དྭངས་གསལ་མེ་ལོང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ18

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།